བུད་མེད་མཛངས་མ་ཞིག་གི་མི་ཚེ་གཏམ་རྒྱུད།
2017.11.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 90

ཡུམ་སྐྱིད་སྒྲོལ་མ་ནི་ལས་དབང་བཙོག་པའི་བུད་མེད་ཅིག་ཡིན་ལ། ཁོ་མོའི་ཆེས་མཛེས་སྡུག་གི་ལོ་ཟླའི་ནང་དུ་དཀའ་ངལ་མང་པོ་མྱངས་། ཁོ་མོའི་བཟའ་ཟླ་སྔ་མོ་ནས་ཚེ་ལས་འདས་ཤིང་། བྱིས་པ་གཉིས་ལའང་ན་རྒྱུ་མང་བོ་ཡོད་ཀྱང་། ཁོ་མོ་སྔར་བཞིན་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད། ཉིན་གཅིག་ལ་སོ་ཕག་སྐྱེལ་འདྲེན་བྱས་ན་སྒོར་མོ་ལྔ་བཅུའི་ཡོང་སྒོ་ཉུང་ཉུང་ཡོད་པ་དང་། འདས་པའི་ལོ་ཟླ་མང་པོའི་ཁྲོད་ཁོ་མོས་རྔུལ་ཆུ་མང་པོ་གཏོར་ཡང་། དགའ་སྤྲོ་མང་པོ་ཞིག་ཀྱང་ངང་གིས་ཐོབ། ཉིན་ནས་ཉིན་དང་། ལོ་ནས་ལོ་མཐུད་པ་བརྒྱུད། ཁོ་མོའི་བུ་ཆུང་གིས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ་དང་། སྐབས་དེར། ཁོ་མོས་ད་གཟོད་རང་གིས་མིག་ཟུར་དུ་རྒས་པའི་གཉེར་མ་ཕབ་ཡོད་པ་རྟོགས། ཡུམ་སྐྱིད་སྒྲོལ་མར་གནམ་ས་སྒུལ་བྱེད་ཀྱི་བྱས་རྗེས་ཆེན་པོ་མེད་ཀྱང་། ཁོ་མོའི་སེམས་ནང་གི་དད་སྟོབས་ཀྱིས་བརྩེ་སེམས་ཀྱི་རི་མོ་ཞིག་བྲིས་ཡོད།

ལོ་བཅུའི་སྔོན་གྱི་དགུན་གཞུང་ཞིག་ལ། ཡུམ་སྐྱིད་སྒྲོལ་མས་རང་ཁྱིམ་ལ་གད་བདར་བྱེད་བཞིན་རང་གི་སྐྱེས་པ་དཔོན་མཆོག་རྒྱལ་གྱིས་བུ་དང་བུ་མོ་གཉིས་སློབ་གྲྭ་ནས་བསུ་ཡོང་བཞིན་པར་སྒུག་བསྡད། ཡིན་ནའང་ཁོ་མོས་སྒུག་ཡོང་བ་ནི་རང་གི་སྐྱེས་པར་རླངས་འཁོར་གྱིས་དོན་རྐྱེན་བྱུང་བ་དེ་རེད། ཁོ་མོ་རླངས་འཁོར་གྱི་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་ཐོན་པ་ན། རླངས་འཁོར་དེ་བྲོས་སོང་བ་དང་། ཁྲག་ནང་དུ་བརྫིས་པའི་རང་གི་སྐྱེས་པ་དང་བྱིས་པ་གཉིས་ཤུལ་དུ་བསྐྱུར་འདུག ཞེ་སྡུག་ཅིང་སྙིང་ལ་ཟུག་པའི་བྱིས་པའི་ངུ་སྐད་ཀྱི་ཁྲོད་ནས་ཁོ་མོས་རང་གི་སྐྱེས་པ་དང་བྱིས་པ་གཉིས་སྨན་ཁང་དུ་བསྐྱལ།

མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ཞེས་པ་བཞིན། ཁྱིམ་གྱི་གདུང་མ་ལྟ་བུའི་སྐྱེས་པ་ཐེངས་འདིའི་རླངས་འཁོར་དོན་རྐྱེན་ཁྲོད་ཚེ་ལས་འདས་པ་དང་། དོན་རྐྱེན་བྱུང་རྗེས། བུ་མོ་བུན་ཁྲང་འཚོ་ཁ་གྲག་རྒྱུར་མི་དགའ་བར་གྱུར་བ་མ་ཟད། ནམ་རྒྱུན་སྤྲོ་སྣང་མེད་པར་གྱུར་ཏེ་སྙིང་ཡང་ནད་པར་གྱུར་བ་དང་། ཅུང་ཙམ་སྐྲག་སྣང་བྱུང་ཚེ་མྱུར་མོར་བརྒྱལ་འགྲོ་བས་ཡུམ་སྐྱིད་སྒྲོལ་མས་བུ་མོ་ཁྲིད་དེ་གང་སར་སྨན་པར་སྟོན་དུ་སོང་། ལོ་གཉིས་ཀྱི་རིང་ལ། ཁོ་མོ་སྨན་ཁང་ཆེ་ཆུང་མང་པོར་སོང་ནས་བུ་མོར་ལྟ་སྐྱོང་བྱས་པ་བརྒྱུད་བུ་མོའི་ནད་གཞི་ཇེ་བཟང་དུ་སོང་བ་དང་། དེ་ནས་ཡུམ་སྐྱིད་སྒྲོལ་མས་བུ་མོ་སློབ་གྲྭར་བསྐྱལ། ཡིན་ནའང་། ཅང་མ་འགོར་བར་དངུལ་ཁང་གི་བསྐྱི་དངུལ་ལེན་པའི་ཡི་གེ་ཞིག་ཡུམ་སྐྱིད་སྒྲོལ་མར་འབྱོར་བ་དེས་སྐྱེས་པ་འདས་བའི་སྡུག་བསྔལ་གྱིས་གཟིར་བའི་བུད་མེད་ཡུམ་སྐྱིད་སྒྲོལ་མ་ཅི་བྱ་གཏོལ་མེད་དུ་བཏང་། བསྐྱི་དངུལ་སྒོར་མོ་ཁྲི་གཅིག་དང་སྟོང་བརྒྱད་པོ་དེ་ལོ་རེའི་ཡོང་སྒོ་སྒོར་མོ་ཁྲི་གཅིག་ལའང་མི་འབུད་པའི་ཡུམ་སྐྱིད་སྒྲོལ་མ་ཚང་ལ་མཚོན་ན་གྲངས་ཀ་འབོར་ཆེན་ཞིག་རེད། ཡིན་ཡང་། ཡུམ་སྐྱིད་སྒྲོལ་མས་དངུལ་ཁང་གི་བསྐྱི་དངུལ་འགོར་འགྱངས་བྱེད་མི་ཉན་པ་ཤེས་ཡོད་པས། ཁོ་མོས་སྐབས་དེར་རང་ཁྱིམ་གྱི་འདུག་ཁང་གྱན་གསུམ་ཡོད་པ་དེ་གཞན་ལ་བཙོངས་སྟེ་སྒོར་མོ་རྣམས་དངུལ་ཁང་གི་བསྐྱི་དངུལ་ཚབ་ཏུ་བྱིན། གཉེན་ཉེ་དང་བྲལ་བ་དང་། འདུག་ཁང་ཡང་གཞན་ལ་བཙོངས་བས། མ་གཞི་དྲོད་སྐྱིད་འཛོམས་པའི་འཚོ་བའི་རྟིང་འོག་བརྗེས། དེ་ནས་ཁོ་མོ་རང་གི་ཨ་ཅེའི་ཁྱིམ་དུ་བསྡད། མཚམས་ལན་རེར་ཁོ་མོས་ཅི་བྱེད་དགོས་པའང་མི་ཤེས་པར་གྱུར་ཏེ། འཇིག་རྟེན་འདི་དང་གཏན་བྲལ་བྱེད་རྒྱུའི་བསམ་བློ་ཡང་སྐྱེས་མྱོང་། ཡིན་ཡང་མལ་སར་ཡོད་པའི་ཨ་ཡེ་དང་འཚར་ལོངས་བྱུང་མེད་པའི་རང་གི་བྱིས་པ་གཉིས་ཀྱི་ངོ་ལ་བལྟོས་ནས་ཡང་བསྐྱར་བློ་སྤོབས་བསྐྱེད་དེ་མུ་མཐུད་དུ་འཚོ་བ་ལ་བརྩོན།

ཨ་ཡེ་དང་བྱིས་པ་གཉིས་ལ་ལྟ་སྐྱོང་ལེགས་པོ་བྱེད་དགོས་པའི་བསམ་བློ་འདི་ལ་བརྟེན་ནས་ཁོ་མོས་ལོ་ངོ་བཅུ་གཅིག་རིང་ལ་རྒྱུན་འཁྱོངས་བྱས།

ཨ་ཡེ་ལོ་ན་ཇེ་ཆེར་སོང་བ་དང་། འགྲོ་འདུག་སྤྱོད་གསུམ་ཡོད་ཚད་ལ་གཞན་གྱིས་ལྟ་སྐྱོང་བྱེད་དགོས་པས། ཡུམ་སྐྱིད་སྒྲོལ་མས་རང་ཁྱིམ་གྱི་ཉེ་འགྲམ་ནས་ཞོར་ལས་གཉེར་ཏེ་སྒོར་མོ་ཉུང་ཉུང་བཙལ་ནས་འཚོ་བའི་རྒྱུན་སྐྱོང་བཞིན་ཡོད། ཞོགས་པའི་དུས་ཚོད་གསུམ་བཞིའི་སྟེང་དུ་ཁོ་མོ་མལ་ལས་ལངས་ཏེ་ཉེ་འཁོར་དུ་དབྱར་རྩྭ་དགུན་འབུ་བརྐོ་བཞིན་པའི་མི་རྣམས་ལ་ནངས་ཇ་བསྐོལ་བཞིན་ཡོད་པ་དང་། དུས་མཚུངས་སུ་ཁྱིམ་ཚང་གཞན་གྱི་ནོར་ལུག་ལ་ལྟ་སྐྱོང་བྱེད་བཞིན་ཡོད་པས། ཁོ་མོར་ཟླ་རེའི་ཆེས་དམའ་བའི་འགན་སྲུང་མ་དངུལ་ཡོད་པ་ལས་གཞན། ཉིན་རྒྱུན་གྱི་ལས་ཀ་འདི་དག་ནི་ཁོ་མོའི་ཁྱིམ་ཚང་གི་ཡོང་སྒོ་གཙོ་བོ་ཞིག་ཏུ་གྱུར་ཡོད།

དགོང་མོར། ཁོ་མོས་ད་དུང་ཉེ་འགྲམ་གྱི་ལས་ཀ་ལས་ས་ནས་ཞོར་ལས་གཉེར་བཞིན་ཡོད་པ་དང་། ཁོ་མོའི་ལས་ཀ་གཙོ་བོ་ནི་སོ་ཕག་སྐྱེལ་འདྲེན་བྱེད་པ་དང་། དངོས་པོ་རླངས་འཁོར་ལས་མར་ལེན་པ་དེ་ཡིན་ལ། ཐེངས་གཅིག་ལ་སྒོར་མོ་ལྔ་བཅུའི་གླ་ཆ་ལེན་བཞིན་ཡོད། ལོ་བཅུ་ཕྲག་འགའ་ཉིན་གཅིག་ལྟར་ལས་ཀ་ལས་ནས་བཙལ་བའི་ཡོང་སྒོ་ཉུང་ཉུང་དེས་ཁྱིམ་གཞི་འདི་སྐྱོང་བཞིན་ཡོད་ལ། གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་པའི་ཉིན་འགའི་སྔོན་ཏག་ཏག་ལ་ཡུམ་སྐྱིད་སྒྲོལ་མ་ད་དུང་རྡོ་སོལ་ཁུག་མའི་ནང་སྡུད་པའི་ལས་ཀ་ལས་རུ་སོང་ནས་ཡོང་སྒོ་བཙལ་འདོད་ཡོད་པ་དང་། རྡོ་སོལ་ཁུག་མ་གཅིག་ལ་རྒྱ་མ་བརྒྱ་ལྷག་ཡོད་པ་དང་། ཁུག་མ་གཅིག་བཀང་བར་བྱས་ན་སྒོར་མོ་གཅིག་གི་གླ་ཆ་ཡོད་པ་རེད།
ལོ་ཟླ་ནི་དུས་ཚོད་འཁོར་ལོའི་འགྲོས་དང་བསྟུན་ནས་བགྲོད་བཞིན་ཡོད་ལ། ཡུམ་སྐྱིད་སྒྲོལ་མས་དུས་ཚོད་ཀྱི་འཁོར་འགྲོས་ཀྱང་བརྗེད་པ་དང་། རང་ཉིད་ཀྱི་དཀའ་ངལ་དེ་བས་ཀྱང་བརྗེད་འདུག རང་གི་བུ་ཆུང་གིས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་སྐབས་དེར་ཁོ་མོས་ལོ་ཟླའི་རྒས་གཉེར་ཁོ་མོའི་མིག་ཟུར་དུ་མངོན་པ་ཚོར། བུ་ཆུང་སློབ་གྲྭ་ཆེན་མོའི་སྒོ་ཐེམ་འགྲིམས་པའི་གྲུབ་འབྲས་མཐོང་བ་ན། ཁོ་མོས་རང་གི་དཀའ་སྡུག་མྱངས་པ་ཡོད་ཚད་རིན་ཐང་ལྡན་པར་འདོད་ཡོད། ཁོ་མོའི་སྐྱེས་པར་རླངས་འཁོར་དོན་རྐྱེན་བྱུང་བའི་རྗེས་ནས་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཧ་ཅང་ཞན་པས། བྱིས་པ་གཉིས་རང་དང་མཉམ་པའི་བྱིས་པ་གཞན་དག་ལས་བསམ་ཤེས་ཞིག་ཏུ་གྱུར་ཡོད་ལ། ཨ་མའི་དཀའ་སྡུག་ཤེས་མཁན་ཞིག་ཏུ་གྱུར་ཡོད་པས། དུས་རྒྱུན་ཨ་མར་ལས་ཀ་ལས་རོགས་བྱེད་པའི་དུས་མཚུངས་སུ་ད་དུང་རང་ཉིད་ཀྱི་སློབ་སྦྱོང་གི་ཕྱོགས་ལའང་འབད་བརྩོན་བྱེད་བཞིན་ཡོད། ད་ལོ་ལོ་ཉེར་གཉིས་ཡིན་པའི་བུན་ཁྲང་རྡོ་རྗེ་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཞིག་ཡིན་པ་དང་། ད་དུང་དམའ་འབྲིང་འགྲིམས་བཞིན་པའི་བུ་མོས་ཀྱང་ཕུ་བོ་ལྟར་སློབ་གྲྭ་ཆེན་མོ་ཞིག་ཏུ་འགྲིམས་རྒྱུའི་ཆོད་སེམས་བརྟན་པོ་བཅངས་ཡོད། བྱིས་པ་གཉིས་ཡ་རབས་ཡིན་པ་དེ་ནི་ཡུམ་སྐྱིད་སྒྲོལ་མའི་ཆེས་ཆེ་བའི་བདེ་སྐྱིད་དང་ང་རྒྱལ་ཅིག་ཏུ་བརྩིས་ཡོད་པ་དང་། ཁོ་མོའི་ཆེས་ཆེ་བའི་རེ་བ་ཡང་བྱིས་པ་གཉིས་ཡིན།
མི་ཚེའི་ཆེས་མཛེས་སྡུག་ལྡན་པའི་དུས་སྐབས་སུ་ཉམ་ཆུང་གི་བུད་མེད་འདིས་དཀའ་ངལ་ཡོད་ཚད་གདོང་གིས་བསུས་ཏེ། འཚོ་བའི་དཀའ་སྡུག་ཡོད་ཚད་ལ་གདོང་གཏད་པ་དང་། ཁོ་མོའི་དངོས་ཡོད་ཀྱི་འགུལ་སྐྱོད་ལ་བརྟེན་ནས་བོད་རིགས་བུད་མེད་མཛངས་མ་ཞིག་དང་། ཨ་མ་རླབས་ཆེན་ཞིག་གི་ལས་འགན་གསལ་བོར་བརྗོད་ཡོད།

ལོ་ཙཱ། ཚེ་རིང་སྒྲོལ་མ།