ང་ཚོའི་འཚོ་བར་སྔར་ལས་བདེ་སྐྱིད་ལྡན།
2017.09.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 47

2016ལོའི་ཟླ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད། ལོ་གཅིག་འགོར་རྗེས་ཀྱི་ད་ལྟར་མཚོ་སྔོན་གྱི་བྱ་གཞག་ཡོད་ཚད་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

འདི་ནི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས་ཀྱི་ལོ་ཞིག་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སླར་གསོ་དང་ཁོར་ཡུག་ལེགས་བཅོས་བྱུང་བའི་ལོ་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གྱི་དམངས་ཚིས་ལེགས་བཅོས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལོ་ཞིག་ཀྱང་ཡིན།

ལོ་གཅིག་གི་རིང་ལ། ང་ཚོས“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འགྲོ་ལམ་སྟེང་དཀའ་སྤྱད་འབད་བརྩོན་གྱིས་བསྐྱོད་དེ། དོན་སྙིང་ཟབ་མོ་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་ཤོག་སླེ་གསར་བ་བསྐྲུན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་དུང་ལུང་སྡེ་བས་སྡེ་མི་མང་ཆེ་བ་ས་གཞན་དུ་ཞོར་ལས་བྱེད་པའི་གནས་ཚུལ་གཞིར་བཟུང་སྟེ། ཡུལ་བབ་དང་བསྟུན་ནས་ཐོན་ལས་དབུལ་ཐར་གྱི་ཐབས་ལམ་གསར་བ་ཞིག་བཏོད།

ཐབས་ལམ་གསར་བར་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་གྱི་འགྲོ་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་དགོས་ཞེས་གུང་ཧོ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྫོང་དཔོན་གཞོན་པ་མགོན་པོ་ཚེ་བརྟན་གྱིས་དེ་ལྟར་བཤད་བྱུང་།

རྦད་ཆོད་སྒོས་དབུལ་ཐར་མཁྲེགས་གཏོར་ལ་གྲུབ་འབྲས་ཐོབ་པར་བྱས་ཏེ། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་གསུམ་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་དུ་འཇུག་དགོས། འདི་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཁས་ལེན་དམ་བཅའ་ཡིན་ལ། ཏན་ཏན་ཏིག་ཏིག་གིས་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་མཛད་སྐབས་བཏོན་པའི་བླང་བྱ་གལ་ཆེན་ཡིན།

རྒྱལ་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཁྱོན་ཡོངས་ནས་འབྱོང་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་གཞིར་བཟུང་སྟེ་མདུན་དུ་བསྐྱོད་བཞིན་ཡོད། ཞིང་ཆེན་ཡོངས་ནས་བོད་ཁུལ་གྱི་དམངས་ཚིས་ལེགས་བཅོས་བྱ་བའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་སོང་བ་དང་། བོད་ཁུལ་གྱི་མི་དམངས་མང་ཚོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་བསྐྱོད་བཞིན་ཡོད།

ཞིང་ཆེན་ནོར་སྲིད་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། བློ་བརྟན་འགྱུར་མེད་སྒོས“ནོར་སྲིད་ཆུང་བར་བརྟེན་ནས་དམངས་ཚིས་ཆེན་པོ་སྒྲུབ་པའི”འགྲོ་ལམ་དུ་བསྐྱོད་པ་དང་། མུ་མཐུད་དུ་དམངས་ཚིས་དེ་ནོར་སྲིད་འགན་སྲུང་གི་ཐོག་མའི་ཁ་ཕྱོགས་དང་ནོར་སྲིད་བྱ་བའི་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ཏེ། རྒྱུན་ཆད་མེད་པར་འགྲོ་གྲོན་གྲུབ་ཚུལ་ལེགས་བཅོས་དང་དམངས་ཚིས་ཐད་གཏོང་བའི་བརྟན་འཇགས་འཕར་ཚད་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་དོན་ལྔའི་ཡན་གྱི་ནོར་སྲིད་འགྲོ་གྲོན་དམངས་ཚིས་ཁྱབ་ཁོངས་སུ་བཀོལ་བ་དང་། ནུས་ཡོད་སྒོས་འཕེལ་རྒྱས་ཀྱི་ཁྲོད་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཁེ་ཕན་སྔར་ལས་མང་པོ་ཐོབ་པར་ཁག་ཐེག་བྱས།

མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱིས“ཏན་ཏན་ཏིག་ཏིག་གིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས”བྱེད་པ་དེ་བྱ་བ་གཙོ་བོར་བརྩིས་ཏེ། ནུས་ཤུགས་ཡོད་དགུས་དམངས་ཚིས་འགན་སྲུང་གི་ཆུ་ཚད་མཐོར་འདེགས་དང་མང་ཚོགས་ལ་ཕན་ཁེ་སྔར་ལས་མང་པོ་བསྐྲུན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་འཆམ་མཐུན་བདེ་སྐྱིད་ཀྱི་མཚོ་བྱང་འཛུགས་སྐྲུན་བྱེད་པར་དམིགས་ནས། དམངས་ཚིས་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་སྟེ། དམངས་ཚིས་ལས་གཞིའི་ཁྲོད་ནས་མི་དམངས་མང་ཚོགས་ལ་ཕན་ཁེ་ཆེན་པོ་ཐོབ་པར་བྱས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྤྱི་ཚོགས་ལས་དོན་གོང་དུ་སྤེལ་བ་རྒྱུན་འཁྱོངས་དང་། རྒྱུན་མཐུད་སྒོས་དམངས་ཚིས་ལེགས་བཅོས་བྱེད་པ་དེ་གོ་གནས་གལ་ཆེན་དུ་བཞག་ནས། མ་དངུལ་གཏོང་ཚད་སྔར་ལས་ཇེ་མང་དུ་བཏང་ཞིང་། ཁུལ་ཡོངས་ཀྱི་དམངས་ཚིས་འགྲོ་གྲོན་དེ་བརྒྱ་ཆའི་དོན་བདུན་ཡན་དུ་སྲུང་འཛིན་བྱས།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་གྱིས་ཁྲིད་སྟོན་བྱས་ཏེ། ཞིང་ཆེན་ཏང་ཨུའི“བསྒྱུར་བ་བཞི”ཡི་བསམ་ཕྱོགས་གསར་བ་ལྟར། ཡུས་ཧྲུའུ་ཡི་འཕེལ་རྒྱས་གོམ་སྟབས་མགྱོགས་ཤིང་མང་ཚོགས་ཀྱི་འཚོ་བ་སྔར་ལས་སྐྱིད་པའི་བརྗོད་དོན་གཙོ་བོ་གཞིར་བཟུང་ནས། ལས་འགན་དང་བྱ་བ་སྣ་ཚོགས་དམ་འཛིན་བྱས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ནོར་སྲིད་ཆུང་བར་བརྟེན་ནས་དམངས་ཚིས་ཆེན་པོ་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་དོན་དངོས་སྐོར་ཞིག་ལེགས་སྒྲུབ་བྱས་པ་དང་། དོན་དངོས་གཉེར་བ་དང་ཕན་འབྲས་ཐོབ་པར་བྱེད་པ་དེ་མགོ་ལོག་ཁུལ་གྱི་ལས་བྱེད་པའི་བྱ་བའི་སྤྱོད་ཚུལ་ལེགས་པོ་ཞིག་ཏུ་གྱུར་ཡོད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“འཕེལ་རྒྱས་དེ་དམངས་ཚིས་ལེགས་བཅོས་དང་ས་གནས་ལ་ཕན་པ། མཐུན་སྒྲིལ་ཡར་ཐོན”བཅས་ཀྱི་སྟེང་དངོས་འབེབས་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། དོན་ངོ་མའི་ཐོག་ནས་དམངས་ཚིས་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་བྱས་ཤིང་། ཡུན་རིང་བརྟན་འཇགས་དང་ཡུན་རིང་བདེ་འགོད་ཀྱི་རྨང་གཞི་སྲ་བརྟན་ཏུ་བཏང་།

ལོ་གཅིག་གི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏན་ཏན་ཏིག་ཏིག་བཞི”ཡིས་མཚོ་སྔོན་གྱི་འཕེལ་རྒྱས་དམིགས་ཚད་གསར་བ་གཏན་འཁེལ་བྱས་པར་མ་ཟད། བོད་ཁུལ་གྱི་བྱ་བའི་ཁ་ཕྱོགས་དང་འབད་འཐབ་བྱེད་ཕྱོགས་གསལ་བོར་བསྟན།

རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་བཅུའི་ཁྲོད་ཀྱི་རང་སྐྱོང་ཁུལ་དྲུག་མཚོ་སྔོན་དུ་ཡོད་ལ། བོད་ཁུལ་གྱི་གཞི་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་གྱི་བརྒྱ་ཆའི་གོ་བརྒྱད་ཟིན་ཡོད། དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱེད་པ་ནི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་ལ། ང་ཚོའི་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོའང་ཡིན།

འཕེལ་རྒྱས་ཀྱི་གོ་སྐབས་གསར་བར་དམིགས་སྟེ། ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གྱི་དམངས་ཚིས་ལེགས་བཅོས་བྱེད་པའི་གོམ་སྟབས་ཀྱང་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་འགྲོ་བཞིན་ཡོད།

ས་གནས་སོ་སོས་དམངས་ཚིས་འགན་སྲུང་གི་ནུས་ཤུགས་ཇེ་མཐོར་གཏོང་བར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས། ཐོག་མཐའ་བར་གསུམ་དུ་ནོར་སྲིད་གཞི་རིམ་དུ་གཏོང་བའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། མུ་མཐུད་དུ་སྤོ་བསྒྱུར་གཏོང་སྤྲོད་ཀྱི་ཁ་གསབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ས་ཁུལ་བར་གྱི་ནོར་སྲིད་ཀྱི་ཁྱད་པར་ཇེ་ཆུང་དུ་བཏང་བ་དང་། གཞི་རིམ་གྱི་ནོར་ཤུགས་གནས་ཚུལ་མངོན་གསལ་སྒོས་ལེགས་བཅོས་བྱུང་ཞིང་། རྫོང་གི་ནོར་ཤུགས་མངོན་གསལ་དུ་ཇེ་དྲག་ཏུ་གྱུར་ཏེ། ནུས་ཡོད་སྒོས་གཞི་རིམ་གྱི་དམངས་ཚིས་འགན་སྲུང་དང་སྤྱི་པའི་ཞབས་ཞུ་སྙོམས་མཚུངས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བའི་ནུས་ཤུགས་ཇེ་དྲག་ཏུ་བཏང་།

ལས་ཞུགས་ལས་བསྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས། བོད་ཁུལ་དུ་ནུས་རྩལ་གསོ་སྦྱོང་བྱས་ནས་ལས་ཞུགས་ལ་སྐུལ་འདེད་བྱེད་པའི་འཆར་གཞི་ལག་བསྟར་བྱས། ནོར་སྲིད་སྲིད་ཇུས་ཀྱི་རོགས་སྐྱོར་ལ་ཤུགས་བསྣན་ཏེ། ལས་ཞུགས་ལས་སྐྲུན་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་ནས། ལས་ཞུགས་མི་ཐུབ་པའི་མི་སྣས་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་འདེད་བྱས།

སློབ་གསོ་སྔོན་མ་བྱས་ནས་འཕེལ་རྒྱས་སུ་གཏོང་བར་ཤུགས་ཆེན་པོས་སྐུལ་འདེད་བྱས། བོད་ཁུལ་ཁུལ་དྲུག་གི་སློབ་མ་ཡོངས་ལ་ལོ་བཅོ་ལྔའི་རིན་མེད་སློབ་གསོ་ལག་བསྟར་བྱས་པ་དང་། ཧུར་ཐག་གིས་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱས་ཤིང་། བོད་ཁུལ་ཁུལ་དྲུག་གི་སློབ་གྲྭ་འབྲིང་ཆུང་གི་ཚད་གཞི་དེ་རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཕྱོགས་བསྡུས་གནོད་འཚེ་སྔོན་འགོག་ཚད་གཞིར་བསླེབས་པ་དང་། སློབ་གྲྭའི་རྨང་གཞི་སྒྲིག་ཆས་དང་ཚོད་ལྟའི་དཔྱད་ཆས། སློབ་གསོ་ཆ་འཕྲིན་ཅན་སོགས་སྒྲིག་བཀོད་སྣ་ཚོགས་ཀྱང་ཞིང་ཆེན་ཡོངས་ཀྱི་ཚད་གཞི་ཅན་གྱི་སློབ་གྲྭའི་འཛུགས་སྐྲུན་གྱི་ཚད་གཞིར་ཕལ་ཆེར་བསླེབས། 2016ལོར། བོད་ཁུལ་ཁུལ་དྲུག་གི་འོས་འགན་སློབ་གསོ་བརྟན་འཇགས་ཀྱི་ཚད་བརྒྱ་ཆའི་གོ་གསུམ་ལྷག་ཏུ་བསླེབས།

དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་བྱུང་། ཁུལ་རིམ་པའི་དཀྱིལ་སྙིང་སྨན་ཁང་དང་བོད་སྨན་ཁང་། རྫོང་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་སོགས་བོད་ཁུལ་གྱི་འཕྲོད་བསྟེན་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་སྐོར་ཞིག་ལག་བསྟར་བྱས་པ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་དང་གློ་བུར་རང་བཞིན་གྱི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་འཕྲལ་བཅོས་མ་ལག་བཙུགས་ནས། འཕྲོད་བསྟེན་སྨན་བཅོས་ཞབས་ཞུའི་ནུས་ཤུགས་མངོན་གསལ་སྒོས་ཇེ་མཐོར་སོང་། ཐུམ་འབུའི་ནད་འགོག་བཅོས་གྲོན་དངུལ་སྒོར་དུང་ཕྱུར་གཉིས་བཏང་སྟེ། མི་ས་ཡ་གཅིག་འབུམ་བརྒྱད་ལ་ཞིབ་བཤེར་བྱས། རིམས་འགོག་སྨན་ཁབ་བརྒྱབ་ཚད་བརྒྱ་ཆའི་གོ་བརྒྱད་ཡན་དུ་བསླེབས་པ་དང་། མཆིན་ཚད་ཁ་པའི་ནད་འབྱུང་ཚད་ཇེ་ཉུང་དུ་འགྲོ་བའི་གནས་བབ་སྲུང་འཛིན་བྱས།

འགན་སྲུང་རང་བཞིན་གྱི་སྡོད་ཁང་བཟོ་སྐྲུན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱས། ནོར་སྲིད་ཀྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་འདེགས་སྐྱོར་གཙོ་བོའི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། མ་དངུལ་འགན་སྲུང་དང་སྲིད་ཇུས་རོགས་སྐྱོར་དེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་གནད་འགག་ཏུ་བརྩིས་ནས་དམ་འཛིན་བྱས་ཤིང་། ནུས་ཤུགས་ཡོད་དགུས་མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་ཞིང་སྡེའི་ཁང་རྙིང་བསྒྱུར་བཀོད། བྱ་དགའི་རང་བཞིན་གྱི་སྡོད་ཁང་། འབྲོག་པའི་གཏན་སྡོད་ཁང་བ། རྩྭ་ཐང་གི་སྦྲ་གུར་བཟོ་སྐྲུན་སོགས་ལག་བསྟར་བྱེད་པར་རོགས་སྐྱོར་བྱས་ཏེ། ནུས་ཡོད་སྒོས་མཁར་གྲོང་སྡོད་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱས།

མཐུན་སྒྲིལ་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ལ། འཕེལ་རྒྱས་ནི་མཐུན་སྒྲིལ་གྱི་སྔོན་འགྲོ་ཡིན།

བོད་ཁུལ་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་སོང་སྟེ། བོད་ཁུལ་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མང་པོ་ལོངས་སུ་སྤྱོད་ཐུབ་པ་བྱུང་བ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་། རྒྱུན་ཆད་མེད་པར་བོད་ཁུལ་གྱི་དམངས་ཚིས་ལེགས་བཅོས་བྱེད་པའི་ཁྲོད། གཞི་རིམ་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་ཇེ་སྐྱིད་ཡིན་པ་དེ་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བཟོ་སྐྲུན་ཆེན་པོ་དེ་ལས་བྱུང་བ་རེད།

མཚོ་སྔོན་བོད་ཁུལ་གྱི་འཕེལ་རྒྱས་ནུས་ཤུགས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གྱུར་བ་དང་བསྟུན་ནས། རིགས་སོ་སོའི་མང་ཚོགས་ལ་ཁེ་ཕན་སྔར་ལས་མང་པོ་ཐོབ་པ་དང་། འདྲ་མཉམ་མཐུན་སྒྲིལ་དང་རོགས་རེས་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་ལས་སྲ་བརྟན་དུ་གྱུར་ཏེ། མི་རིགས་སོ་སོ་བདེ་སྡོད་ལས་བརྩོན་དང་མཐུན་སྒྲིག་འབད་འཐབ་ཀྱི་གནས་བབ་བཟང་པོ་རིམ་བཞིན་ཆགས།

ད་ལོར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་གྱི་མཉམ་ལས་གྲོས་མཐུན་བཀོད་དེ། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྐུལ་ལྕག་ཆེན་པོ་བཏང་བ་དང་། མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གསར་འཛུགས་བྱེད་པར་ཡོངས་ཁྱབ་ཀྱི་དོན་སྙིང་ཟབ་མོ་ལྡན་ངེས་རེད་ཅེས་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཁས་བ་ཡིས་མཚོ་སྔོན་ཞིང་ཆེན་གྱི་སྐབས་དྲུག་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་དེ་ལྟར་བཤད་བྱུང་།

ད་ལྟའི་མཚོ་སྔོན་བོད་ཁུལ་དུ་དམངས་ཚིས་ལེགས་བཅོས་བྱེད་པ་གནད་འགག་ཏུ་བཟུང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་གོམ་པ་བརྟན་པོས་བསྐྱོད་ཀྱིན་ཡོད་ལ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད།

ལོ་ཙཱ་བ། སྒྲོལ་མ་སྐྱིད།