མཚོ་སྔོན་ཞིང་ཆེན་གྱིས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་བ།
2017.11.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་གི་དམངས་ཕན་སྲིད་ཇུས་མུ་མཐུད་དུ་འདོན་སྤེལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། རང་ཞིང་གི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་ཐད་མུ་མཐུད་དུ་ཤུགས་བསྣན་པ་དང་། རྩྭ་སའི་སྲིད་ཇུས་བཟོ་སྐྲུན་གཏིང་ཟབ་སྒོས་ལག་བསྟར་བྱས་པ། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མུ་མཐུད་དུ་ཇེ་ཞན་དུ་གྱུར་བར་ཕན་ནུས་ཡོད་པའི་བཀག་འགོག་བྱས་པས། རྩྭ་སའི་ཕྱུགས་ལས་ཀྱི་རྣམ་པ་མགྱོགས་མྱུར་སྒོས་བསྒྱུར་བ་དང་། འབྲོག་པ་རྣམས་ཀྱི་ཡོང་སྒོ་བརྟན་འཇགས་སྒོས་འཕར་སྣོན་བྱུང་བས། འབྲོག་ཁུལ་འཕེལ་རྒྱས་དང་ཕྱུགས་ལས་ཐོན་སྐྱེད། འབྲོག་པའི་འཚོ་བ་བཅས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

ཁྱད་པར་དུ། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ཀྱིས་མཚོ་སྔོན་དུ་སྔ་རྗེས་སུ་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱུགས་བསྐྱུར་རྩྭ་འདེབས། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གཙོ་བོ་སྐོར་ཞིག་དང་། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་པས། ཞིང་ཆེན་ཡོངས་ཀྱི་རྩྭ་སའི་རྩྭི་ཤིང་གི་ཁེབས་ཚད་བརྒྱ་ཆའི་རེ་དགུ་དང་གྲངས་ཆུང་གསུམ་ཇེ་མཐོར་སོང་བ་མ་ཟད། ཕྱུགས་རྩྭའི་ཐོན་ཚད་ཆ་སྙོམས་བྱས་ན་བརྒྱ་ཆའི་ཉེར་དྲུག་ཇེ་མཐོར་སོང་ཡོད་ལ། རྩྭ་སའི་སྐྱེ་ཁམས་མ་ལག་གི་ཆུ་ཁུངས་གསོ་གསོག་གི་ཚད་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཉེར་བརྒྱད་དང་བྱེ་བ་བཞི་རུ་འཕར་ཡོད་པ་དང་། འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་མངོན་གསལ་སྒོས་ལེགས་བཅོས་ཐོབ་ཡོད།

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱིས་རང་བྱུང་སླར་གསོ་དང་བཟོ་སྐྲུན་ལག་བསྟར་གཉིས་ཟུང་འབྲེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྩྭ་ཐང་གི་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བརྒྱད་ཅུ་དང་། རྩྭ་སར་ལྕགས་ར་སྤྱི་ཆིང་ས་ཡ་གསུམ་དང་འབུམ་བཞི་ཁྲི་གཅིག་སྟོང་བཞི་འཐེན་པ། གཟན་རྩྭའི་རྟེན་གཞི་རུ་གཟན་རྩྭ་སྤྱི་ཆིང་ཁྲི་གཉིས་དང་སྟོང་གཅིག་བདུན་བརྒྱ་བཏབ་པ། དྲོད་ཁང་ཁྲི་གཉིས་དང་སྟོང་བདུན་སུམ་བརྒྱ་ང་གཉིས་ལས་པ། རྩྭ་གསོག་ས་མུས་གྲུ་བཞི་མ་ས་ཡ་གཅིག་དང་ཁྲི་དགུ་སྟོང་བཞི་ལྷག་ལས་པ། རྩྭ་ས་སྤྱི་ཆིང་ས་ཡ་གསུམ་དང་འབུམ་དགུ་དྲུག་བརྒྱ་རུ་ཨ་བྲའི་གནོད་འཚེ་སྔོན་འགོག་བྱས་པ། རྩྭ་སའི་དུག་རྩྭ་སྤྱི་ཆིང་ཁྲི་བདུན་མེད་པར་བཟོས་པ་མ་ཟད། རོང་འབྲོག་པ་ཁྲི་གཉིས་དང་སྟོང་བརྒྱད་བརྒྱད་བརྒྱ་ལ་ཉི་འོད་ནུས་པའི་གློག་ཆས་དང་ཉི་འོད་ནུས་པའི་ཐབ་ཀ འབུད་ཤིང་གྲོན་ཆུང་བྱེད་པའི་ཐབ་ཀ་སོགས་ནུས་ཁུངས་གསར་བའི་སྒྲིག་ཆས་ཡོངས་འགྲུབ་བྱས།

2011ལོར། ཞིང་ཆེན་ཡོངས་ཀྱིས་འབྲོག་ཁུལ་དུ་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་རྐྱེན་སྲོལ་སྲིད་ཇུས་ལག་བསྟར་བྱས་པ་དང་། རྩྭ་ས་སྤྱི་ཆིང་བྱེ་བ་གཅིག་དང་ས་ཡ་དྲུག་ལ་ཕྱུགས་བཀག་པ་དང་། རྩྭ་ས་སྤྱི་ཆིང་བྱེ་བ་གཅིག་དང་ས་ཡ་ལྔ་རུ་རྩྭ་ཕྱུགས་དོ་སྙོམས་བྱས་པ། ཁ་གསབ་བྱ་དགའ་སྒོར་དུང་ཕྱུར་བཅུ་དགུ་དང་བྱེ་བ་བཞི་ས་ཡ་བདུན་དངོས་འབེབ་བྱས་པ། ལོ་ལྔའི་རིང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གོ་བདུན་དང་བྱེ་བ་གསུམ་ས་ཡ་ལྔ་བཏང་བ། ལུག་ས་ཡ་ལྔ་དང་འབུམ་བདུན་ཇེ་ཉུང་དུ་བཏང་བ། སྤྱི་ཆིང་འབུམ་གསུམ་གྱི་སྟེང་ཕྱུགས་རྩྭ་ལེགས་འདེབས་བྱས་པ། ཁྱིམ་ཚང་འབུམ་གཅིག་དང་ཁྲི་བདུན་སྟོང་གཉིས་ལ་ཐོན་སྐྱེད་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་བྱིན་པ་བཅས་ཀྱི་བྱ་བ་ལག་བསྟར་བྱས།

2016ལོར། ཞིང་ཆེན་ཡོངས་སུ་སྐོར་གསར་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་མགོ་བརྩམས་པ་དང་། ཕྱུགས་འགོག་པ་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་རྒྱ་ཁྱོན་མི་འགྱུར་བའི་གནས་ཚུལ་འོག ལོ་ཧྲིལ་བོའི་ནང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་ཉེར་བཞི་དང་བྱེ་བ་གཅིག་ས་ཡ་གསུམ་དངོས་འབེབ་བྱས་པ་མ་ཟད། རྒྱལ་ཡོངས་སུ་རྩྭ་སའི་སྐྱེ་ཁམས་དོ་དམ་མི་སྣའི་ལས་གནས་ཐོག་མ་བཙུགས་པ་དང་། 2017ལོར་ཞིང་ཆེན་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་དོ་དམ་མི་སྣ་ཁྲི་བཞི་དང་སྟོང་གཉིས་བདུན་བརྒྱ་དོན་བརྒྱད་ལ་སླེབས་ཡོད་ལ། རིམ་བཞིན་དོ་དམ་མི་སྣའི་མ་ལག་ཆ་ཚང་གྲུབ་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཕྱུགས་འགོག་པ་དང་རྩྭ་ཕྱུགས་དོ་སྙོམས་ས་ཁུལ་གྱི་ལྟ་སྐུལ་ཞིབ་བཤེར་ནུས་ཤུགས་ཇེ་དྲག་ཏུ་བཏང་།

སྲིད་ཇུས་དངོས་འབེབ་ཀྱི་བྱ་བ་ཇེ་དྲག་ཏུ་གཏོང་ཆེད། རང་ཞིང་གིས་རྒྱལ་ཡོངས་སུ་ཁ་གསབ་མ་དངུལ་དང་ཕྱུགས་འགོག་པ་དང་ཕྱུགས་ཇེ་ཉུང་དུ་གཏོང་བར་འབྲེལ་བ་ཡོད་པ། ཁ་གསབ་མ་དངུལ་དང་རྩྭ་ཕྱུགས་དོ་སྙོམས་ལ་འབྲེལ་བ་ཡོད་པ། དོ་དམ་མི་སྣའི་འགན་འཁྲི་ལག་བསྟར་དང་ལས་འབྲས་གླ་ཕོགས་ལ་འབྲེལ་བ་ཡོད་པ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་དང་ཁུལ། རྫོང་གི་སྲིད་གཞུང་གིས་ལོ་རེའི་དམིགས་འབེན་དཔྱད་ཞིབ་ལ་འབྲེལ་བ་ཡོད་པའི་ལས་འབྲས་དོ་དམ་ནང་རྐྱེན་ཐོག་མར་བཙུགས། ཁྱད་པར་དུ་འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལག་བསྟར་དང་། འབྲོག་ཁུལ་གྱི་ཁྱིམ་ཚང་འབུམ་གཅིག་དང་ཁྲི་དགུ་སྟོང་བདུན་དགུ་བརྒྱ་ཚང་མ་གཏན་སྡོད་བྱས་པ་དང་། འབྲོག་པ་ཁྱིམ་ཚང་འབུམ་གཅིག་དང་ཁྲི་གཅིག་སྟོང་གསུམ་གཏན་སྡོད་ཁང་གསར་ནང་གནས་སྤར། ཕྱུགས་སྤྱིལ་དྲོད་ཁང་ཁྲི་བདུན་དང་སྟོང་བདུན་ཡོངས་འགྲུབ་བྱས་པ་དང་། རྩྭ་ས་སྤྱི་ཆིང་ས་ཡ་དགུ་ལ་ལྕགས་ར་སྐོར་བ། ཞིང་ཆེན་ཡོངས་ཀྱི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་ཡི་རྒྱ་ཁྱོན་སྤྱི་ཆིང་འབུམ་ལྔ་རུ་སྲུང་འཛིན་བྱས་ཡོད།

རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་དེང་རབས་ལ་ཕན་ཁེ་བསྐྲུན་པ་དང་མི་རབས་རྗེས་མར་བྱས་རྗེས་འཇོག་པ་ཞིག་རེད། 2008ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཛུགས་པ་དེ་མགོ་རྩོམ་ས་བྱས་ནས། ནུས་ཤུགས་ཡོད་དགུས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ལ་སྐུལ་འདེད་བྱས་པ་དང་། ཕྱུགས་སྤྱིལ་ཁང་དུ་གསོ་བ་དང་ཕྱུགས་ཁྱུའི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། སྒོ་ཕྱུགས་འཁོར་རྒྱུག་ཇེ་མགྱོགས་སུ་གཏོང་བ། ཕྱུགས་འཚོ་ཐབས་ཇེ་ལེགས་སུ་གཏོང་བ། སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་ཏེ་འཛུགས་སྐྲུན་གསོ་སྤེལ་གྱི་རྣམ་པར་བསྒྱུར་ནས། སྐྱེ་ཁམས་ནུས་པ་གཙོར་ཡིན་པ་ནས་ཐོན་སྐྱེད་སྐྱེ་ཁམས་ལྷད་མེད་ཟུང་འབྲེལ་དང་སྐྱེ་ཁམས་སྔོན་ལ་ལག་བསྟར་བྱེད་པའི་འདུ་ཤེས་གསར་སྐྲུན་མངོན་འགྱུར་བྱས་པ་དང་། ཁྱིམ་ཚང་ཐར་ཐོར་དུ་གནས་པའི་དཔལ་འབྱོར་ཆུང་བ་ནས་མཉམ་ལས་མ་རྐང་ལམ་ལུགས་གཙོར་ཡིན་པའི་ཚོང་གཉེར་རྣམ་པ་གསར་སྐྲུན་བྱས།
མིག་སྔར། ཞིང་ཆེན་ཡོངས་སུ་བསྡོམས་པས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དགུ་བརྒྱ་རེ་གཅིག་བཙུགས་ཡོད་པ་དང་། འབྲོག་པ་མཉམ་ལས་ཁང་དུ་ཞུགས་ཚད་དང་ཕྱུགས་ཟོག རྩྭ་ས་གཅིག་བསྡུས་བྱས་ཚད་བཅས་སོ་སོར་བརྒྱ་ཆའི་དོན་གཉིས་གྲངས་ཆུང་ལྔ་དང་བརྒྱ་ཆའི་རེ་བདུན་གྲངས་ཆུང་བརྒྱད། བརྒྱ་ཆའི་རེ་དྲུག་གྲངས་ཆུང་དགུ་བཅས་སུ་སླེབས་ཡོད། ཕྱུགས་སྤྱིལ་ཁང་དང་མཚམས་ལན་རེར་རྩྭ་ཐང་དུ་འཚོ་བའི་ལུག་ས་ཡ་གསུམ་དང་འབུམ་གཉིས་ཁྲི་བཞི་སྟོང་བརྒྱད་ལ་སླེབས་ཡོད་པས། རང་བྱུང་རྩྭ་སའི་ཕྱུགས་འཚོ་བའི་གནོན་ཤུགས་དངོས་གནས་ཇེ་ཡང་དུ་བཏང་ཡོད་པ་དང་། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཕན་འབྲས་བརྟན་པོ་ཐོབ་ཡོད།

ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་སྔ་རྗེས་སུ«མཚོ་སྔོན་ཞིང་ཆེན་གྱི<ཀྲུང་ཧྲུ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྩྭ་སའི་བཅའ་ཁྲིམས>བྱེད་ཐབས།»«མཚོ་སྔོན་ཞིང་ཆེན་རྩྭ་སའི་འགན་གཙང་ལེན་ཚོང་གཉེར་དབང་ཆ་འཁོར་རྒྱུག་བྱེད་ཐབས།»«གཞི་རྩའི་རྩྭ་ས་དབྱེ་འབྱེད་གཏན་འཁེལ་བྱ་བའི་བསམ་འཆར།»«རྩྭ་ཕྱུགས་དོ་སྙོམས་དང་ཕྱུགས་འགོག་དོ་དམ་གནས་སྐབས་བྱེད་ཐབས།»«རྩྭ་སའི་དོ་དམ་མི་སྣའི་དོ་དམ་བྱེད་ཐབས»སོགས་བཅའ་ཁྲིམས་ཁྲིམས་སྲོལ་རབ་དང་རིམ་པ་དངོས་སུ་བཏོན་པ་དང་། དངོས་གནས་རྩྭ་སའི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་བར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་སུ་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ཆེད་གཉེར་བྱ་འགུལ་མུ་མཐུད་དུ་སྤེལ་བ་དང་། ཁེ་ལས་ཞེ་བརྒྱད་ཀྱིས་རྩྭ་ས་བསྡུ་ལེན་དང་བེད་སྤྱོད་ཀྱི་དཔྱད་ཞིབ་མཆན་འགོད་འགྲོ་ལུགས་བསྒྲུབ། 2013ལོའི་ཚུན་ལ། ཞིང་ཆེན་ཡོངས་སུ་བསྡོམས་པས་རྩྭ་སའི་ཁྲིམས་འགལ་གྱོད་དོན་ཉིས་བརྒྱ་ང་བདུན་རྩད་ཞིབ་ཐག་གཅོད་བྱས། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་བཟོ་སྐྲུན་སྣ་ཚོགས་ལག་བསྟར་དང་སྲིད་ཇུས་དངོས་འབེབ་བྱས་པ་བརྒྱུད། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་སྤྱིའི་ཆ་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

ལོ་མང་པོའི་ལྟ་ཞིབ་ཚད་ལེན་གྱི་བསྡོམས་རྩིས་ལྟར་ན། རྩྭ་སའི་རྩྭི་ཤིང་གི་ཁེབས་ཚད་དང་རྩྭའི་ཐོན་ཚད2010ལོའི་མུའུ་རེ་ནས་སྤྱི་བརྒྱ་བརྒྱ་དང་ང་དགུ་ཐོན་པ་ནས་མིག་སྔར་སྤྱི་བརྒྱ་བརྒྱ་དང་བདུན་ཅུ་རུ་འཕར་ཡོད། རྩྭ་སའི་རྩྭི་ཤིང་གི་ཁེབས་ཚད་བརྟན་འཇགས་ཡིན་ལ་རྣམ་པ་ལེགས་པོའི་ཕྱོགས་སུ་འཕེལ་བཞིན་ཡོད་པ་དང་རྩྭ་སའི་རྒྱ་ཁྱོན་བརྒྱ་ཆའི་གྱ་དྲུག་དང་གྲངས་ཆུང་བརྒྱད་ལྔ་ཟིན་ཡོད། རྩྭ་སའི་རྩྭི་ཤིང་མངོན་གསལ་སྒོས་སླར་གསོ་ཐོབ་པ་དང་ཆུ་ཁུངས་གསོ་གསོག་ནུས་པ་མཐོར་འདེགས་ཆེན་པོ་འབྱུང་བཞིན་ཡོད་པས། འབྲི་ཆུ་དང་རྨ་ཆུ་སོགས་ཆུ་རྒྱུན་གཙོ་བོའི་ཆུ་ཁུངས་ལོ་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། ཕྱུགས་ཟོག་ཚད་བརྒལ་བྱུང་ཚད་དེ2010ལོའི་བརྒྱ་ཆའི་སོ་ལྔ་གྲངས་ཆུང་བདུན་དགུ་ནས་བརྒྱ་ཆའི་གསུམ་དང་གྲངས་ཆུང་བདུན་བཞི་རུ་མར་ཆགས་ཡོད་པ་དང་། སྤྱིའི་ཆ་ནས་རྩྭ་ཕྱུགས་དོ་མཉམ་མངོན་འགྱུར་བྱུང་ཡོད།

2016ལོར་འབྲོག་པ་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར་སྟོང་བརྒྱད་དང་དྲུག་བརྒྱ་རེ་བཞི་ལ་སླེབས་ཡོད་པ་དང་། 2010ལོ་ལས་སྒོར་སྟོང་གསུམ་དང་བརྒྱད་བརྒྱ་རེ་གཉིས་འཕར་ཡོད་ལ། འཕར་ཚད་བརྒྱ་ཆའི་བརྒྱ་དང་ཉེར་བཞི་གྲངས་ཆུང་གསུམ་རེད། འབྲོག་པ་འབུམ་ལྔ་དང་ཁྲི་གསུམ་ལྷག་རྫོང་མཁར་དང་གྲོང་རྡལ་དུ་གཏན་སྡོད་བྱས་ཡོད་ལ། གཏན་སྡོད་སྡོད་ཁུལ་བརྒྱ་དང་དོན་གསུམ་གྲུབ་ཡོད། འབྲོག་པ་ཁྲི་དྲུག་ལ་ཉེ་བས་སྦྲ་གུར་གསར་བ་བཀོལ་བ་དང་། རང་བྱུང་རྩྭ་ཐང་ལ་བརྟེན་ཚད་ཇེ་དམའ་རུ་འགྲོ་བཞིན་ཡོད།

2016ལོར། རྒྱལ་ཁབ་སྤྱི་གླིང་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་གནས་ལ་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་ཁོངས་གཏོགས་རྫོང་བཞི་རུ་སྐྱེ་ཁམས་དོ་དམ་མི་སྣ་སྟོང་བརྒྱད་དང་དྲུག་བརྒྱ་ཉེར་གསུམ་གསར་དུ་ཁ་སྣོན་བྱས། ཞིང་ཆེན་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་དོ་དམ་མི་སྣའི་སྤྱིའི་གྲངས་ཀ་ཁྲི་གཉིས་དང་སྟོང་གཉིས་ལྔ་བརྒྱ་བཅུ་བདུན་དུ་འཕར་ཡོད།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་ཆེད། གནད་ཕིགས་དབུལ་སྐྱོར་བྱ་བར་ཟུང་འབྲེལ་བྱས་ཏེ། 2017ལོར་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ནུས་ཁུལ་གཙོ་བོ་རུ་སྐྱེ་ཁམས་དོ་དམ་མི་སྣ་ཁྲི་གཉིས་དང་ཉིས་བརྒྱ་རེ་གཅིག་གསར་དུ་ཁ་སྣོན་བྱས་པ་དང་། དེ་དག་ཚང་མ་ནི་གནད་ཕིགས་དབུལ་སྐྱོར་གྱི་ཁྱིམ་ཚང་རེད། མིག་སྔའི་བར་དུ། གདན་ཞུ་དང་གསོ་སྦྱོང་། ལས་ཞུགས་བཅས་ཀྱི་བྱ་བ་ཡོངས་འགྲུབ་བྱས་ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དོ་དམ་མི་སྣ་ཁྲི་བཞི་དང་སྟོང་གཉིས་བདུན་བརྒྱ་དོན་བརྒྱད་དུ་སླེབས་ཡོད།

རང་ཞིང་གི་རྩྭ་སའི་སྐྱེ་ཁམས་དོ་དམ་མི་སྣ་ནི་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་མཁན་དང་ཁ་གསབ་སྲིད་ཇུས་ཀྱི་གྲུབ་འབྲས་སྲ་བརྟན་ལག་བསྟར་བྱེད་མཁན། རྩྭ་སའི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་སྒྲོག་མི་སྣ། རྩྭ་སའི་སྐྱེ་ཁམས་ལས་གཞིའི་ལྟ་སྐུལ་མི་སྣ་བཅས་ཡིན་པས། རྩྭ་སའི་སྐྱེ་ཁམས་དོ་དམ་ཐད་ཀྱི་སྲོག་ཤིང་ལྟ་བུར་གྱུར་ཡོད། ཁོ་ཚོས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་རྩྭ་སའི་ཁྲིམས་འགལ་གྱོད་དོན་རྩད་གཅོད་པ། སྲིད་ཇུས་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་པ། རྗེས་འདེད་ལྟ་སྐུལ་ལས་གཞི་ལག་བསྟར་བྱེད་པ། རྩྭ་ཕྱུགས་ཀྱི་གཞི་རྩའི་གནས་ཚུལ་ཞིབ་བཤེར་བྱེད་པ། ས་ཁུལ་གྱི་བརྟན་འཇགས་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཐད་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།