སྔོན་ཆད་ཀྱི་རི་རྒོད་མཛེས་སྡུག་གི་མེ་ཏོག་ར་བར་གྱུར་པ།
2017.09.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 37

དབྱར་སྟོན་གཉིས་ཀྱི་དུས་ཚིགས་ནི་ཡུལ་སྐོར་དུ་བསྐྱོད་པའི་དུས་བཟང་ཡིན། མེ་ཏོག་གི་ཐང་ཆེན་དུ་བསྐྱོད་ན་ཚོན་མདངས་རྣམ་པར་བཀྲ་བའི་མཛེས་པ་མཐོང་ཐུབ་ལ། གྲོག་རོང་དུ་བསྐྱོད་ན་ལུང་པའི་ཕུགས་ཀྱི་ཁུ་སིམ་པའི་ཚོར་བ་མྱོང་ཐུབ། ཞིང་ཁར་བསྐྱོད་ན་ཞིང་ལས་ཀྱི་མཛེས་པ་རོལ་ཐུབ་པ་སོགས་རང་བྱུང་གི་མཛེས་ལྗོངས་ནས་དམངས་སྲོལ་ཡུལ་སྲོལ། དེ་ནས་མཁར་གྲོང་གི་བཀོད་པ་ནས་མཛེས་ལྗོངས་ཀྱི་སྐྱེ་ཁམས་བཅས་ཕྱིར་བསྐྱོད་པའི་མི་རྣམས་ཀྱིས་རང་རང་གི་མིག་ལམ་གྱི་མཛེས་ལྗོངས་དེ་བརྙན་དུ་བཀོད་ནས་དྲན་ཤིང་དུ་བརྩི་བཞིན་ཡོད།

གསར་འགོད་པ་ཧོང་ཀྲུང་རྫོང་ཐེན་ཅ་ཀྲའེ་སྡེ་བའི་ཆན་ཙི་ཡོན་མེ་ཏོག་འདེབས་འཛུགས་ར་བར་སླེབས་པའི་སྐད་ཅིག་དེ་ཉིད་དུ་མིག་མདུན་ཡུག་གཅིག་ཏུ་སེར་ལམ་ལམ་དུ་གནས་པ་དེས་མིག་དབང་ཕྲོགས། མུའུ་བརྒྱ་ཕྲག་གི་མེ་ཏོག་ཉི་དགའ་རི་ངོས་ནས་རྣམ་པར་བཞད་པ་དང་། མགོ་བོ་ཉི་མའི་ཕྱོགས་སུ་འཁོར་བ་དེ་མཛུམ་མདངས་རྣམ་པར་བཞད་པའི་གདོང་རེ་རེ་དང་འདྲ། མེ་ཏོག་ལ་ལྟད་མོ་ལྟ་མཁན་གཉིས་རེ་གསུམ་རེ་མེ་ཏོག་གི་ཐང་དུ་བག་ཕེབས་ཀྱིས་སྤྲོ་འཆམ་བྱེད་མུར་མེ་ཏོག་ལ་ལྟད་མོར་ལྟ་བ་དང་འདྲ་པར་ལེན་བཞིན་ཡོད།རི་སྐེད་དུ་དཀར་བོང་བོང་དུ་གནས་པའི་དྲོད་ཁང་བཅུ་ཕྲག་འགའི་མདུན་དུ།མེ་ཏོག་དང་སིལ་ཏོག་འཐུ་རུ་ཡོང་བའི་མི་རྣམས་ལ་ལ་སྒོར་འབུད་པ་དང་ལ་ལ་ནང་དུ་སྐྱོད་བཞིན་ཡོད།འདེབས་འཛུགས་ར་བ་ཡོངས་ལ་བལྟས་ན་རི་བོའི་ཕུགས་སུ་གནས་པའི་མཛེས་སྡུག་གི་མེ་ཏོག་ར་བ་ཆེན་པོ་ཞིག་དང་འདྲ་ལ།ཡུག་གཅིག་ཏུ་གནས་པའི་ནགས་ཚལ་དང་དྲི་ཞིམ་འཐུལ་བའི་མེ་ཏོག་གི་ཐང་ཆེན་ཞིག་ཀྱང་རེད།དེ་ལྟ་བུའི་ཡུལ་དུ་ཕྱིན་པ་ན་ལྷིང་འཇགས་ཀྱི་ཡུལ་གྲུ་ཞིག་ཡིན་པ་བརྗོད་མ་དགོས་པ་ཞིག་རེད།

ཟི་ལིང་ནས་ཡོང་བའི་ཡུལ་སྐོར་པ་ཀྲོའུ་ཅེས་དགའ་སྤྲོའི་ངང་བཤད་རྒྱུར།“མེ་ཏོག་གི་ཐང་ཆེན”འདི་ལྟ་བུའི་མཛེས་ལྗོངས་སྔོན་ཆད་པར་ངོས་ལས་མ་གཏོགས་མཐོང་མ་མྱོང་ལ།ད་ལྟ་ཡུལ་འདིར་དངོས་སུ་ཡོང་བ་ན་ངོ་མ་ཡིད་དུ་འོངས་པ་ཞིག་རེད།

རྒྱུས་ལོན་པ་ལྟར་ན། མེ་ཏོག་ཐང་ཆེན་དེ་ནི་ཐོན་ཚད་དམའ་བའི་ས་ཞིང་དང་ས་རྒོད་སྤྱི་ཆིང80བེད་སྤྱད་དེ། “ཀུང་ས་དང་ར་བ། མཉམ་ལས་ཁང་དང་དུད་ཁྱིམ”གྱི་རྣམ་པས་གོང་དུ་སྤེལ་བའི་གཞི་ཁྱོན་ལྡན་པའི་སྐྱེ་ཁམས་འདེབས་འཛུགས་ལས་རིགས་ཤིག་རེད། ར་བའི་ནང་དུ་དོ་དམ་ཞབས་ཞུ་ཁུལ་དང་དེང་རབས་ཞིང་ལས་ཁུལ།ཁྱད་ལྡན་འདེབས་འཛུགས་ཁུལ།འཐུ་སྒྲུག་དང་ལྟད་མོ་ཁུལ།ཞིང་སྡེ་ཡུལ་སྐོར་ཁུལ།རྐང་ཐང་དུ་བགྲོད་ཁུལ།སྤྲོ་གསེང་ཉ་འཛིན་ཁུལ།སློབ་ཆེན་པའི་ལས་རིགས་གསར་སྐྲུན་ཁུལ།སློབ་མའི་ཉམས་ལེན་ཁུལ།ཚན་རྩལ་ཚོད་ལྟ་ཁུལ་བཅས་ཁུལ་བཅུ་དང“ལྗང་བསྒྱུར་ལྟད་མོའི་ཁྱམས་རིང”གཅིག་བཅས་ཡོད།

ཡུལ་སྐོར་པར་མཚོན་ན།ཡུལ་དེ་ནི་ལྟད་མོ་དང་རྩེད་འཇོ་བྱེད་སའི་ས་ཆ་བཟང་པོ་ཞིག་ཡིན་ལ།འདེབས་འཛུགས་ར་བའི་འགན་ཁུར་པ་ཚའེ་ཡུའེ་ཕུན་ལ་མཚོན་ནས་བཤད་ན།ཚོན་མདངས་རྣམ་པར་བཀྲ་བའི་མེ་ཏོག་ར་བ་དེར་དཔལ་འབྱོར་གྱི་ཕན་འབྲས་ཆེན་པོ་ལྡན་པ་སྟེ།ང་ཚོས་ལྗང་མདོག་འཕེལ་རྒྱས་ཀྱི་ལེགས་ཆ་ཧུར་བརྩོན་གྱིས་བསྐྲུན་ནས།འདྲེ་ཚེར་མ་དང་ཇ་སྡོང་གི་རྟེན་གཞི་མུའུ་ལྔ་བརྒྱ་བདེ་བླག་གིས་བསྐྲུན།འདྲེ་ཚེར་མའི་སྐོར་གྱི་འཐུང་ཇ་བདེ་བླག་གིས་ཞིབ་འཇུག་གསར་གཏོད་དང་ཐོན་སྐྱེད་བྱེད་པའི་རྨང་གཞིའི་སྟེང་། བོད་ཇ་དང་ཇ་ལང་པ་དང་ཇ་ཁུའུ་ཏེང་སོགས་མཐོ་སྒང་གི་བདེ་སྲུང་སྐོར་གྱི་འཐུང་ཇ་མང་པོ་གསར་གཏོད་བྱས། མཚོ་བོད་མཐོ་སྒང་ནས་ཇ་སྡོང་འཛུགས་པ་དང་ཇ་བཟོ་བའི་སྲོལ་ཐོག་མར་ཕྱེ་ནས།མཚོ་བོད་མཐོ་སྒང་ནས་ཇ་སྡོང་མི་འཛུགས་པ་དང་ཇ་ཐོན་སྐྱེད་མི་བྱེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས།མིག་སྔར།ཐོན་རྫས་དེ་དག་རྒྱང་རིང་གི་པེ་ཅིན་དང་ཧྲང་ཧའེ།ཀོང་ཏུང་།ཞི་ཨན་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་འཚོང་བཞིན་ཡོད།

ཚའེ་ཡུའེ་ཕུན་གྱིས་གསར་འགོད་པར།ཞིང་སྡེའི་བཀོད་པའང་ཡུལ་སྐོར་གྱི་ཐོན་ཁུངས་ཤིག་སྟེ།རི་བོའི་འདབས་དང་ཆུ་བོའི་འགྲམ་དུ་ཁྱིམ་ཚང་ཕན་ཚུན་མཛེས་པར་བསྣོལ་ནས་ཆགས་པའི་མཛེས་པ་དང་ཞིང་སྡེའི་རང་བྱུང་ཡུལ་ལྗོངས་ཚང་མ་ནི་ཡུལ་སྐོར་པར་མཚོན་ན་མིག་དབང་འཕྲོག་པའི་མཛེས་ལྗོངས་རེད། གྲོང་ཁྱེར་པར་མཚོན་ནས་བཤད་ན།མེ་ཏོག་ལ་ལྟད་མོར་ལྟ་བའི་ཡུལ་སྐོར་ལས་རི་མགོར་སྤྲོ་གསེང་དུ་འགྲོ་བ་དང་ཡུལ་སྲོལ་ཡུལ་སྐོར།རྣམ་གཡེང་རྩེད་འཇོ་སོགས་ཀྱི་ཡུལ་སྐོར་དགོས་མཁོ་སྐོང་ཐུབ། ཞིང་གྲོང་པ་ལ་མཚོན་ནས་བཤད་ན། “མེ་ཏོག་དཔལ་འབྱོར”གྱིས་ཡོང་སྒོ་ཇེ་མང་དུ་གཏོང་ཐུབ་པར་མ་ཟད། ཁོ་ཚོར་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱེད་པ་ལས་གཞན་ད་རུང་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་རིན་ཐང་ལྡན་པའང་ཚོར་དུ་འཇུག་ཐུབ་ཅེས་བཤད།

སྡེ་བའི་སྡེ་མི་ཚོས་རང་གི་མྱོང་ཚོར་སྐོར་གླེང་སྐབས། འདེབས་འཛུགས་ར་བ་འདིས་ང་ཚོ་སྡེ་བའི་ས་ཞིང་མུའུ་བརྒྱ་ཡན་གླས་ཡོད་པར་མ་ཟད། སྡེ་མི་རྣམས་ཀྱིས་ཀྱང་འདི་ནས་ཞོར་ལས་ལས་ཆོག་ལ། ད་ལྟ་ཉིན་རེ་རེར་ཡུལ་སྐོར་པ་ཡུལ་འདིར་རྩེད་འཇོར་རོལ་ཏུ་ཡོང་བས། ཚད་ངེས་ཅན་གྱི་སྟེང་ང་ཚོ་སྡེ་བའི་སྙན་གྲགས་ཇེ་མཐོར་དང་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་ཆེན་པོ་ཐོབ་ཅེས་བཤད།།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་བདུན་པའི་ཟླ་མཇུག་བར་དུ། ར་བ་ཁུལ་དུ་མཐའ་འཁོར་དབུལ་ཕོངས་སྡེ་བ་ཉེར་བརྒྱད་ཀྱི་དབུལ་ཕོངས་ཁྱིམ་ཚང་བདུན་བརྒྱ་རེ་གསུམ་གྱི་དབུལ་བོ་སྟོང་གཅིག་དང་བརྒྱ་དང་ཉེར་བརྒྱད་ཀྱི་མ་རྐང་ནང་ཞུགས་པའི་མ་དངུལ་སྒོར་བྱེ་བ་གཅིག་དང་ཁྲི་བརྒྱད་སྟོང་བདུན་བསྡུས། ལོ་རེར་མ་རྐང་མ་དངུལ་གྱི་བརྒྱ་ཆའི་བཅུ་ཡི་གཏན་འཇགས་ཁེ་སྤོགས་བགོས་ན་ལོ་མཇུག་ཏུ་མ་དངུལ་ས་ཡ་གཅིག་དང་ཁྲི་བརྒྱད་བགོ་ཐུབ། དུས་མཉམ་དུ་ར་བ་ཁུལ་ནས་ལས་ཀ་ལས་པའི་ལས་བཟོ་བ་ཉིས་བརྒྱ་དོན་གཉིས་ལ་རིམ་བསགས་ཀྱིས་གླ་ཕོགས་སྒོར་ས་ཡ་གཉིས་དང་འབུམ་གཉིས་ཁྲི་དྲུག་བྱིན། ས་ཞིང་གླས་པའི་རིན་ལ་རིམ་བསགས་ཀྱིས་སྒོར་ས་ཡ་གཅིག་དང་ཁྲི་གསུམ་སྟོང་ལྔ་ཞིང་པའི་ལག་ཏུ་འཕྲོད་ཡོད།

རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།