ལྷད་མེད་དྭངས་གཙང་གི་མཚོ་ལྷོ།
2017.10.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

སྟོན་མཇུག་གི་དུས་ཚིགས་འདིར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཛེས་ལྗོངས་སྔར་བཞིན་ལྟ་ན་སྡུག་ཞིང་རིག་སྨོན་གྲོང་རྡལ་ནས་ལམ་དུ་ཆས་པ་ན་ལམ་འགྲམ་གྱི་རྩྭ་ཐང་ཡོངས་ལ་སྔར་བཞིན་མཛེས་སྡུག་ལྡན་པ་ཞིག་རེད།

ས་སྲོད་ཀྱི་དུས་སུ་རླུང་བུ་འུར་འུར་ལྡིང་ཞིང་། གུང་ཧོ་རྫོང་མཁར་ན་ཡོད་པའི་ཤམ་བྷ་ལ་ཐང་ཆེན་དུ་མི་ཚོགས་ཀྱི་འདུ་འཛིའི་ཁེངས་ཡོད་ལ།མི་རྣམས་རྐང་ཐང་དུ་འཆམ་འཆམ་དུ་འགྲོ་བ་དང་ཡང་ན་མི་སྟོང་ཕྲག་གི་གྲུབ་པའི་སྐོར་བྲོ་རུ་ཁག་གི་ནང་དུ་ཞུགས་ཏེ་ལུས་ཕུང་སྦྱོང་བརྡར་གྱི་ཕྱོགས་ལ་ཤུགས་སྣོན་རྒྱག་བཞིན་པའི་རྣམ་པ་མཐོང་བ་ན། དངོས་ནས་ཡིད་སེམས་དགའ་བོ་ཞིག་འདུག

ཆུང་དུས་ནས་བཟུང་གུང་ཧོ་རྫོང་མཁར་ནས་འཚར་ལོངས་བྱུང་བའི་བུ་མོ་མཚོ་མོར་མཚོན་ན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་པ་ལས་ཐོབ་པའི་གྲུབ་འབྲས་དང་འགྱུར་ལྡོག་དེ་ཁོ་མོས་སེམས་ཀྱི་ཚོར་ཐུབ་པ་བྱུང་། ད་ལྟ་ཡུལ་འདིའི་ག་ས་གང་དུ་མཛེས་སྡུག་ཡིད་དུ་འོང་བའི་མཛེས་ལྗོངས་ཀྱི་ཁེངས་འདུག དུས་ཚོད་ཅུང་ཙམ་རེ་ཡོད་ཚེ་ང་ཚོའི་བྱིས་པ་ཁྲིད་དེ་སྒོ་ཕྱི་རུ་འཆམ་འཆམ་དུ་སོང་ནས་བྱིས་པ་ཚོར་གནས་འདིའི་ལྷད་མེད་དྭངས་གཙང་གི་མཛེས་ལྗོངས་དང་རང་བྱུང་ཁམས་ཆེན་མོའི་གཟི་ཉམས་ལ་རོལ་མྱོང་བྱེད་དུ་བཅུག་པ་ཡིན་ཟེར།

ལྗང་མདོག་གིས་སྐྱེ་སྟོབས་མཚོན་ལ་རེ་བའང་མཚོན་པ་ཡིན།  གནམ་ས་བླ་འོག་བརྗེས་འདྲའི་ལྗང་མདོག་བཟོ་སྐྲུན་གྱིས་མི་རྣམས་ཀྱི་འཚོ་བའི་ཁོར་ཡུག་ཇེ་བཟང་ཇེ་ཡག་ཏུ་བསྒྱུར་བ་མ་ཟད། ད་དུང་རོང་འབྲོག་མང་ཚོགས་ལ་སྔར་ལས་ལྷག་པའི་སྤྲོ་གསེང་དང་རོལ་རྩེད་བྱ་ཡུལ་གྱི་ཁོར་ཡུག་ཞིག་འདོན་སྤྲོད་བྱས་པ་རེད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནགས་ལས་ཅུའུ་ཡི་ཅུའུ་ཀྲང་མ་ཡུས་ཅཱ་ཡི་མཚམས་སྦྱོར་བྱས་པ་ལྟར་ན། ན་ནིང་ཁུལ་ཡོངས་སུ་ཞིང་སྡེ་གསར་བའི་སྡེ་བ་བཅུ་བདུན་ལྷག་སྔོ་ལྗང་ཅན་དུ་བསྒྱུར་བ་དང་། དམངས་ཡོངས་ཀྱིས་འོས་འགན་སྡོང་འཛུགས་ཁྲི་ཉིས་བརྒྱ་དྲུག་བཅུ་བཏབས་པ་དང་། གྲོང་རྡལ་གྱི་སྤྱི་ཆིང་ལྔ་བརྒྱ་དང་སོ་བདུན་ལྷག་སྔོ་ལྗང་ཅན་དུ་བསྒྱུར། དེ་ལས་གཞན་ད་དུང་རང་བྱུང་ནགས་ཚལ་ལ་སྲུང་སྐྱོབ་དང་། རྨོ་བསྐྱུར་ནགས་གསོ་སོགས་ཀྱི་ལས་གཞི་གཙོ་གནད་དུ་བཟུང་ནས་རྒྱུན་ཆད་མེད་པར་ནགས་ཚལ་སྔོ་ཁེབས་དང་བསྐྱར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ནགས་ལས་སྐྱེ་ཁམས་འཛུགས་སྐྲུན་ལ་ཕན་འབྲས་བཟང་པོ་ཐོན། དེ་དང་མཉམ་དུ་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ཁྲིད་སྟོན་ལ་བསྟུན་ནས་མི་དམངས་མང་ཚོགས་རྣམས་ཁོར་ཡུག་སྲུང་སྐྱོབ་ནང་དུ་ཞུགས་པར་སྐུལ་མ་བྱེད་པ་དང་། སྔོ་ལྗང་ཅན་ལ་དགའ་བ་དང་། སྔོ་ལྗང་ཅན་ལ་སྲུང་སྐྱོབ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་དར་སྲོལ་ལེགས་པོ་ཞིག་ཆགས་པར་བྱས།

གུང་ཧོ་རྫོང་ནགས་ལས་ས་ཚུགས་ཀྱི་བཟོ་བཀོད་པ་ཀོ་ཙིན་ཧུང་གིས་མི་དམངས་མང་ཚོགས་ལ་སྣེ་ཁྲིད་དེ་སྡོང་འཛུགས་ནགས་སྐྲུན་བྱས། སྤྱི་བསྡོམས་པའི་ཤིང་སྡོང་འབུམ་གསུམ་ལྷག་གསར་སྒྱུར་བྱས་པ་དང་ནགས་ཁུལ་བདུན་བཅུ་ལྷག་ཉམས་གསོ་བྱས། ཁོས་མི་ལོ་བཅུ་ལྷག་ཉིན་གཅིག་ལྟར་གི་ནགས་ཚལ་ལ་རང་ཉིད་ཀྱི་བྱིས་པ་བཞིན་དུ་གཅེས་སྐྱོང་བྱེད་པ་དང་། ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་པའི་སྔོ་ལྗང་གི་ནགས་ཚལ་ལ་རང་གི་མིག་བཞིན་དུ་གཅེས་སྐྱོང་བྱས།

ཁོར་ཡུག་ལེགས་པོས་ཕན་འབྲས་བཟང་བོ་ཞིག་བསྐྲུན་ཐུབ་པ་ཁོ་ཐག་ཡིན། སྐྱེ་ཁམས་སྲུང་སྐྱོབ་ཀྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་ཡུལ་སྐོར་ལྗོངས་རྒྱུ་དེ་འགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དེ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྲོག་རྩ་ལྟ་བུར་གྱུར་འདུག

ཉིས་སྟོང་བཅུ་དྲུག་ལོར། ཁུལ་ཡོངས་ཀྱིས་ཡུལ་སྐོར་ལྗོངས་རྒྱུའི་མི་ཐེངས་ཁྲི་དྲུག་བརྒྱ་ལྷག་སྣེ་ལེན་བྱས་པ་དང་།ཡུལ་སྐོར་གྱི་ཡོང་སྒོ་སྒོར་དུང་ཕྱུར་བཅུ་དྲུག་དང་གྲངས་ཆུང་དྲུག་མངོན་འགྱུར་བྱུང་བ་རེད། ཡུལ་སྐོར་ལས་རིགས་ཀྱིས་སྤྱི་ཚོགས་དཔལ་འབྱོར་གྱི་ཕན་འབྲས་བཟང་བོ་ཞིག་བསྐྲུན་ཐུབ་པར་མ་ཟད། ས་གནས་དེའི་འབྲོག་པ་མང་ཚོགས་རྣམས་ཀྱི་བསམ་བློའི་འདུ་ཤེས་དང་འཚོ་བ་རོལ་སྟེང་འགྱུར་ལྡོག་བྱུང་བ་དང་།སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཀྱང་སྔར་ལས་ལྷག་པའི་ཇེ་མཐོར་སོང་།

ཁུལ་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་ཆོས་སྐྱོང་གིས་བཤད་རྒྱུར། ཕྱུགས་བཀག་དང་ཕྱུགས་སྐྱུར། རྩྭ་ས་རེས་སྐོར་བ་སོགས་རབ་དང་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱེད་ཐབས་ལག་བསྟར་བྱས་ཏེ་རྩྭ་ཐང་གི་རང་བྱུང་སྔོ་ཁེབས་སླར་གསོ་བྱས་པ་དང་། རོང་འབྲོག་མང་ཚོགས་ཀྱིས་དེང་རབས་ཀྱི་སྐྱེ་ཁམས་ཕྱུགས་ལས་ལ་བརྟེན་ནས་རང་བྱུང་གི་ཕྱུགས་འཚོ་བའི་སྲོལ་རྒྱུན་གྱི་ཐོན་སྐྱེད་རྣམ་པ་བསྒྱུར་བ་དང་ཆབས་ཅིག་དུ་ཡོང་སྒོ་ཇེ་མང་དང་ཕན་འབྲས་ཇེ་ཆེར་བཏང་ནས་ཕྱུག་འགྱུར་གྱི་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་དུ་སྐྱོད་པར་ལམ་བུ་ཆེན་པོ་ཞིག་ཡོང་བ་མངོན་འགྱུར་བྱུང་།
ཉེ་བའི་ལོ་འདི་འགའི་རིང་ལ། མཚོ་ལྷོ་ཁུལ་གྱིས་ཤུགས་ཆེན་པོའི་སྐྱེ་ཁམས་ཀྱི་ཁུལ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གོ་གནས་གལ་ཆེན་དུ་བཟུང་ནས་དེ་ཉིད་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་ཞུགས་པ་དང་ཆབས་ཅིག་ཏུ་ཕན་འབྲས་ཡོད་པའི་བྱེད་ཐབས་སྤྱད་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་དག་ལ་དམིགས་སའི་རང་བཞིན་དང་ཁ་གཏད་རང་བཞིན་གྱིས་ཐག་གཅོད་ནན་མོ་བྱས་པ་དེས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་བྱས་པ་དང་ཆབས་ཅིག་ཏུ་མཚོ་ལྷོ་ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པའི་རྣམ་པ་ཞིག་གྲུབ་དུ་བཅུག་ཡོད་པ་དང་།རང་གི་མིག་ཟུང་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། རང་གི་ཚེ་སྲོག་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས”པའི་འདུ་ཤེས་དེ་མི་རེ་རེའི་སེམས་ཁོངས་དུ་ཆགས་སུ་འཇུག་དགོས།

ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་གྱི་ཁྲིད་སྟོན་འོག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བྱ་སྤྱོད་དངོས་དང་དངོས་ཐོག་བདེན་འཚོལ་གྱི་བསྒྱུར་བ་བཞི་ལ་སྐུལ་འདེད་བཏང་ནས་ད་སྐབས་ཀྱི་མཚོ་ལྷོ་ཁུལ་ཡོངས་ཀྱི་རྩྭ་ཐང་ནི་སྔོ་ཞིང་ལྗང་ལ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་པ་དང་། མཁར་གྲོང་ཡང་དེ་ལས་བརྗིད་ཉམས་ལྡན་པས་མཚོ་ལྷོ་ཁུལ་གྱི་ཡུལ་གྲུ་རེ་རེར་སྔོ་ལྗང་གིས་ཁེབས་ཡོད།
                                                                                                                                                                                                                                                                                                                                                 ལོ་ཙཱ་བ།  སྐར་མ་འཚོ།