བོད་ཇའི་དྲི་ཞིམ་ཁྱིམ་ཚང་སྟོང་ཕྲག་ཀུན་དུ་འཐུལ།
2017.10.17 ཁུངས། ཀློག་གྲངས། 16

མགོ་ལོག་རྩྭ་ཐང་དུ་ཇ་ལོའི་རྫོང་དཔོན་གླེང་མ་ཐག་མི་ཀུན་གྱིས་བསྟོད་པའི་མཐེ་བོང་མི་བསྒྲེངས་མཁན་དང་དགའ་བའི་འཛུམ་མདངས་མི་སྟོན་མཁན་གཅིག་ཀྱང་མེད། བཱང་ཏེ་ཅོན་ཞེས་པའི་མིང་བྱང་དེ་འབྲོག་པའི་རྣ་ལམ་དུ་རྒྱུན་དུ་གྲགས་ཞིང་བོད་ཇའི་དྲི་ཞིམ་རླུང་བུ་དང་འགྲོགས་ནས་རྒྱ་ཆེའི་འབྲོག་པ་རྣམས་ཀྱི་ཁྱིམ་དང་ཁོ་ཚོའི་སེམས་སུ་ཟུག་ཡོད།

བཱང་ཏེ་ཅོན་ནི་རྒྱལ་ཁབ་ནགས་ལས་ཅུའུ་ཡིས་མངགས་པའི་མཚོ་སྔོན་ཁ་གཏད་རོགས་སྐྱོར་གྱི་ལས་བྱེད་པ་ཞིག་ཡིན་ལ། ཁོ་རང་མཚོ་སྔོན་དུ་སྡོད་པའི་རིང་ལ། མགོ་ལོག་ཁུལ་པད་མ་རྫོང་གི་ཏང་ཨུའི་རྒྱུན་ལས་དང་རྫོང་དཔོན་གཞོན་པའི་འགན་ཁུར་ཡོད།

ཁོ་རང་མཐོ་སྒང་གི་རྩྭ་ཐང་དུ་འབྱོར་བའི་ཉིན་དེ་ནས་བཟུང་། མཚོ་སྔོན་ནི་ཁོའི་ཕ་ཡུལ་གཉིས་པར་གྱུར་བ་དང་། ཁོས་སེམས་ཤུགས་དང་སྟོབས་ཤུགས་ཡོད་ཚད་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གྱི་བྱ་བའི་ཐད་བཀོལ་བ་རེད།

མགོ་ལོག་ཁུལ་ནི་གཙང་གསུམ་འབྱུང་ཡུལ་གྱི་སྲོག་ཤིང་ལྟ་བུའི་སྲུང་སྐྱོབ་ས་ཁུལ་དུ་ཆགས་ཡོད་པས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་ལྗིད་མོ་ཕྲག་ཏུ་བབས་ཡོད་ལ། ཁུལ་ཡོངས་སུ་ཕལ་ཆེར་རྒྱལ་ཁབ་ཀྱི་གཏན་འགོག་དང་ཚད་བཀག་གི་གསར་སྤེལ་ས་ཁུལ་གཏོགས་ཡོད་པ་དང་། གུ་དོག་པའི་འཕེལ་རྒྱས་ཀྱི་བར་སྟོང་ནས་ཕན་འབྲས་མངོན་པའི་དབུལ་སྐྱོར་གྱི་ལམ་བུ་ཞིག་གསར་གཏོད་བྱེད་པ་ནི་ཆེས་བསམ་གཞིགས་བྱེད་རིན་ཡོད་པའི་དོན་དག་གལ་ཆེན་ཞིག་མ་ཡིན་ནམ།

བྱ་བ་བསྒྲུབས་པའི་གོ་རིམ་ཁྲོད་དུ་བཱང་ཏེ་ཅོན་གྱིས་ནན་ཏན་གྱིས་ཞིབ་འཇུག་དང་སེམས་ཞིབ་མོས་འཆར་འགོད། བློ་རིག་པས་རྟོག་དཔྱོད་སོགས་ཀྱི་ཐབས་ལམ་གང་མང་སྤྱད་མཐར་སྤྱི་ཚོགས་ལས་རིགས་ནས་ཐོན་ལས་གནས་བབ་དང་གཏེར་ལས་དང་ཕྱུགས་ལས། ཀྲུང་བོད་སྨན་རྩྭ། རིག་གནས། ཆུའི་ཐོན་ཁུངས་སོགས་ལ་དབྱེ་ཞིབ་གང་མང་བྱས་ཏེ་དབུལ་སྐྱོར་གྱི་ཐོན་ལས་ཤིག་གསར་གཏོད་བྱེད་པར་ཉིན་མཚན་ཀུན་ཏུ་འབད། ཁོས་བསམ་པར་མགོ་ལོག་ཁུལ་གྱི་ཀྲུང་བོད་སྨན་རྫས་དང་ཆུ་བེད། ཡུལ་སྐོར་བཅས་ཀྱི་ཐོན་ལས་གཞི་ཁྱོན་ཆུང་བ་དང་འགྲན་རྩོད་ནུས་ཤུགས་ཞན། ཡིན་ཡང་སྦས་ཤུགས་ཧ་ཅང་ཆེ་བར་སྙམ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། མགོ་ལོག་ཁུལ་པད་མ་རྫོང་གིས་ཧུར་ཐག་སྒོས་གདོད་མའི་བོད་ཇའི་ཐོན་ཁུངས་སྔོན་འདོན་བྱས་ཏེ་ཤུགས་ཆེན་པོས་བོད་ཇའི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། མཚོ་སྔོན་དུ་ཇ་ལོ་མི་སྐྱེ་བའི་ལོ་རྒྱུས་ལ་སྡོམ་ཚིག་བཀོད།

མཇུག་མཐར་བཱང་ཏེ་ཅོན་གྱིས་བོད་ཇ་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་གསལ་བོ་ཞིག་རྙེད་དེ་རྒྱུན་དུ་ཧྡི་མདའ་ཞང་དུ་གཞི་འདུག་བྱས་ནས་རོང་འབྲོག་མང་ཚོགས་དང་མཉམ་དུ་ཉིན་སུམ་ཅུ་ལྷག་ལ་བོད་ཇ་འདེབས་འཛུགས་བྱས་པ་དང་། འདེབས་འཛུགས་བྱས་པའི་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ཉིས་བརྒྱ་ལྷག་ཡོད་པར་མ་ཟད། ད་དུང་རང་ཉིད་ལ་3113ཞེས་པའི་དམིགས་འབེན་ཞིག་གཏན་འཁེལ་བྱས་པ་དང་། མཚོ་སྔོན་དུ་སྡོད་པའི་ལོ་གསུམ་གྱི་རིང་ལ། བོད་ཇ་སྤྱི་ཆིང་དྲུག་བརྒྱ་རེ་དྲུག་ལྷག་འདེབས་འཛུགས་བྱས་པ་མ་ཟད། དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་ལ་དབུལ་སྐྱོར་བྱས་པ་དང་། ཁྱིམ་རེའི་ལོ་རེའི་ཡོང་སྒོ་སྒོར་ཁྲི་གསུམ་ལས་བརྒལ་བ་རེད།

ཞིང་ཆེན་ནགས་ལས་ཐིན་གྱིས་རྒྱབ་སྐྱོར་ཆེན་པོ་བྱས་འོག པད་མ་རྫོང་ཧྡི་མདའ་ཞང་གིས་ལག་ལེན་དུ་བསྟར་བཞིན་པའི་མཚོ་སྔོན་ལོ་རྒྱུས་སྟེང་ཐོག་དང་པོར་གཞི་ཁྱོན་ཅན་གྱི་བོད་ཇ་མིས་ཐབས་ཀྱིས་འདེབས་འཛུགས་བྱེད་པའི་ལས་གཞི་དེར་ལེགས་འགྲུབ་བྱུང་བ་དང་། མིག་སྔར་མུའུ་ཁྲི་ཅན་གྱི་བོད་ཇའི་རྟེན་གཞི་ཐོག་མ་གསར་འཛུགས་བྱས་ཟིན།

རྗེས་ཕྱོགས་པད་མ་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་བོད་ཇའི་ཐོན་ལས་རྒྱ་བསྐྱེད་པར་རོགས་སྐྱོར་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བར་སྐུལ་འདེད་བཅས་བྱེད་ཆེད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཧྲང་ཧའེ་འབྲེལ་འཛུགས་སྡེ་ཁག་གིས་ཡང་བསྐྱར་ཆེད་དུ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་བྱེ་བ་གཅིག་ལྷག་བཀོད་སྒྲིག་བྱས་ཏེ། པད་མ་རྫོང་ཐོན་ལས་གླིང་ཁུལ་དང་ཟབ་སྦྱོང་རྟེན་གཞི་གསར་འཛུགས་བྱས་པར་མ་ཟད། བོད་ཇ་གསར་སྤེལ་དེའང་ཐོན་ལས་གླིང་ཁུལ་དུ་ཚུད་པ་རེད།

མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་ཧུར་ཐག་སྒོས་འབྲེལ་འདྲིས་བྱས་པར་བརྒྱུད། ཀྲུང་གོ་ཞིང་ལས་ཚན་རིག་གླིང་ཇ་ལོ་ཞིབ་འཇུགས་སོའོ་ཡི་ཁོངས་གཏོགས་སྟེ་ཧང་ཀྲིག་ལུང་ཀོན་ཇ་ལོ་ཁེ་ལས་ཚད་ཡོད་ཀུང་ཟི་དང་པད་མ་རྫོང་བོད་ཇ་གཉིས་ཀྱིས་བར་ལ་འབྲེལ་བ་ཟབ་མོ་བཙུགས་ཏེ་པད་མ་རྫོང་ལ་ཇ་ལོ་ལས་སྣོན་དང་སྒྲིག་བཟོ་སོགས་ཀྱི་ལག་རྩལ་གྱི་ཆེད་མཁས་ཟབ་སྦྱོང་འདོན་སྤྲོད་བྱས་པ་དང་། དེ་ལས་གཞན་ད་དུང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་རྣམས་ཀྱིས་ཧྲང་ཧའེ་ཆིན་ཕུའུ་ས་ཁུལ་གྱི་ཐུམ་སྒྲིལ་དང་ཕྱིར་འཚོང་ཀུང་ཟིའི་མི་སྣ་གདན་འདྲེན་ཞུས་ཏེ་པད་མའི་བོད་ཇའི་ཕྱི་ཐུམ་ཇུས་འགོད་དང་ཐོན་རྫས་ཚོང་རར་བཀྲམ་པར་རོགས་སྐྱོར་བྱས།

ཚང་མས་ཐུན་མོང་གི་འབད་བརྩོན་དང་འབྲེལ་འདྲིས་ཀྱི་མཐུན་སྦྱོར་ལ་བརྟེན་ནས། པད་མའི་བོད་ཇ་དེ་རྒྱལ་སྤྱིའི་གར་སྟེགས་ཆེན་མོར་བརྗོད་པའི་ཧྲང་ཧའེ་ཇ་ལོ་འགྲེམས་སྟོན་སྟེང་ཞུགས་ཏེ་ཐོན་རྫས་རྒྱ་བསྐྱེད་དང་ཕྱིར་འཚོང་ཕྱོགས་ལ་ཕན་འབྲས་ཆེན་པོ་བླངས། མིག་སྔར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མགོ་ལོག་བོད་ཇ་དེ་མཚོ་སྔོན་ཞིང་ཆེན་གྱིས་ཕྱི་ཕྱོགས་སྣེ་ལེན་གྱི་ཆེད་སྤྱོད་གསོལ་ཇ་རུ་གཏན་འཁེལ་བྱས།
 

ལོ་ཙཱ་བ། ཨ་བརྟན་རྒྱལ།