གསར་འགོད་པའི་རླངས་འཁོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་ཕྱོགས་ལ་ཐོན་པ་ན། རྟ་མགྲིན་ཚེ་རིང་གིས་གསར་འགོད་པར་ང་ཚོ་ད་ལྟ་ཡོད་སའི་གནས་འདི་ནི་མཁར་ཞོལ་མ་སྡེ་བ་ཡིན་ལ། ས་འདི་བརྒལ་ཚེ་མདུན་ཕྱོགས་ནི་མཁར་གོང་མ་སྡེ་བ་རེད་ཟེར།
ཆེས་ཐོག་མར་མཁར་གོང་མ་སྡེ་བར་ཐོན་པ་ན། མིག་མདུན་དུ་ལྷགས་ཡོང་བ་ནི་གཙང་ཞིང་གྲལ་དག་པའི་ཞང་སྡེའི་གཞུང་ལམ་ཡིན་ལ། རླངས་འཁོར་སྡེ་བ་དེའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ར་བསྐོར་ནང་བསྐྱོད་པ་ན། སྡེ་མི་མང་པོ་ཞིག་གིས་སྡོང་བོ་འཛུགས་བཞིན་པ་མཐོང་། རླངས་འཁོར་ལས་བབས་པ་ན། མི་མང་པོའི་གདོང་ལ་འཛུམ་གྱིས་ཁེངས་ནས་ཧྲུའུ་ཅི་རྟ་མགྲིན་ཚེ་རིང་ལ་ལག་འཇུ་བྱས་བྱུང་། རྟ་མགྲིན་ཚེ་རིང་ལ་སྡེ་བའི་མི་རྣམས་ཀྱིས་འདི་ལྟ་བུའི་བསུ་བ་བྱེད་དགོས་དོན་གང་ཞིག་ཡིན་ནམ།
རྟ་མགྲིན་ཚེ་རིང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡིག་སྐུར་ངོ་གཏུག་ཚན་ཁག་གི་ཚན་གཙོ་ཡིན་པ་དང་། 2015ལོའི་ཟླ10བར་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་མཁར་གོང་མ་སྡེ་བར་ཡོང་ནས་ཧྲུའུ་ཅི་དང་པོའི་འགན་ཁུར་ལ། ཚང་མས་བཤད་ན་ཧྲུའུ་ཅི་དང་པོར་དབུལ་སྐྱོར་གྱི་གཏམ་རྒྱུད་ཧ་ཅང་མང་ཟེར། རྟ་མགྲིན་ཚེ་རིང་མཁར་གོང་མ་སྡེ་བར་སྡོད་པའི་ཟླ་ངོ་བཅུ་དྲུག་གི་རིང་ལ་དབུལ་སྐྱོར་མཁྲེགས་གཏོར་གྱི་གཏམ་རྒྱུད་གང་དག་ཡོད་ཅེས་ན།
ཁོང་ནི་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་ལྟ་ས་ཡིན།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་གིས་གསར་འགོད་པར། རྟ་མགྲིན་ཚེ་རིང་གི་གནས་ཚུལ་འདི་ལྟར་མཚམས་སྦྱོར་བྱས་བྱུང་། བོད་རིགས་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ལོ་ངོ་གཅིག་ལྷག་རིང་གི་བྱ་བ་བརྒྱུད་དེ། ཁོ་རང་ས་དེའི་ཧོས་རིགས་སྤུན་ཟླའི་འཚོ་བ་དང་མཉམ་འདྲེས་བྱས་ཏེ། ཕུ་ནུ་གཅེན་གཅུང་ལྟར་ཕན་ཚུན་ལ་སེམས་ཁུར་བྱས་ལ། ས་ཆ་འདི་ནི་མི་རིགས་མང་པོ་འདུས་སྡོད་བྱེད་ས་ཞིག་ཡིན་པས། ཁོས་གནས་འདི་ནས་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་ལྟ་ས་ཞིག་བཞག་ཡོད། སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་བའི་ཏང་ཡོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱིས་གོས་ཆེན་གྱི་དར་ཆ་ཞིག་གནངས་སྟེ། ཁོས་མུ་མཐུད་དུ་བྱ་བ་སྒྲུབ་པའི་རེ་བ་ཞུས། ཡིན་ནའང་། ད་ལོའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་འཐུས་ཚོགས་ཆེན་ཚོགས་ན་ཁོ་རང་ཧ་ཅང་མཁོ་གལ་ཆེ་བ་དང་། ཁོ་རང་དམངས་འཐུས་ཚོགས་ཆེན་བྱ་བའི་གྲོས་ཚོགས་ཀྱི་སྙན་ཞུ་ཡིག་བསྒྱུར་བྱེད་པར་མཁོ་བ་དང་། དམངས་འཐུས་ཚོགས་ཆེན་གྱི་འབྲེལ་ཡོད་ཡིག་ཆ་དང་ཚོགས་ཆེན་ཚོགས་པའི་དུས་མཉམ་དུ་ཡིག་བསྒྱུར་བྱེད་པའི་བྱ་བར་འགན་ཁུར་དགོས་ལ། ཁོས་རྩ་འཛུགས་ཀྱི་བཀོད་སྒྲིག་ལ་ཉན་དགོས། ད་ལོའི་ཟླ་གཉིས་པར་ཁོ་རང་ཕྱིར་སྔར་ཡོད་ཀྱི་ལས་ཁུངས་སུ་ལོག་དགོས་ཟེར།
དེང་ཐོག རྟ་མགྲིན་ཚེ་རིང་གི་བྱ་བའི་ནུས་ཤུགས་ཆེ་བ་དང་། གློག་ཀླད་ལ་བྱང་ཆ་ལྡན་པ། སྐད་རིགས་གཉིས་ཀྱི་ཆུ་ཚད་མཐོ་བ། སྲིད་ཇུས་འགྲེལ་བརྗོད་བྱས་པ་གནད་ལ་འཁེལ་བས། ཁོ་རང་དབུལ་སྐྱོར་གནས་གཏན་ཁེལ་སྡེ་བར་མངགས་ནས་ཧྲུའུ་ཅི་དང་པོའི་འགན་ཁུར་དུ་བཅུག ལོ་ངོ་གཅིག་ལྷག་གི་རིང་ལ། ཁོས་མང་ཚོགས་དང་འབྲེལ་འདྲིས་ཟབ་མོ་བྱས་པ་དང་། རང་གི་ལས་གནས་བརྟན་སྲུང་བྱས་ཏེ་བྱ་བ་མང་པོ་སྒྲུབ་ལ། རང་གི་ནུས་པའི་བྱ་བ་ཐམས་ཅད་རང་ཉིད་ཀྱིས་ཐག་གཅོད་བྱེད་ཅི་ཐུབ་བྱས་ལ། རང་གཅིག་པུས་སྒྲུབ་མི་ཐུབ་པ་རྣམས་འབྲེལ་ཡོད་མགོ་ཁྲིད་དང་མཉམ་འབྲེལ་དང་མཐུན་སྦྱོར་བྱས་ནས་ཐག་གཅོད་བྱས་པས། དུས་ཡུན་ཐུང་ཐུང་གི་རིང་ལ་དོན་དག་མང་པོ་ཞིག་སྒྲུབ་པ་དེ་ནི་ལས་སླ་མོ་ཞིག་ག་ལ་ཡིན།
བྱ་བའི་གྲུབ་འབྲས་ཧ་ཅང་བཟང་བས། རྟ་མགྲིན་ཚེ་རིང་གཅན་ཚ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་དང་། ཁམས་ར་གྲོང་རྡལ་ཏང་ཨུ་ཡིས་ཉིས་སྟོང་བཅུ་དྲུག་ལོའི་ཕུལ་བྱུང་གཞུང་ཞབས་པར་བདམས།
ཁོང་ནི་བློ་སེམས་བརྟན་པོའི་ལས་བྱེད་པ་ཞིག་ཡིན།
ཁམས་ར་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་མཱ་ཅེན་མེན་གྱིས་འདི་ལྟར་བཤད་བྱུང་། རྟ་མགྲིན་ཧྲུའུ་ཅི་ནི་དཀའ་ངལ་ལ་གདོང་གཏོད་ཐུབ་པ་དང་། བརྩེ་སེམས་ལྡན་པའི་ལས་བྱེད་པ་ཞིག་རེད། ཁོས་ཟླ་གཅིག་རིང་གི་དུས་ཡུན་ཐུང་ཐུང་བེད་སྤྱད་དེ་སྡེ་བའི་གནས་ཚུལ་སྤྱི་ལ་རྒྱུས་ལོན་དང་། དམངས་ཀྱི་འདོད་བློ་ཤེས་པར་བྱས་ལ། གནད་ལ་ཁེལ་བའི་སྒོ་ནས་དུས་རིམ་སྔོན་མའི་བྱ་བ་ངེས་པར་བྱས་པ་དང་། ཚོང་ལས་གཉེར་ས་ཞིག་མཐུན་སྦྱོར་དངོས་འབེབ་དང་། དབུལ་སྐྱོར་མ་དངུལ་མང་པོ་བརྩོན་ལེན་བྱེད་པར་མཐུན་སྦྱོར་བྱས་ལ། ལྷག་པར་དུ་ཁོ་ས་ཆ་འདིར་ཡོང་བ་ནས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་པ་དང་ལམ་ལུགས་སོ་སོ་འཐུས་ཚང་དུ་བཏང་སྟེ། རྗེས་ཕྱོགས་ཀྱི་བྱ་བ་སོ་སོར་རྨང་གཞི་བཏང་ལ། དེར་གྲོང་རྡལ་ཏང་ཨུའི་མགོ་ཁྲིད་པས་ཁས་ལེན་དང་རྒྱབ་སྐྱོར་ཐོབ། ལོ་དེར་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་པས་ད་དུང་རྟ་མགྲིན་ཚེ་རིང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཕུལ་བྱུང་མགོ་ཁྲིད་པར་བདམས་ཟེར།
རྟ་མགྲིན་ཚེ་རིང་གིས་མཁར་གོང་མ་སྡེ་བར་སློབ་གྲྭ་ཞིག་ཡོད་པ་ནས་སློབ་མའི་གནས་ཚུལ་སྡོམ་རྩིས་བྱེད་སྐབས། སྡེ་བའི་ནང་དུ་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་ཅུང་མང་པོ་ཡོད་པ་ཤེས་པར་མ་ཟད། སློབ་ལོ་རན་པའི་བྱིས་པ་རྣམས་མཁར་གོང་མ་སྡེ་བ་དང་བར་ཐག་སྤྱི་ལེ་བཞི་ལྔ་ཡོད་པའི་ཁམས་ར་སློབ་གྲྭར་འགྲོ་བཞིན་ཡོད་པ་དང་། གནད་དོན་མང་པོ་གནས་ཡོད་པ་རེད། ཁོ་རང་ཧ་ལས་པའི་དོན་ཞིག་བྱུང་བ་དེ་ནི་སྡེ་བ་དེའི་ནང་དུ་སློབ་གྲྭ་ཆེན་མོ་བ་གཅིག་མ་གཏོགས་མེད་པ་དང་། སློབ་འབྲིང་དུ་འགྲོ་བའི་སློབ་མ་ལྔ་ཡོད་ལ། མཐོ་འབྲིང་སློབ་མ་གཉིས་མ་གཏོགས་མེད་པ་ཤེས། གནད་དོན་འདི་དག་གིས་རྟ་མགྲིན་ཚེ་རིང་གིས་ཞིང་ཆེན་རིམ་པའི་དབུལ་ཕོངས་སྡེ་བ་འདི་དབུལ་ཐར་བྱེད་པའི་དཀའ་ངལ་ཤེས་བྱུང་། དེ་ལས་ཁོས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་སྣ་གདན་ཞུ་བྱས་པ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་གིས་མགོ་ཁྲིད་པའི་ཚབ་བྱས་ནས་མཁར་གོང་མ་སྡེ་བ་རྟ་རྒྱུགས་ཐང་སློབ་ཆུང་གི་བྱིས་པ་རྣམས་ལ་འཚམས་འདྲི་བྱས་པ་དང་། སྒོར་མོ་ཁྲི་གཅིག་གི་དངོས་པོ་དང་སྒོར་མོ་ཞལ་འདེབས་སུ་ཕུལ། དེའི་འཕྲོར། རྫོང་སློབ་གསོ་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ། རྟ་རྒྱུགས་ཐང་སློབ་ཆུང་གི་སློབ་ཁྲིད་ཐོག་ཁང་དང་། སློབ་རའི་གྱང་ར་སོགས་སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཐད་ལ་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་དྲུག་བཏང་སྟེ། མཁར་གོང་མ་སྡེ་བ་རྟ་རྒྱུགས་ཐང་གི་སློབ་ལོ་རན་པའི་བྱིས་པ་རྣམས་སློབ་གྲྭར་འགྲོ་དཀའ་བའི་དངོས་ཡོད་གནད་དོན་རིམ་བཞིན་ཐག་གཅོད་བྱས།
ཁོང་ནི་དབུལ་ཐར་ངོས་འཛིན་ལ་ཞུ་གཏུག་བྱེད་མཁན་གཅིག་ཀྱང་མ་བྱུང་བའི་རྒྱབ་ལོགས་ཀྱི་དྲང་བདེན་སྲུང་མཁན་དེ་ཡིན།
མཁར་གོང་མ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཡཱང་ཧྭ་སུན་གྱིས་བཤད་རྒྱུར། རྟ་མགྲིན་ཧྲུའུ་ཅི་ཡོང་བ་ནས་དུས་རྒྱུན་ཁྱིམ་ཚང་རེ་རེར་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། སྡེ་བའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། སྡེ་ཁག་སོ་སོས་ཚང་མས་ཆེས་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་པར་མཐུན་སྦྱོར་བྱས་ནས་སྲིད་ཇུས་གསལ་བོར་བཤད། ཆེས་དགའ་འོས་པ་ཞིག་ནི་གནད་ཕིགས་དབུལ་སྐྱོར་བྱ་བའི་ཁྲོད། ཁོ་དང་ལས་བྱེད་པ་གཞན་པ་རྣམས་ཀྱིས་མཉམ་དུ་བྱ་བ་འབོར་ཆེན་སྒྲུབ་ཏེ་གནད་ལ་ཁེལ་བའི་སྒོ་ནས་ཞུ་གཏུག་བྱེད་མཁན་མེད་པའི་གནད་དོན་ལ་ངོས་འཛིན་ཡང་དག་བྱས།
མཁརགོང་མ་སྡེ་བ་ནི་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་གྱི་ལྷོ་ཤར་ཕྱོགས་སུ་ཡོད་པའི་སྡེ་བ་ཞིག་ཡིན་ལ། སྡེ་བ་དེའི་ཁོངས་སུ་འདུས་སྡོད་ཁུལ་བཞི་ཡོད་པ་དང་། སྡོམ་པས་ཁྱིམ་ཚང་སུམ་བརྒྱ་གོ་དྲུག་དང་མི་སྟོང་གཅིག་དང་བདུན་བརྒྱ་གསུམ་ཡོད་ལ། ཚང་མ་ཧོས་རིགས་ཏག་ཏག་རེད། སྡེ་བའི་ནང་དུ་མི་མང་ཞིང་ས་ཞིང་ཆུང་བ་དང་། དངོས་པོའི་ཐོན་ཚད་ཉུང་བས། དཔལ་འབྱོར་ཕན་འབྲས་དམའ་ལ། ཉེ་བའི་ལོ་འགའི་རིང་ལ་ན་གཞོན་རྣམས་ཕྱི་རོལ་དུ་ཞོར་ལས་ལ་སོང་བས་ས་ཞིང་རྣམས་ས་རྒོད་དུ་གྱུར་ཡོད་པ་རེད།
གནད་ཕིགས་དབུལ་སྐྱོར་བྱ་བ་སྤེལ་བ་ནས་བཟུང་། ལྟ་བ་དྲུག་དང་མི་ཆོག་པ་ལྔར་ཁ་གཏད་དེ། ཚང་མས་ལག་ལེན་ཁྲོད་བསམ་བློ་གཏོང་བཞིན་ཡོད་ལ། ལས་སྣོན་བྱེད་པ་དེ་ནི་རྒྱུན་ལྡན་གྱི་དོན་ཞིག་ཏུ་གྱུར་ཡོད་ལ། དུས་དང་རྣམ་པ་ཀུན་ཏུ་ཞིབ་འཇུག་དང་། འགྲེལ་བཤད། ཟིན་ཐོར་འགོད་པ་བཅས་བྱས། གསར་འགོད་པས་ཆེས་བརྗེད་དཀའ་བའི་དོན་ནི་གང་ཡིན་པ་འདྲི་སྐབས། རྟ་མགྲིན་ཚེ་རིང་གིས་དགོད་ཞོར་དུ་བཤད་རྒྱུར། ཐེངསགཅིག་ལ། ཚང་མས་ཚོགས་འདུ་ཚོགས་བཞིན་ཡོད་པ་དང་། སྡེ་མི་ཞིག་གིས་ཁོར་འདྲ་མཉམ་མིན་པར་བཤད་དེ་ཁོའི་སྟེང་རྒྱུགས་ཡོང་བ་དང་། ལས་བྱེད་པ་གཞན་པ་རྣམས་ཀྱིས་སྡེ་མི་དེ་བཀག་བྱུང་། རྟ་མགྲིན་ཚེ་རིང་གིས་སེམས་ཞིབ་མོས་འགྲེལ་བཤད་བྱས་ཀྱང་། ཁོས་ད་དུང་ཁས་མི་ལེན་པར་ར་སྐོར་ནང་དུ་དུས་ཚོད་གཉིས་ལྷག་ལ་སྒུག་རྗེས་ད་གཟོད་ཕྱིར་རང་ཡུལ་དུ་ལོག རྟ་མགྲིན་ཚེ་རིང་ལ་གཞན་གྱིས་དོན་མེད་ངང་སྡུག་དམོད་དང་ལས་བདའ་བྱེད་པ་དེ་ནི་དོན་དག་ཆུང་ཆུང་ཡིན་ལ། ཁོས་ཆེས་སེམས་ཁུར་བྱེད་པ་ནི་སྲིད་ཇུས་བཟང་པོ་འདི་འདྲ་ཞིག་ཡོད་པས། དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་བྱ་བའི་ཁྲོད་མང་ཚོགས་གཅིག་ལུས་འགྲོ་བར་སེམས་འཚུབ་བྱེད་བཞིན་པ་དེ་ཡིན།
མཐའ་མར། ཞིབ་འཇུག་ཡང་ཡང་བྱས་པ་བརྒྱུད། སྡེ་བ་དེས་དབུལ་ཕོངས་ཁྱིམ་ཚང་ང་གསུམ་གྱི་མི་བརྒྱ་དང་དོན་བདུན་ལ་ཡིག་ཚགས་བཙུགས་པ་དང་བྱང་བུ་ལས་པས། མི་གཅིག་གིས་རྩོད་གླེང་བྱས་མ་བྱུང་།
ཁོང་ནི་བློ་སེམས་རྩེ་གཅིག་གིས་རང་གི་བྱ་བར་འགན་ཁུར་དེ་ཡིན།
མཁར་གོང་མ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧན་བེ་ཀྲུང་གིས་གསར་འགོད་པར་བཤད་རྒྱུར། རྟ་མགྲིན་ཧྲུའུ་ཅི་སྡེ་བ་འདིར་བསྡད་རྗེས། ཚང་མའི་འཐུང་ཆུར་གནད་དོན་ཡོད་པ་མཐོང་སྟེ། མྱུར་དུ་འབྲེལ་ཡོད་མི་སྣར་མཐུན་སྦྱོར་དང་བྱེད་ཐབས་སྤྱད་དེ། ད་ལྟའི་རང་འབབ་ཆུའི་སྦུ་གུ་འཐེན་པ་དང་། ད་ལོའི་ཟླ་བདུན་པར་ང་ཚོས་སྟབས་བདེ་དང་གཙང་མ་ཡིན་པའི་རང་འབབ་ཆུ་འཐུང་ཐུབ་པར་གྱུར། སྤྱོད་ཁང་གནད་དོན་ལ་དམིགས་ནས་ཁོས་ཐག་གཅོད་བྱེད་ཐབས་མང་པོ་སྤྱད་པས་ད་ལྟའི་ལས་གཞི་འདི་ལ་ཆོག་མཆན་བཀོད་ཀྱང་ལས་ཀའི་མགོ་དངོས་སུ་བརྩམས་མེད། ཁོས་སྒྲུབ་ཐུབ་པའི་བྱ་བ་ཐམས་ཅད་སྒྲུབ་པ་དང་། སྐབས་ལན་རེར་བྲེལ་འཚུབ་ཆེ་བའི་སྐབས་སུ་ཁོས་གོ་རེ་སྐམ་པོ་ཟ་བ་དང་། སྟབས་བདེ་ཐུག་པ་འཐུང་ནས་རང་གི་བྱ་བའི་འགན་ཡག་པོར་འཁུར་ཅི་ཐུབ་བྱེད་བཞིན་ཡོད་ཟེར།
སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཐོག་ཁང་གི་ཟུར་ཞིག་ཏུ་རྟ་མགྲིན་ཚེ་རིང་གིས་རྙོག་མའི་ཆུ་ཞིག་ང་ཚོར་བསྟན་ནས་བཤད་རྒྱུར། ཡུལ་མི་སྤུན་ཟླ་ཚོས་འཐུང་བཞིན་པའི་ཆུ་ནི་འདི་རེད་ཟེར། གསར་འགོད་པའི་སེམས་ན་དོགས་པ་ཞིག་ཡོད་པ་ཚོར་རྗེས་ཁོས་མུ་མཐུད་དུ་གསར་འགོད་པར་བཤད་རྒྱུར། ཆུ་འདི་ཆུ་དོང་ནང་བླུགས་རྗེས། མཚན་གང་བོར་རྙོག་མ་དྭངས་སུ་བཅུག་རྗེས་ཚང་མས་འཐུང་ཆུ་བྱེད་བཞིན་ཡོད་ཟེར། གསར་འགོད་པས་ཆུ་འདི་གཙང་མ་ཡིན་ནམ་ཞེས་དྲིས་པར། རྟ་མགྲིན་ཚེ་རིང་གིས་བཤད་རྒྱུར། ཁོས་ས་འདི་ནས་ཆུ་འདི་འཐུང་རྗེས། དུས་རྒྱུན་ཕོ་བ་སྦས་བཞིན་ཡོད་པ་དང་། ལྟོགས་པའི་ཚོར་བ་ཞིག་ཀྱང་གཏན་ནས་བྱུང་མ་མྱོང་། ཁོས་སྡེ་མི་རྣམས་ལ་ཁོ་ཚོར་དེ་འདྲའི་ཚོར་བ་ཡོད་མེད་དྲིས་པར་ཚང་མས་བཤད་རྒྱུར། ང་ཚོ་འདི་ལ་གོམས་ཡོད་པ་རེད་ཟེར།
འདི་ལྟར་ཕྱོགས་སོ་སོ་ནས་ཆ་རྐྱེན་ཅུང་ཞན་པའི་སྡེ་བ་འདིའི་ནང་དུ། རྟ་མགྲིན་ཚེ་རིང་ཟླ་བཅུ་དྲུག་ལ་བསྡད་སོང་བ་རེད། ཁོར་དུས་དང་རྣམ་པ་ཀུན་ཏུ་བྱེད་ཐབས་ནི་དཀའ་ངལ་ལས་མང་པོའི་ཡིད་ཆེས་བརྟན་པོ་ཡོད་པ་རེད། ཁོའི་རྐང་རྗེས་གནས་འདིའི་ག་ས་གང་དུ་སྤོས་ཡོད་ལ། ཟིན་བྲིས་སྟེང་དུ་ཡི་གེ་ཐར་ཐོར་མང་པོ་ཞིག་ཀྱང་བྲིས་ཡོད།
ང་ཚོས་བྱེ་བྲག་གི་གྲངས་ཀ་ལས་ཁོང་གི་གྲུབ་འབྲས་གླེང་།
མཁར་གོང་མ་སྡེ་བར་རོགས་སྐྱོར་བྱེད་པའི་ལས་ཁུངས་སྟེ་གཅན་ཚ་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡི་ཡུས་ཀྲུང་གིས་གསར་འགོད་པར་བཤད་རྒྱུར། རྟ་མགྲིན་ཧྲུའུ་ཅི་ཡིས་སྔ་གཞུག་ཏུ་སྒོར་མོ་འབུམ་གསུམ་བརྩོན་ལེན་བྱས་ཏེ། སྡེ་བའི་གཞུང་ལམ་སྤྱི་ལེ་གཉིས་སྲ་བསྒྱུར་བྱེད་པའི་གནད་དོན་ཐག་གཅོད་བྱས་པ་དང་། མཛེས་སྡུག་ལྡན་པའི་ཞིང་སྡེ་ལས་གཞི་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་སྟེང་། ལམ་འགྲམ་དུ་གློག་སྒྲོན་སོ་བརྒྱད་སྒྲིག་སྦྱོར་བྱས་པ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་པས་གཞུང་སྒྲུབ་སྒྲིག་ཆས་དང་། རིག་གནས་ལུས་རྩལ་སོགས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཤིང་། ཁྱིམ་ཚང་སོ་དྲུག་གི་ཉེན་ཁ་ཆེ་བའི་ཁང་རྙིང་བསྒྱུར་བཀོད་བྱས་ལ། དེའི་ཐད་ལ་བསྡོམས་པས་བྱ་དགའི་རང་བཞིན་གྱི་སྡོད་ཁང་མ་དངུལ་སྒོར་མོ་འབུམ་གཅིག་དང་ཁྲི་བདུན་བརྩོན་ལེན་བྱས་ཤིང་། དབྱི་སི་ལན་ཆོས་ཁང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཐད་ལ་ཡང་བསྐྱར་མ་དངུལ་སྒོར་མོ་འབུམ་བཞི་བརྩོན་ལེན་བྱས་ཏེ། དབྱི་སི་ལན་ཆོས་ཁང་འཛུགས་སྐྲུན་བྱེད་པའི་ཐད་ལ་བཀོལ།
མཁར་གོང་མ་སྡེ་བའི་ཆུ་ར་ལུང་བ་དེ་དུས་ཡུན་ཐུང་ཐུང་ཞིག་ལ་གནོད་འཚེ་ཆེན་པོ་ཐེབས་སའི་ས་ཁུལ་ཞིག་ཏུ་གྱུར་བ་དང་། ཆར་ཆེན་བབས་པ་དང་། ས་ཉིལ་བ་ལས་སྡེ་བའི་མཁའ་འོག་ཏུ་སྡོད་པའི་སྡེ་བར་གནོད་པ་ཐེབས། རྟ་མགྲིན་ཚེ་རིང་གིས་དབུལ་སྐྱོར་བྱ་བའི་རུ་ཁག་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་པའི་སྡེ་ཁག་ལ་ཐེངས་མང་པོར་མཐུན་སྦྱོར་བྱས་པ་དང་། ཁམས་ར་གྲོང་རྡལ་སྲིད་གཞུང་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག་ཏུ། མཁར་གོང་མ་སྡེ་བ་ཆུ་ར་ལུང་བའི་ཆུ་ལོག་འགོག་བཅོས་དང་བཅོས་སྒྱུར་བྱེད་པའི་ལས་གཞི་བརྩོན་ལེན་བྱས། མིག་སྔར། ལས་གཞི་འདི་ཁམས་རའི་ཆུ་ལོག་འགོག་པའི་སྒྲིག་ཆས་གལ་ཆེན་ཞིག་ཡིན་ལ། ད་ལྟ་ལས་གཞི་འདི་ལ་ཆོག་མཆན་ཐོབ་སྟེ་ལས་མགོ་རྩོམ་པར་གྲ་སྒྲིག་བྱེད་བཞིན་ཡོད།
བཅར་འདྲི་བྱེད་སྐབས་གསར་འགོད་པས་རྟ་མགྲིན་ཚེ་རིང་གིས་དབུལ་སྐྱོར་བྱ་བའི་རུ་ཁག་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་པར་སྡེ་བའི་བྱ་བ་དང་། རྗེས་ཕྱོགས་ཀྱི་འཕེལ་རྒྱས་སྐོར་ནས་གྲོས་སྡུར་བྱེད་བཞིན་པ་མཐོང་སྐབས། ཁོའི་སྐད་ཆའི་ནང་དུ་ཕངས་སེམས་ཟབ་མོ་ཞིག་སྐྱེས་བཞིན་ཡོད་པའང་ཚོར་ཐུབ། ཁོའི་དང་ཐོག་གནད་དོན་ངོས་འཛིན་གྱི་ཐད་ལ་སྔར་ལས་དམ་འཛིན་ནན་འཛིན་བྱས་ཡོད་རྒྱུ་ན། དཀའ་ངལ་ཆེ་བའི་མང་ཚོགས་སྔར་ལས་མང་པོས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན་བྱ་བ་མང་པོ་ཞིག་སྔར་ལས་བཟང་པོར་སྒྲུབ་ཆོག་པར་འདོད་ཟེར།
ལོ་ཙཱ། ཚེ་རིང་སྒྲོལ་མ།