ཨ་ཆེན་གངས་རྒྱབ་ཀྱི་ལྗང་མདོག་འགྱུར་ཁུགས།
2017.10.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 46

ཨ་ཆེན་གངས་རྒྱབ། ཇི་འདྲའི་གསང་བ་ལྐོག་གྱུར་གྱི་ས་མིང་ཞིག ཁོད་ཡངས་མུ་མཐའ་བྲལ་ཞིང་མཐོ་སྒང་གི་རྣམ་ཤེས་སྦྲུམ་པའི་ནོར་འཛིན་ཡངས་པོ་ཞིག་རེད་ཨང་།

2017ལོའི་ཟླ7པའི་ཚེས7ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་སྐབས་ཞེ་གཅིག་པའི་སྟེང་མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་དེ«འཛམ་གླིང་ཤུལ་བཞག་མིང་ཐོ»རུ་ཚུད་པ་དང་། རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བ་དང་ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་བ། མཚེའུའི་གྲངས་ཀ་ཆེས་མང་བའི་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཆར་གྱུར་པ་དང་། མཚོ་བོད་མཐོ་སྒང་དུ་འཛམ་གླིང་རང་བྱུང་ཤུལ་བཞག་མེད་པའི་སྟོང་ཆ་བསྐངས།

ལོ་རྒྱུས་རང་བཞིན་གྱི་དུས་སྐབས་དེ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལོ་རྒྱུས་ལམ་ཚད་ཁྲོད་ཡུན་རིང་བརྟན་པོར་གནས་ཡོད། དུས་མཚུངས་སུ། ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དེ་མགོ་རྩོམ་ས་གསར་བ་རུ་འགྲེང་བྱུང་ལ་འཛམ་གླིང་ཡོངས་ཀྱི་མཐོང་ཡུལ་དུ་གྱུར་པ་དང་། མཚོ་སྔོན་གྱིས་ཀྱང་སྔར་ལས་ལྷག་པའི་སྤྲོ་སེམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་བཏོན་པའི“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དེ་ཕྱོགས་ཡོངས་ནས་ལག་ལེན་དངོས་འབེབས་བྱེད་རྒྱུ་ཡིན་པ་དང་། “བསྒྱུར་བ་བཞི”ལ་སྐུལ་འདེད་བྱེད་ཅི་ཐུབ་བྱས་ཏེ། ཨ་ཆེན་གངས་རྒྱབ་ཀྱི་ལྗང་མདོག་འཕེལ་རྒྱས་བྱེད་སྟངས་དང་འཚོ་བ་རོལ་སྟངས་མངོན་འགྱུར་བྱས་ནས། སྐྱེ་ཁམས་ཐོན་སྐྱེད་འཚོ་བའི་ཁོར་ཡུག་བཟང་བོ་མངོན་འགྱུར་བྱེད་རྒྱུ་རེད།

2016ལོའི་རྒྱལ་ཡོངས“ཚོགས་ཆེན་གཉིས”ཀྱི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་ནང་ཞུགས་ནས་གྲོས་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་དམིགས་བསལ་གྱིས་སྔོན་ལ་སྤེལ་དགོས་པ་དང་། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱས་ཏེ། དཔྲལ་བའི་མིག་ལ་སྲུང་སྐྱོབ་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། ཚེ་སྲོག་ལ་གཅེས་སྐྱོང་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྐྱོང་བྱེད་ཅིང་། ལྗང་མདོག་འཕེལ་རྒྱས་བྱེད་སྟངས་དང་འཚོ་བ་རོལ་སྟངས་ཆགས་པར་སྐུལ་འདེད་བྱས་ཏེ། གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་ལེགས་པོ་དང“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་ལེགས་པོ་བྱས་ནས། “གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བ”ཁག་ཐེག་བྱེད་དགོས།

2016ལོའི་ཟླ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། “མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་དེ་སྐྱེ་ཁམས་ཀྱི་ཐད་ན་ཡོད་ཅིང་། ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་ཀྱི་ཐད་ན་ཡོད་ལ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཀྱི་ཐད་ན་ཡོད་པས། ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ་དམ་འཛིན་བྱེད་དགོས་ཤིང་། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ་དང་། དཔལ་འབྱོར་གྱི་ཕན་ཁེ་དང་སྤྱི་ཚོགས་ཀྱི་ཕན་ཁེ། སྐྱེ་ཁམས་ཀྱི་ཕན་ཁེ་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་དགོས།”

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་ལག་ལེན་དངོས་འབེབ་བྱེད་ན། ཨ་ཆེན་གངས་རྒྱབ་དེ་མཛེས་པའི་ཀྲུང་གོའི་ལྟ་ན་སྡུག་པའི་མིང་བྱང་ལྟ་བུར་བསྐྲུན་དགོས་པ་རེད།

ཨ་ཆེན་གངས་རྒྱབ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་ཨ་ཆེན་གངས་རྒྱབ་ས་ཆ་དང་ཟོ་སྐྱ་ཞང་། ཆུ་དམར་ལེབ་རྫོང་ཆུ་དམར་ཧོ་ཞང་དུ་ཡོད་ཅིང་། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་འབྲེལ་བའི་ཟོ་སྐྱ་ཆུ་དམར་ཡན་ལག་ཁུལ་ཡིན། ཨ་ཆེན་གངས་རྒྱབ་ཀྱི་རང་བྱུང་མཛེས་ལྗོངས་དང་། སྐྱེ་ཁམས་མ་ལག རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སོགས་ཀྱི་ཤུལ་བཞག་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཚད་མཐོན་པོས་ཉར་ཚགས་ཆ་ཚང་བྱས་པས། མིག་སྔར་འཛམ་གླིང་སྟེང་གདོད་མའི་སྐྱེ་ཁམས་ཁོར་ཡུག་ཉར་ཚགས་སྲུང་འཛིན་བྱས་པ་ཤིན་ཏུ་ལེགས་ཤིང་ཆ་ཚང་ཡིན་པའི་ས་ཁུལ་གྱི་གྲས་ཤིག་རེད། དེའི་ཁྲོད་ད་དུང་གཙང་གསུམ་འབྱུང་ཡུལ་ནས་ཨ་ཆེན་གངས་རྒྱབ་ཀྱི་བར་ཆ་ཚང་བའི་གནས་སྤོ་ལམ་ཐིག་ཅིག་འདུས་ཡོད་ཅིང་། དེ་ནི་ད་ལྟའི་བར་ཤེས་ཟིན་པའི་གཙོད་ཀྱི་གནས་སྤོ་ལམ་ཐིག་ཡོངས་རྫོགས་ཁྲོད་ཀྱི་སྲུང་སྐྱོབ་ཆེས་ལེགས་པོའི་ལམ་ཐིག་ཀྱང་ཡིན་པར་བཤད།

ཨ་ཆེན་གངས་རྒྱབ་ཀྱི་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། ཨ་ཆེན་གངས་རྒྱབ་ཀྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི་ཤུལ་བཞག་རེ་ཞུའི་བྱ་བ་སྤེལ་བའི་གོ་སྐབས་ཐེངས་ཤིག་ཡིན་པ་དང་། ཤུལ་བཞག་རེ་ཞུ་ལེགས་འགྲུབ་བྱུང་ན། ཨ་ཆེན་གངས་རྒྱབ་ཀྱི་གཙོད་རྣམས་ལ་སྔར་ལས་བཟང་བའི་སྲུང་སྐྱོབ་བྱེད་ཐུབ་པ་དང་། སྔར་ལས་མང་བའི་སྐྱེ་ཁམས་ཐོན་ཁུངས་ལ་སྲུང་སྐྱོབ་ལེགས་པོ་བྱེད་ཐུབ་པ་ཡིན་པས། འདི་ཡང་རང་ཞིང་གིས་ཧུར་བརྩོན་གྱིས་དཔལ་འབྱོར་གྱི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བ་མངོན་འགྱུར་བྱེད་པའི་ལག་ལེན་གསོན་ཉམས་དོད་པ་ཞིག་ཡིན་ནོ།

ཨ་ཆེན་གངས་རྒྱབ་ཀྱི་ཤུལ་བཞག་རེ་ཞུ་ལེགས་འགྲུབ་བྱུང་ན། མ་འོངས་པར་སྐྱེ་ཁམས་ཀྱི་ཐོན་སྐྱེད་དང་འཚོ་བ་མཐུན་སྦྱོར་ངང་འཕེལ་བར་རྒྱུན་མཐུད་ནས་སྐུལ་འདེད་བྱེད་ཐུབ། ད་ལོར་ལོ་སོ་དྲུག་ཡིན་པའི་མཁྱེན་བརྩེ་བཀྲ་ཤིས་ནི་མདོ་ཕྱུག་སྡེ་བའི་སྐྱེ་ཁམས་ལྟ་སྲུང་མཁན་ཡིན་ལ། ལྟ་སྲུང་བྱེད་པའི་ས་ཁོངས་ནི་སྡེ་བའི་ནང་ནས་རྒྱལ་ལམ109བར་ཡིན་ཞིང་། རྒྱལ་ལམ109ལས་བརྒལ་ན་ཨ་ཆེན་གངས་རྒྱབ་ཡིན་པ་རེད། མཁྱེན་བརྩེ་བཀྲ་ཤིས་ཀྱིས་ཉིན་བཅུ་རེའི་ནང་སྐོར་སྐྱོད་ལྟ་སྲུང་རེ་བྱེད་པ་ཡིན་ཞིང་། ཐེངས་རེར་འཕྲུལ་རྟ་ལ་ཞོན་ནས་སོང་ན་དུས་ཚོད་གསུམ་ལྷག་དགོས་པ་དང་། ཐེངས་ཞིག་ལྟ་སྲུང་བྱེད་དུ་འགྲོ་སྐབས་མཁྱེན་བརྩེ་བཀྲ་ཤིས་ཀྱིས་གློ་བུར་དུ་རི་དྭགས་རྐྱང་དང་དགོ་བ་འགའ་ལྕགས་དྲས་རྨས་ཡོད་པ་མཐོང་ཞིང་། མཁྱེན་བརྩེ་བཀྲ་ཤིས་ཀྱིས་རི་དྭགས་རྨས་མ་དག་གི་རྨ་ཁ་བཏུམས་རྗེས་ཕྱིར་བཏང་བ་རེད།

“ན་ནིང་རྐྱང་གཉིས་ལ་ཞིང་ཆེན་གྱི་གཞུང་ལམ308དུ་རྨས་ཕོག་འདུག་པས། འབྲོག་པ་རྣམས་ཀྱིས་དེ་ཚོའི་རྨ་ཁ་རས་ཀྱིས་གཅུད་ནས་རླངས་འཁོར་ཆེ་བ་ཞིག་གཡར་ཡོད་ཅིང་། མཉམ་དུ་རྨས་ཕོག་པའི་རྐྱང་དེ་རླངས་འཁོར་ནང་བཞག་ནས། ཆུ་དམར་ལེབ་རྫོང་ནགས་ཚལ་སྤྱི་བདེ་ཅུའུ་ལ་བསྐྱལ་ནས་སོང་བ་རེད”ཅེས་བྱམས་པ་ཚུལ་ཁྲིམས་ཀྱིས་ཕྱིར་དྲན་བྱེད་བཞིན་དེ་ལྟར་བཤད།

དཔྲལ་བའི་མིག་ལ་སྲུང་སྐྱོབ་བྱེད་པ་ལྟར་ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོབ་བྱེད་པ་དང་། ཚེ་སྲོག་ལ་གཅེས་སྐྱོང་བྱེད་པ་ནང་བཞིན་ཨ་ཆེན་གངས་རྒྱབ་ལ་གཅེས་སྐྱོང་བྱས། ཨ་ཆེན་གངས་རྒྱབ་ཀྱིས་གཏོར་བརླག་ཅུང་ཙམ་ལ་ཡང་གུ་ཡངས་མི་གཏོང་། དེ་ནི་ལོ་རྒྱུས་ཀྱི་ལས་འགན་ཡིན་ལ། མདོ་ཕྱུག་སྡེ་བའི་འབྲོག་པའི་འགན་འཁྲི་ཡིན་པ་མ་ཟད། ཡུས་ཧྲུའུ་ཁུལ་གྱི་འགན་འཁྲི་ཡིན་ལ། ལྷག་ཏུ་མཚོ་སྔོན་ཞིང་ཆེན་གྱི་འདོར་ཐབས་མེད་པའི་འགན་འཁྲི་ཡང་རེད།

ད་ལྟ། ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཀྱི་གྲངས་ཀ་ཧ་ལམ་ཁྲི་དྲུག་ལ་སླེབས་ཡོད་པ་དང་། འབྲོང་ཁྲི་གཅིག་གི་ཡན་ལ་བུད་ཅིང་། གསའ་དང་དྲེད་མོང་སོགས་སྲོག་ཆགས་རྩ་ཆེའི་རིགས་ནི་རང་བྱུང་ཁམས་ཆེན་པོའི་ཕང་བ་རུ་བག་ཡངས་སུ་རྒྱུ་ཞིང་། དེ་ནི་ཁ་རོག་གེར་ནུས་པ་འདོན་བཞིན་པའི་ཁོར་སྲུང་མི་སྣའི་ལྟ་སྲུང་དང་ཁ་འབྲལ་ཐབས་ག་ལ་ཡོད།

ད་ལོར་ལོ་སོ་དགུ་ཡིན་པའི་བསོད་ནམས་དགེ་ལེགས་ནི་ཨ་ཆེན་གངས་རྒྱབ་ཀྱི་སྨུག་པ་ལག་སྒང་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་ཡིན་ལ། ཨ་ཆེན་གངས་རྒྱབ་ཀྱི་རི་ལུང་སྐོར་ཞིབ་རུ་ཁག་གི་རུ་མི་བཞི་བཅུ་ལྷག་གི་ཡ་གྱལ་ཡང་ཡིན། ལོ་ངོ་ཉི་ཤུའི་རིང་དུ། བཟའ་བཏུང་རླུང་ཁྲོད་དང་གནས་ལམ་རི་ཐང་བྱས་ནས། མཚོ་ངོས་ལས་མཐོ་ཚད་ལ་སྨི་སྟོང་ལྔ་ཡོད་པའི་མཐོ་སྒང་གྲང་ངར་གྱི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ཅིང་། རི་དྭགས་ལྐོག་རྔོན་སོགས་ཀྱི་ཆོམ་རྐུན་ལ་རྡུང་རྡེག་བཏང་བ་དང་། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་ལེགས་པོ་བྱས་ཏེ། ཨ་ཆེན་གངས་རྒྱབ་དེ་འཛམ་གླིང་རང་བྱུང་ཤུལ་བཞག་ཏུ་ཇི་ལྟར་གྱུར་བའི་གོ་རིམ་ཧྲིལ་བོ་ལག་ལེན་ལ་བརྟེན་ནས་ལེགས་འགྲུབ་བྱས་ཡོད།
 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།