འབྲོག་པ་སྒྲོལ་མ་སྐྱབས་ཀྱི་མི་ཚེའི་རེ་སྙེག
2017.10.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

 ཟླ་བཅུ་བའི་ཚེས་བཞི་ཉིན་གྱི་ཞོགས་པར། སྒྲོལ་མ་སྐྱབས་མལ་ལས་ལངས་ཏེ་ཇ་ནག་ཧུབ་འགའ་འཐུང་རྗེས། ནང་ཟས་ཀྱང་འཐུང་ཁོམ་མེད་པར་པར་ལེན་འཕྲུལ་ཆས་རྒྱབ་ཏུ་ཁུར་ནས་ཨ་ཕའི་འཕྲུལ་རྟ་རྙིང་བ་དེ་ལ་ཞོན་ནས་རྩྭ་ཐང་གི་ཕྱོགས་སུ་བསྐྱོད། 

སྒྲོལ་མ་སྐྱབས་ཀྱིས་བཤད་རྒྱུར། དེ་རིང་ནི་འཛམ་གླིང་གི་སྲོག་ཆགས་ཉིན་མོ་ཡིན་པ་དང་། འཆར་ཀའི་ཉི་ཟེར་གྱི་ཀློང་ནས་རི་སྐྱེས་སྲོག་ཆགས་རྣམས་ཀྱི་ཆེས་མཛེས་ཤིང་སྡུག་པའི་རྣམ་པ་རེ་རེ་པར་དུ་བཏབ་ནས་དྲན་རྟེན་དུ་འཇོག་རྒྱུ་ནི་ངའི་རེ་བ་ཡིན་ཟེར། 

ད་ལོ་རང་ལོ་ཉེར་དགུ་ཡིན་པའི་སྒྲོལ་མ་སྐྱབས་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་མདོ་ཕྱུག་སྡེ་བའི་འབྲོག་པ་དཀྱུས་མ་ཞིག་ཡིན་པ་དང་། ཁོའི་ཕ་ཡུལ་ནི་ཨ་ཆེན་གངས་རྒྱབ་ས་ཁུལ་དུ་ཡོད་ལ། དེ་རུ་དྲེད་མོང་དང་། རྐྱང་སོགས་རི་སྐྱེས་སྲོག་ཆགས་མང་པོ་འཚོ་ཞིང་གནས་ཡོད། སྒྲོལ་མ་སྐྱབས་ལོ་དགུའི་སྟེང་ནས་ཨ་ཕ་དང་མཉམ་དུ་རྩྭ་ཐང་དུ་སོང་ནས་ནོར་ལུག་འཚོས་པ་དང་། སྐབས་དེར་ཨ་ཕའི་ངག་ནས་རི་དྭགས་རྒྱལ་བོ་ཞེས་པའི་གཏམ་རྒྱུད་ཐེངས་མང་པོར་ཐོས་མྱོང་། ཁོ་རང་རིམ་བཞིན་ནར་སོན་པ་དང་བསྟུན་ནས་ནོར་ལུག་རྩྭ་ཐང་དུ་བཀྲམས་རྗེས་རྟ་ལ་ཞོན་ནས་རི་དྭགས་རྐྱང་འཚོལ་དུ་སོང་མྱོང་། སྒྲོལ་མ་སྐྱབས་དགོད་ཞོར་དུ་བཤད་རྒྱུར། ཨ་ཕས་དུས་རྒྱུན་ང་རྩེད་རྒྱུར་དགའ་བར་སྡུག་དམོད་བྱེད་ཀྱང་། ང་དེ་ལྟར་རྩེད་རྒྱུར་ཧ་ཅང་དགའ་ཟེར། ཁོས་རྒྱུན་དུ་ནམ་ཞིག་གི་ཚེ་རང་ཉིད་ཡང་རི་དྭགས་རྐྱང་བཞིན་རང་དབང་ལྡན་པ་ཞིག་ཏུ་གྱུར་ནས་ཟ་རྒྱུ་དང་གོན་རྒྱུ་ལ་འདང་རྒྱག་བྱེད་མི་དགོས་པ་ཞིག་ཡིན་ན་ཅི་མ་རུང་བར་སྙམ་བཞིན་ཡོད། 

དེ་འདྲའི་ཉིན་མོ་ཞིག་གཞི་ནས་སླེབས་བྱུང་། ཉིས་སྟོང་བཅུ་དྲུག་ལོར། རང་འགུལ་གྱིས་མིང་ཐོ་འགོད་པ་དང་སྲིད་གཞུང་གིས་བདམས་ཐོན་བྱུང་བ་བརྒྱུད། སྒྲོལ་མ་སྐྱབས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་ལྟ་སྲུང་བར་གྱུར་བ་དང་། ཟླ་རེར་སྒོར་མོ་སྟོང་གཅིག་དང་བརྒྱད་བརྒྱའི་ཟླ་ཕོགས་ཀྱང་ཡོད། ཟླ་གཉིས་རིང་གི་ཟླ་ཕོགས་གསོག་འཇོག་བྱས་པ་བརྒྱུད། སྒྲོལ་མ་སྐྱབས་ཀྱིས་སྒོར་མོ་སྟོང་གསུམ་དང་ཉིས་བརྒྱ་བོ་བཀོལ་ནས་ཁོའི་མི་ཚེའི་ཁྲོད་ཀྱི་པར་ལེན་འཕྲུལ་ཆས་དང་པོ་ཉོས། གཟའ་འཁོར་རེར་རི་འགོར་སོང་ནས་བསྐོར་བསྐྱོད་ལས་འགན་ལེགས་འགྲུབ་བྱས་རྗེས། ཁོས་དུས་ཚོད་མང་པོ་བཀོལ་ནས་པར་ལེན་པར་ཞིབ་འཇུག་བྱས་པ་དང་། དུས་ཡུན་རིང་བོར་བཙོག་པུར་བསྡད་དེ་རི་དྭགས་ལ་ལྟ་སྲུང་ཡང་བྱེད་བཞིན་ཡོད། 

ན་ནིང་གི་ཟླ་ལྔ་བའི་ཉིན་ཞིག་ལ། སྒྲོལ་མ་སྐྱབས་ཀྱིས་པར་ལེན་འཕྲུལ་ཆས་ནང་གཙོད་ཕྲུག་རྩེབས་རྒྱུ་ཡོད་པའི་གཙོད་མོ་ཞིག་གཙོད་ཁྱུ་དང་ཁ་བྲལ་བ་མཐོང་། སྒྲོལ་མ་སྐྱབས་ཀྱིས་གཙོད་མོ་དེ་སྤྱང་ཁུའི་ཁ་ཟས་བྱེད་པར་དོགས་ནས་མྱུར་མོར་གཙོད་ཁྱུའི་རྗེས་སུ་དེད་པ་དང་། དུས་ཚོད་གཉིས་རིང་གི་ལམ་དུ་བསྐྱོད་རྗེས་ད་གཟོད་གཙོད་ཁྱུའི་རྗེས་བསྙེགས་ཐུབ་པ་བྱུང་། སྒྲོལ་མ་སྐྱབས་ཀྱིས་བཤད་རྒྱུར། གཙོད་མོ་དེས་གཙོད་ཁྱུ་མཐོང་རྗེས་དགའ་སྤྲོའི་ངང་གཙོད་ཁྱུའི་གྲས་སུ་རྒྱུགས་པ་དང་། ཐེངས་མང་པོར་ཁ་ཕྱིར་འཁོར་ནས་ཁོ་ལ་ཡང་ཡང་ལྟ་ཙམ་བྱས་ཟེར། 

སྒྲོལ་མ་སྐྱབས་ཀྱིས་བཤད་རྒྱུར། རང་ཉིད་འཚར་ལོངས་བྱུང་སའི་རྩྭ་ཐང་འདི་ལ་སྲུང་སྐྱོབ་བྱེད་ཆེད། ཁོས་གཟའ་འཁོར་རེར་ཐེངས་གསུམ་ཡན་ལ་སྐྱེ་ཁམས་བསྐོར་བསྐྱོད་པའི་བྱ་བའི་ལས་འགན་ཁུར་བཞིན་ཡོད་པ་དང་། གཡང་གཟར་དང་། འདམ་རྫབ་ཡོད་སར་སླེབས་སྐབས་ཁོ་རང་དུས་རྒྱུན་རྐང་ཐང་ལ་འགྲོ་བཞིན་ཡོད་པ་དང་། ཉིན་གཅིག་ལ་སྤྱི་ལེ་བཅུའི་མཚམས་སུ་རྐང་ཐང་དུ་འགྲོ་བཞིན་ཡོད་ཅིང་། མཚམས་ལན་རེར་དགོང་མོར་རི་འགོར་ཉལ་དགོས་པའི་གནས་ཚུལ་ཡང་བྱུང་མྱོང་ཟེར། 

རི་འགོར་བསྐོར་བསྐྱོད་བྱེད་པའི་བྱ་བ་དེ་དཀའ་ངལ་ཆེ་བ་ཞིག་ཡིནཔ་མ་ཟད། ད་དུང་ཉེན་ཁ་ཤིན་ཏུ་ཆེ་བ་ཞིག་ཀྱང་རེད།  སྒྲོལ་མ་སྐྱབས་ཀྱིས་བཤད་རྒྱུར། ན་ནིང་གི་དབྱར་ཁའི་མཚན་ལྗོངས་ཞིག་ལ། ཁོ་མདོ་ཕྱུག་ཚྭ་མཚོའུ་ཉེ་འགྲམ་ནས་སྟབས་མ་ལེགས་པར་འདམ་ནང་དུ་ཟུག་པ་དང་། དགུན་ཁའི་གྲང་རླུང་གི་ཁྲོད་དུ་སྤྱང་ཀིའི་ངར་སྐད་བར་མེད་དུ་གྲགས་ཡོང་ལ། འཇིགས་སྐྲག་ཆེན་པོའི་ཁྲོད་ཁོས་རང་ཤུགས་ཡོད་ཚད་བཏོན་མཐར་མཐའ་མར་འདམ་ནང་ནས་ཐར་ཐུབ་པ་བྱུང་ཟེར། 

སྒྲོལ་མ་སྐྱབས་ཀྱིས་བྱ་བ་འདིར་དཀའ་སྡུག་ཤིན་ཏུ་ཆེ་ཡང་། ལས་འགན་ཤིན་ཏུ་གལ་ཆེན་ཡིན་པས། དོན་སྙིང་ཆེན་པོ་ཡོད་ཟེར། ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བའི་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ། འབྲོག་པ་དོ་དམ་ལྟ་སྲུང་པ་ཁྲི་གཅིག་ལྷག་ལས་གྲུབ་པའི་ལྟ་སྲུང་ས་ཚིགས་མང་པོ་བཙུགས་ཏེ། མཐོ་སྒང་གི་རི་དྭགས་གཙོད་ཀྱི་ཁྱིམ་གཞི་ལ་མཉམ་དུ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དེ་ནི་ས་གནས་དེའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྟོབས་ཤུགས་གཙོ་བོ་ཞིག་ཏུ་གྱུར་ཡོད། 

སྒྲོལ་མ་སྐྱབས་ཀྱིས་བཤད་རྒྱུར། རྩྭ་ཐང་དང་། མཚེའུ། འཁྱགས་རོམ་སོགས་ཀྱི་སྔར་ཡོད་ཀྱི་རྣམ་པ་སྲུང་འཛིན་བྱས་ན་དེ་ནི་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་ཆེན་པོ་ཞིག་ཡིན་པ་དང་། འདི་ནི་ངའི་སེམས་འདུན་ཀྱང་ཡིན། ཁོས་མི་ཚེ་གང་བོ་གཡུ་འབྲུག་ལྷ་རྩེའི་རི་ཆུ་སྲུང་སྐྱོབ་བྱེད་པའི་ཐད་ལ་འབུལ་འདོད་པར་མ་ཟད། གནས་འདིའི་དྭངས་གཙང་གི་ཆུ་མོ་དང་སྔོ་བསངས་གི་ནམ་མཁའ་ལ་དེ་བས་ཀྱང་སྲུང་སྐྱོབ་བྱེད་འདོད་ཟེར། 

ལོ་ཙཱ། ཚེ་རིང་སྒྲོལ་མ།