ཞིན་ཧེ་རྫོང་ཧོལ་ཁ་གྲོང་རྡལ་ལྔ་གཅིག་སྡེ་བའི་མཉམ་ལས་ཁང་གི་གཟི་དཔལ།
2017.09.27 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 42

ཉེ་བའི་ལོ་འདི་དག་གི་རིང་ལ་ཞིན་ཧེ་རྫོང་གིས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱས་ཏེ། ཧོལ་ཁ་སྐྱེ་ལྡན་ཞིང་ཕྱུགས་ཚན་རྩལ་ཆེད་ལས་མཉམ་ལས་ཁང་གཙོ་བོར་བཟུང་ནས། སྐྱེ་ལྡན་ཡུག་པོ་དང་ནས་འབྲུ། ཡུངས་དཀར་སོགས་འདེབས་འཛུགས་བྱས་ནས། མཛེས་པའི་རྩྭ་ཐང་དུ་དེང་རབས་ཞིང་ཕྱུགས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་བ་ཞིག་བསྣན། ལྔ་གཅིག་སྡེ་བ་ནི་ཧོལ་ཁ་གྲོང་རྡལ་གྱི་བྱང་ཕྱོགས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་སུ་ཆགས་ཡོད་ལ། གྲོང་སྡེ་དེ་རུ་བསྡད་ནས་རྒྱང་དུ་ལྟ་དུས། ལྗང་སྣུམ་སྣུམ་གྱི་ནས་འབྲུའི་མགོ་ལྕོག་ལྡེམ་ཞིང་། ཞིང་ཚིགས་གྲུ་བཞིའི་ལྗང་མདོག་གི་ནེམ་ཤ་ཡིས་ཡིད་ལ་སྨྲ་མི་ཤེས་པའི་དགའ་སྤྲོའི་ཚོར་བ་ཞིག་ཅིག་ཅར་བསྩལ་ཡོང་།

ཞིན་ཧེ་རྫོང་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་ལྕགས་བྱམས་ཐར་གྱི་བཤད་རྒྱུར། ལྔ་གཅིག་སྡེ་བར་ཁྱིམ་ཚང་སུམ་བརྒྱ་བརྒྱད་ཅུ་དང་མི་གྲངས་སྟོང་གཅིག་ལྔ་བརྒྱ་ཡོད། རྫོང་ཁོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་ཉེར་གསུམ་གྲས་ཀྱི་གཅིག་ཡིན། སྡེ་བ་ཡོངས་ཀྱི་ཁྲོད་ཁྱིམ་ཚང་བརྒྱ་དང་བརྒྱད་ནི་དབུལ་ཕོངས་ཁྱིམ་ཚང་ཡིན། ཁོ་ཚོར་ཡུལ་སྐོར་གྱི་ཐོན་ཁུངས་དང་། ཁྱད་ཆོས་ཅན་གྱི་ཐོན་ལས་སོགས་མེད་མོད། རྒྱ་ཆེ་བའི་ས་དབྱིབས་དང་། ཁོད་སྙོམ་པའི་འདེབས་འཛུགས་རྒྱ་ཁྱོན་ནི་ཁོ་ཚོའི་འཚོ་རྟེན་ཉག་གཅིག་ཡིན་ཟེར།

ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་། སྡེ་མི་སྐལ་བཟང་རྡོ་རྗེ་ཡིས་སྣེ་ཁྲིད་བྱས་ནས་གཞི་རྒྱ་ཆེ་ཞིང་སྤུས་ཀ་ལེགས་པའི་འབྲུ་རིགས་འདེབས་སའི་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས་པ་རེད། ཉེ་བའི་ལོ་འདི་འགར། ལྔ་གཅིག་སྡེ་བའི་ནས་འབྲུ་འདེབས་འཛུགས་རྒྱ་ཁྱོན་སྔར་ལོ་ནས་རྒྱ་ཇེ་ཆེར་སོང་ཡོད་ལ། སྡེ་བ་ཡོངས་ཀྱི་སྤྱི་ཆིང་སྟོང་གསུམ་གྱི་འདེབས་འཛུགས་རྒྱ་ཁྱོན་ཁྲོད་སྤྱི་ཆིང་སྟོང་གཉིས་ལྷག་གི་རྒྱ་ཁྱོན་ཁྲོད་དུ་ནས་འབྲུ་བཏབ་ཅིང་། རྫོང་དབུལ་སྐྱོར་ཅུའུ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་རོགས་སྐྱོར་བ་བརྟེན་ནས་ཆེད་ལས་མཉམ་ལས་ཁང་གི་རྨང་གཞིའི་སྒྲིག་ཆས་སོགས་ལ་གནས་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་།

ཉིན་འགའི་སྔོན་དུ། སྡེ་དཔོན་ནོར་རྒྱལ་ཚེ་རིང་གིས་ང་ཚོ་ཁྲིད་ནས་སྐལ་བཟང་ཚེ་རིང་གི་ཆེད་ལས་མཉམ་ལས་ཁང་དུ་ལྟ་རུ་ཕྱིན་ཞིང་། ཆེད་ལས་མཉམ་ལས་ཁང་དེ་རུ་རྨིད་སྟོང་གསུམ་ཅན་གྱི་ར་བ་དང་། རྨིད་བདུན་བརྒྱ་ཅན་གྱི་འབྲུ་རིགས་མཛོད་ཁང་། རྨིད་ལྔ་བརྒྱ་ཅན་གྱི་ཕྱུག་ར། ད་རུང་ཐོག་བརྩེགས་གཉིས་ཅན་གྱི་ཐོག་ཁང་གཅིག་བཅས་ཡོད་ལ། གཅིག་ཐོག་ནི་ཞིང་ལས་འཕྲུལ་ཆས་འཇོག་སའི་མཛོད་ཁང་ཡིན། དེའི་ནང་དུ་འདྲུད་འཐེན་འཁོར་ལོ་དང་། རྩྭ་འབྲེག་འཕྲུལ་ཆས་སོགས་ཡོད།