དབུལ་ཐར་ཕྱུག་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱས་པས་ཆུ་སྐྱ་སྡེ་བའི་བདེ་སྐྱིད་ཀྱི་འཚོ་བ་རོལ།
2017.09.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཉེ་ལམ། གསར་འགོད་པ་གུང་ཧོ་རྫོང་མཁར་ནས་རླངས་འཁོར་ལ་བསྡད་དེ་དུས་ཚོད་གཉིས་ཙམ་སོང་རྗེས་ཆོས་རྗེ་ཞང་ཆུ་སྐྱ་སྡེ་བར་ཐོན།

འབྲས་ལྡན་སྟོན་གྱི་དུས་ཚིགས་འདིར་རྩྭ་ཐང་གི་ནམ་ཟླ་ཅུང་འཁྱག་ལ། ད་ལྟ། སྡེ་དམངས་རྣམས་ཀྱི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ཡོད། མིག་མདུན་གྱི་འཚོ་བ་གསར་བ་གླེང་སྐབས། འབྲོག་པ་ཚེ་ཐར་འབུམ་གྱིས་རང་གི་དོན་དག་གལ་ཆེན་འགའ་བཤད་བྱུང་། སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་མ་རྐང་བཞག་ནས་ལོ་རེར་ཡོང་སྒོ་བགོ་བཤའ་རྒྱག་རྒྱུ་ཡོད་པ། ཟླ་དྲུག་པའི་ནང་སྡེ་སྡོད་ལས་བྱེད་ཀྱི་མཚམས་སྦྱོར་འོག བརྟན་འཇགས་ཀྱི་བྱ་བ་རྙེད་པ་དང་། ཟླ་རེར་སྒོར་སྟོང་གསུམ་གྱི་བརྟན་འཇགས་གླ་ཕོག་ཡོད་པར་གྱུར།

སྡེ་སྡོད་ཧྲུའུ་ཅི་དང་པོ་ཚེ་དབང་གི་བཤད་པ་ལྟར་ན། འདི་ནི་གཞི་རིམ་འབྲོག་ཁུལ་གྱི་དམངས་ཚིས་ལེགས་བཅོས་བྱས་པའི་གྲུབ་འབྲས་རེད་ཟེར།

དོན་དངོས་སུ། 1999ལོར། ཆུ་སྐྱ་སྡེ་བ་ནི་མིང་གྲགས་ཅུང་ཡོད་པའི་སྡེ་བ་ཞིག་རེད། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བ་ཡིན་པའི་ཆ་ནས། ཆུ་སྐྱ་སྡེ་བའི་མི་རྣམས་ཀྱིས་ལྗིད་ཏིག་ཏིག་གི་གནོན་ཤུགས་ཏེ་འཁུར་ཡོད།

“ལོ་བཅུ་ཕྲག་འགའི་རིང་ལ་རང་བྱུང་གནོད་འཚེ་ཡི་ཤུགས་རྐྱེན་འོག ཕྱུགས་རྩྭའི་སྐྱེ་སྟོབས་མི་བཟང་ལ། རྩྭ་ས་ཇེ་ཞན་དུ་གྱུར་བ་དང་ཕྱུགས་ཕྲུག་གསོན་ཚད་ཅུང་དམའ་བ། ཕྱུགས་ཟོག་ཤི་ཚད་ཇེ་མཐོར་སོང་བས། འབྲོག་པ་མང་པོ་ཞིག་སྒོ་ཕྱུགས་མེད་པའི་ཁྱིམ་ཚང་དུ་གྱུར། སྡེ་བའི་ནང་གི་ཕྱུགས་ལས་འཕེལ་རྒྱས་དལ་བ་དང་། དབུལ་ཐར་བྱེད་པའི་སྒུལ་ཤུགས་ཀྱིས་མི་འདང་བས། དབུལ་ཕོངས་ཁྱིམ་ཚང་གི་ཁྲོད་དུ་ངལ་རྩོལ་པ་ཧ་ཅང་ཉུང”ཞེས་ཚེ་དབང་གིས་དེ་ལྟར་མཚམས་སྦྱོར་བྱས།

2015ལོར། སྡེ་བ་ཡོངས་ཀྱི་རུ་ཁག་ལྔའི་ཁྱིམ་ཚང་ལྔ་བརྒྱ་དང་བཅུ་གསུམ་གྱི་ཁྲོད་གཏན་འཁེལ་བྱས་པའི་དབུལ་ཕོངས་ཀྱི་ཁྱིམ་ཚང་གོ་གསུམ་ཡོད།

དམངས་ཚིས་བྱ་བ་ལག་བསྟར་བྱས་རྗེས། འགྱུར་ལྡོག་ག་འདྲ་ཞིག་བྱུང་ཡོད་དམ། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་འཇིགས་མེད་རྒྱ་མཚོ་དགོད་ཞོར་དུ་བཤད་རྒྱུར། གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཟེར།

ཆུ་སྐྱ་སྡེ་བ་རུ་བརྒྱ་ཆའི་དྲུག་ཅུ་ནི་སྒོ་ཕྱུགས་མེད་པའི་ཁྱིམ་ཚང་རེད། མང་ཚོགས་དེ་དག་ལ་མཚོན་ནས་བཤད་ན། འཚོ་བའི་ཆ་རྐྱེན་ཞན་ལ། སྡོད་ཁང་གི་ཆ་རྐྱེན་མྱུར་དུ་ལེགས་བཅོས་བྱེད་དགོས་པ་དང་། ཆུ་གློག་ལམ་གྱི་གནད་དོན་མྱུར་དུ་ཐག་གཅོད་བྱེད་དགོས།

2016ལོར། ཆུ་སྐྱ་སྡེ་བ་ས་གནས་གཞན་ལ་གནས་སྤོར་བའི་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་པ་དང་། དབུལ་ཕོངས་ཁྱིམ་ཚང་གོ་གསུམ་ཁོངས་སུ་གཏོགས་པའི་ཁྱིམ་ཚང་བརྒྱ་དང་གྱ་ལྔ་གཅིག་བསྡུས་སྒོས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཉེ་འགྲམ་དུ་གནས་སྤར་ལ། ཁྱིམ་ཚང་རེ་རེར་མུས་གྲུ་བཞི་མ་བརྒྱད་ཅུ་ཅན་གྱི་ཁང་གསར་ལས་པ་དང་། འགྲིམ་འགྲུལ་གྱི་ཆ་རྐྱེན་དང་འཐུང་ཆུའི་ཆ་རྐྱེན། གློག་གི་ཆ་རྐྱེན་ཚང་མ་མངོན་གསལ་སྒོས་ལེགས་བཅོས་ཆེན་པོ་ཐོབ།

འབྲོག་པ་བསོད་ནམས་དར་རྒྱས་ནི་སྡེ་བའི་ནང་གི་ཆེས་ཨུ་ཚུགས་ཆེ་བའི་མི་ཞིག་ཡིན། ཁྱིམ་ཚང་གནས་སྤོར་མ་བྱས་སྔུན་གྱི་ཁང་རྙིང་དུ་སྡོད་པའི་འཚོ་བ་ཧ་ཅང་སྐྱོ་བོ་ཡིན་ལ། ཆར་རླུང་གི་རྒྱུ་བ་མི་ཁོག་པའི་གནས་ཚུལ་གླེང་ཚེ། ཚེ་དབང་གིས་འུ་ཐུག་གི་མགོ་བོ་གཡུག་གཡུག་བྱེད་མོད། ས་གནས་གཞན་ལ་གནས་སྤོར་དགོས་པའི་གནས་ཚུལ་བསོད་ནམས་དར་རྒྱས་ཀྱིས་ཤེས་རྗེས། ཁོ་རང་གནས་སྤོར་བར་ཡིད་འཐད་མ་བྱུང་།

སྡེ་བའི་ལས་བྱེད་ཀྱིས་ཐེངས་མང་པོར་སྐུལ་སློང་བྱས་རྗེས། མཐར་མཇུག་བསོད་ནམས་དར་རྒྱས་འཐད་པ་བྱུང་། ཁང་བ་གསར་བ་ཡོད་པར་གྱུར་བ་མ་ཟད། ཁོ་ཚང་ལྟ་བུའི་དབུལ་ཕོངས་ཁྱིམ་ཚང་གིས་རང་གྲབས་མ་དངུལ་སྒོར་ཁྲི་གཅིག་མ་གཏོགས་སྤྲོད་མི་དགོས། རོགས་སྐྱོར་དེ་འདྲ་བཟང་བོ་བྱས་པས། བསོད་ནམས་དར་རྒྱས་ཀྱིས་དབུལ་ཐར་བྱེད་པའི་རེ་བ་མཐོང་བྱུང་། ད་ལོའི་ཟླ་དགུ་བའི་ཟླ་མཇུག་ཏུ་ཁང་གསར་ནང་གནས་སྤོར་ཐུབ། འོན་ཀྱང་། ད་ལྟ་བསོད་ནམས་དར་རྒྱས་ཉིན་རྒྱུན་རང་གི་ཁང་བ་གསར་བའི་ཉེ་འགྲམ་དུ་ཡོང་ནས་སྐོར་རྒྱག་བཞིན་ཡོད།

སྡེ་བའི་རྣམ་པ་རྩ་བ་ནས་བསྒྱུར་ཆེད། མཐོ་སྒང་གི་མཛེས་པའི་ཞང་གྲོང་ལས་གཞི་ཡང་ན་ནིང་དུས་མཉམ་དུ་སྒྲུབ། ར་སྐོར་དང་སྒོ་ཆེན། ཐང་ཆེན། ཏང་ཡོན་བྱ་འགུལ་ཁང་དང་ལམ་སྒྲོན་ཚང་མ་གསར་དུ་ལས་པས། འབྲོག་པ་རྣམས་ཀྱིས་དམངས་ཚིས་ལེགས་བཅོས་ཀྱི་གྲུབ་འབྲས་རོལ་མྱོང་བྱེད་བཞིན་ཡོད།

དམངས་ཚིས་ལེགས་བཅོས་བྱེད་པ་དེ་ཁང་བ་གསར་བ་འགའ་ལས་པ་ཁོ་ན་མ་ཡིན་པར། སྡེ་དམངས་རྣམས་ལ་རང་ཉིད་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་ནུས་པ་ཡོད་དུ་འཇུག་དགོས།

“སྡེ་བ་འདིའི་ནང་དུ་སྔ་མོ་ནས་གསོ་སྤེལ་མཉམ་ལས་ཁང་ཞིག་ཡོད་པ་དང་། གཞི་ཁྱོན་ཆེ་རྒྱུ་མེད། སྡེ་བའི་ནང་གི་ཁྱིམ་ཚང་བཅུ་བདུན་གྱིས་མ་རྐང་བཞག་པ་དང་འཁོར་རྒྱུག་བྱས་པ་ཧ་ཅང་བཟང་ལ། མདུན་ལྗོངས་ཡག་པོ་ཡོད། ང་ཚོས་གྲོས་མོལ་བྱས་རྗེས་དེའི་བྱེད་ནུས་འདོན་སྤེལ་བྱས་ཏེ་དབུལ་ཕོངས་ཁྱིམ་ཚང་ལ་སྐུལ་ཁྲིད་བྱེད་དུ་འཇུག་རྒྱུ་ཡིན”ཞེས་ཚེ་དབང་གིས་གསར་འགོད་པར་དེ་ལྟར་བཤད། ང་ཚོའི་བསམ་པར་དབུལ་ཕོངས་ཁྱིམ་ཚང་ལ་མ་རྐང་འཇོག་ཏུ་འཇུག་རྒྱུ་ཡིན་མོད། འོན་ཀྱང་སྡེ་བའི་ཚོགས་ཆེན་ཐེངས་འགའ་བརྒྱུད་ནས། འབྲོག་པ་མི་ཉུང་བ་ཞིག་གིས་མ་རྐང་འཇོག་འདོད་ཡོད་པ་དང་། མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་རེད།

སྡེ་བ་ཡོངས་ཀྱི་སྡེ་མི་བརྒྱ་ཆའི་ང་གཉིས་མ་རྐང་དུ་ཞུགས། ཆ་རྐྱེན་ཡོད་པའི་འབྲོག་པ་རྣམས་ཀྱིས་ནོར་ལུག་མ་རྐང་དུ་བཞག་པ་དང་། དབུལ་ཕོངས་ཁྱིམ་ཚང་གིས་དབུལ་སྐྱོར་མ་དངུལ་ལས་གཞན་ད་དུང་རྩྭ་ས་དང་རྨོ་ཞིང་མ་རྐང་དུ་བཞག་ཆོག ནོར་ལུག་གསོ་བ་ལས་གཞན་ད་དུང་འོ་མའི་ཐོན་རྫས་ཕྱིར་བཙོང་བྱེད་བཞིན་ཡོད་ལ། རྫོང་ཕྱུགས་ལས་ཅུའུ་དང་ཉོ་འཚོང་ཅུའུ་ཡིས་ཐོན་རྫས་ཕྱིར་བཙོང་གི་འབྲེལ་ལམ་སོགས་བཙལ་ནས་རོགས་སྐྱོར་བྱེད་བཞིན་ཡོད། གཞན་ད་དུང་། མཉམ་ལས་ཁང་གི་ཕྱུགས་རྩྭ་འདེབས་འཛུགས་རྟེན་གཞི་ལས་ཡོད།

མིག་སྔར། མཉམ་ལས་ཁང་དུ་ལུག་ཁྲི་གཅིག་དང་སྟོང་བདུན་ཡོད་པ་དང་། ནོར་བདུན་བརྒྱ་ལྷག་ཡོད།

འབྲོག་པ་རབ་འཕེལ་ནི་སྡེ་བའི་ནང་གི་ཕྱུགས་ཟོག་མེད་པའི་ཁྱིམ་ཚང་རེད། བཟའ་མི་དྲུག་པོའི་འཚོ་བ་ཁོ་གཅིག་པུས་ཞོར་ལས་ཀྱི་ཡོང་སྒོ་ལ་བརྟེན་ནས་རོལ་བཞིན་ཡོད། མཉམ་ལས་ཁང་དུ་ཞུགས་རྗེས། རབ་འཕེལ་གྱིས་བགོ་བཤའ་བརྒྱབ་པའི་མ་དངུལ་ལེན་ཐུབ་པར་མ་ཟད། ད་དུང་མཉམ་ལས་ཁང་གི་ཕྱུགས་རྫི་རུ་གྱུར་ཡོད་པ་དང་། ཟླ་རེར་གླ་ཕོགས་ཀྱང་སྒོར་སྟོང་གཉིས་དང་བདུན་བརྒྱ་ལེན་ཐུབ། ད་ལྟ། མཉམ་ལས་ཁང་དུ་རབ་འཕེལ་ལྟ་བུའི་ལས་བཟོ་བ་བརྒྱ་ལྷག་ཡོད།

“དབུལ་ཕོངས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་བསྒྱུར་དགོས་ན། གནད་དོན་གལ་ཆེན་ཞིག་ཐག་གཅོད་དགོས་ཏེ། དེ་ནི་ངལ་རྩོལ་པ་ཉུང་བ་དེ་རེད།” མི་འདི་དག་གི་ཁྱིམ་དུ་ལོ་ལོན་དང་ནད་པ། དབང་བོ་སྐྱོན་ཅན་སོགས་ཡོད་པས། ཕྱི་རུ་ཞོར་ལས་སུ་འགྲོ་མི་ཐུབ། དེ་བས། སྡེ་བའི་ནང་དུ་རྒན་གསོ་ཁང་ཞིག་འཛུགས་རྒྱུའི་འཆར་འགོད་ཡོད་པ་དང་། སང་ལོ་ནས་ལས་མགོ་རྩོམ་རྒྱུ་རེད་ཅེས་འཇིགས་མེད་རྒྱ་མཚོ་ཡིས་དེ་ལྟར་བཤད།

དེང་སྐབས་ཀྱི་འཚོ་བ་གསར་བ་གླེང་སྐབས། སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་སངས་དཀར་རྒྱལ་རེ་བ་དང་གསོན་ཤུགས་ཀྱིས་ཁེངས་ཤིང་ཧ་ཅང་སེམས་འགུལ་ཐེབས་པའི་སྒོ་ནས།  ང་ཚོའི་སྡེ་བའི་རྨང་གཞིའི་སྒྲིག་ཆས་ཞན་ལ་ཆ་རྐྱེན་མི་བཟང་བ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཞན། འོན་ཀྱང་། ཉེ་བའི་ལོ་འགའི་རིང་ལ། སྡེ་བའི་འགྱུར་ལྡོག་ཧ་ཅང་ཆེ་ལ། སྲིད་གཞུང་གིས་ང་ཚོའི་ལྟོ་རྒྱབ་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། དབུལ་ཐར་ཕྱུག་བསྒྱུར་བྱེད་པར་ཡང་བསམ་གཞིགས་གཏོང་བཞིན་ཡོད་པས། ང་ཚོ་འབྲོག་པ་རྣམས་ལ་སློབ་གསོ་དང་སྨན་བཅོས་ཆ་རྐྱེན་སྔར་ལས་བཟང་བོ་འདོན་སྤྲོད་བྱས་ཟེར།  

ལོ་ཙཱ་བ། ཤ་བོ་རིན་མཚོ།