གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཡུལ་ལྗོངས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ།
2017.11.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 46

ཟླ་བརྒྱད་པའི་གཉན་པོ་གཡུ་རྩེའི་མཚོ་མོ་དྭངས་ཤིང་གཙང་ལ། རྩྭ་ཐང་ནི་གཡུ་ཡི་མནྡལ་བྱུགས་པ་ཇི་བཞིན་སྔོ་ཞིང་ལྗང་བ་དང་། རི་སྐྱེས་མེ་ཏོག་རྣམ་པར་བཀྲ་ཞིང་མཚེར། མེ་ཏོག་སེར་པོ་དང་། སྨུག་པོ། དཀར་པོ། དམར་སྨུག་སོགས་ཀྱིས་མིག་དབང་འཕྲོག་པར་བྱེད།

རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་ལྗོངས་ཁུལ་གྱི་གཉན་པོ་གཡུ་རྩེ་རྒྱལ་ཁབ་ས་གཤིས་སྤྱི་གླིང་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དུ་ཡོད་པ་དང་། དེ་ནི་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་གསུམ་གྱི་འབྲེལ་མཚམས་སུ་ཡོད་ལ། ས་ཁམས་ཀྱི་གནས་བབ་བཟང་ཞིང་། ཁོར་ཡུག་ཁྱད་དུ་འཕགས་ལ། རང་བྱུང་གི་ཡུལ་ལྗོངས་ལྟ་ན་སྡུག་པ་དང་། རི་དང་མཚེའུ་ཅུང་མང་བ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སྟོང་གཉིས་དང་ཉིས་བརྒྱ་སོ་བརྒྱད་ཡོད་པ་དང་།  འཁྱགས་རོམ་ཞུ་ཟིན་པའི་ས་ཁྱོན་གྱིས་སྤྱི་ལེ་གྲུ་བཞི་མ་བརྒྱད་བརྒྱ་ཟིན་ཡོད།

གཅིག་སྒྲིལ་རྫོང་གི་རིགས་སོ་སོའི་བུ་དང་བུ་མོ་ཁྲི་གཉིས་དང་སྟོང་བརྒྱད་ལྷག་ལ་མཚོན་ནས་བཤད་ན། གཉན་པོ་གཡུ་རྩེ་ནི་བརྗིད་ཉམས་ལྡན་པའི་བླ་རི་ཞིག་ཡིན་པ་དང་། དེ་ནི་མཛེས་པ་ཀུན་ནས་རྫོགས་པའི་ལྷའི་སྐྱེད་ཚལ་ཞིག་དང་འདྲ་ལ། མང་ཚོགས་ཕྱུག་བསྒྱུར་དང་། འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་གསེར་རི་དང་དངུལ་རི་ལྟ་བུ་ཞིག་ཀྱང་རེད།

གཉན་པོ་གཡུ་རྩེ་རྒྱལ་ཁབ་ས་གཤིས་སྤྱི་གླིང་གསར་སྤེལ་གྱི་ཡུན་རིང་གི་འཆར་གཞིའི་སྐོར་ནས་གླེང་སྐབས། གཅིག་སྒྲིལ་རྫོང་གནས་སྐོར་ཅུའུ་ཡི་ཅུའུ་ཀྲང་ཙི་མེན་ཧྲིན་གྱིས་གསར་འགོད་པར་བཤད་རྒྱུར། གཉན་པོ་གཡུ་རྩེ་ནི་རང་བྱུང་ཁམས་ཆེན་མོས་བསྐྲུན་པ་ཞིག་ཡིན་ལ། ང་ཚོའི་གསེར་རི་དང་དངུལ་རི་ཡིན་པར་མ་ཟད། སྲུང་སྐྱོབ་ཀྱི་ཁྲོད་ནས་འཕེལ་རྒྱས་བརྩོན་པ་ནི་ང་ཚོས་དུས་ཡུན་རིང་བོར་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཡིན་ལ།  འདི་ལྟར་བྱས་ན་ང་ཚོའི་མི་རབས་རྗེས་མས་ད་གཟོད་རང་བྱུང་ཁམས་ཀྱི་མཛེས་པ་ཉམས་སུ་མྱོང་ཐུབ་ཟེར།

ཉེ་བའི་ལོ་འགའི་རིང་ལ། གཅིག་སྒྲིལ་རྫོང་གིས་གཉན་པོ་གཡུ་རྩེའི་གནས་སྐོར་ཐོན་ཁུངས་ལ་བརྟེན་ནས་ས་ཁོངས་ཡོངས་ལྗོངས་ཁུལ་དུ་གཏོང་བ་དང་དུས་ཚིགས་བཞི་བོར་གནས་སྐོར་བྱེད་ཆོག་པའི་བྱ་བ་འཕེལ་རྒྱས་སུ་བཏང་སྟེ། གནས་སྐོར་ཐོན་ཁུངས་ཚོང་ར་ཅན་དུ་བསྒྱུར་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཚད་གཞི་མཐོ་བའི་སྒོ་ནས་ལྗོངས་ཁུལ་བྱེད་ས་གཙོ་བོ་འཛུགས་སྐྲུན་བྱས་ནས། གནས་སྐོར་ལས་རིགས་དང་ལས་རིགས་གཞན་པའི་མཉམ་འདྲེས་འཕེལ་རྒྱས་བྱ་བར་ཡར་སྐུལ་དང་། འབད་བརྩོན་ཆེན་པོས་ཞིང་ཆེན་ཡོངས་ཀྱི་མཐོ་སྒང་གི་སྐྱེ་ཁམས་གནས་སྐོར་རྫོང་མིང་གྲགས་ཅན་འཛུགས་སྐྲུན་བྱེད་རྒྱུ་འབད་བརྩོན་བྱས།

གཉན་པོ་གཡུ་རྩེའི་སྐྱེ་ཁམས་གནས་སྐོར་བྱེད་ས་དེ་ནི་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ་གསུམ་གྱི་གནས་སྐོར་དཔལ་འབྱོར་གྱི་ས་ཁོངས་གཙོ་བོ་རུ་ཡོད་པ་དང་། གནས་སྐོར་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་ལ། དེ་ནི་རྨ་ཆུའི་མགོ་ཁུངས་དང་ཨ་མྱེས་རྨ་ཆེན། གཉན་པོ་གཡུ་རྩེ་སྟེ་ལྗོངས་ཁུལ་ཆེན་པོ་གསུམ་འཐུས་ཚབ་ཡིན་པའི་འཛམ་གླིང་རིམ་པའི་ཐོན་ཁུངས་ལས་གྲུབ་པས་རྒྱུ་སྤུས་མཐོ་ཞིང་། འཛམ་གླིང་སྟེང་གི་མཚོ་ངོས་ལས་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་དང་དངོས་པོའི་སྣ་མང་རང་བཞིན། རྒྱུ་སྣ་མང་བའི་རང་བཞིན། རྗེས་ཤུལ་སྣ་མང་རང་བཞིན། རང་བྱུང་ལྗོངས་ཁུལ་སྣ་མང་རང་བཞིན་བཅས་ཀྱི་ས་ཁོངས་རེད། མིའི་རིགས་རིག་གནས་ཀྱི་གནས་སྐོར་ཐོན་ཁུངས་སྣ་མང་ཅན་གྱི་ཚད་རིམ་ཡང་མཐོ་ཞིང་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་འགུགས་ཤུགས་ཆེས་ཆེར་ལྡན་པའི་མིའི་རིགས་རིག་གནས་ཀྱི་ཁོར་ཡུག་བཅས་ཀྱིས་ཀྲུང་གོ་ནུབ་རྒྱུད་ཀྱི་གནས་སྐོར་བྱ་ཡུལ་གཙོ་བོ་བསྐྲུན་པར་རྨང་གཞི་བཟང་པོ་བསྐྲུན། དེའི་ནང་ནས་ཐོག་མར་གསར་གཏོད་བྱས་པའི་ས་ཁོངས་གཙོ་བོ་སྟེ། གཉན་པོ་གཡུ་རྩེར་མཚོན་ན་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པར་ནུས་པ་གལ་ཆེན་ལྡན་ཡོད།

ཙི་མིང་ཧྲིན་གྱིས་བཤད་རྒྱུར། གཉན་པོ་གཡུ་རྩེ་གནས་སྐོར་ཁུལ་དེ་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་ལ་མཚོན་ནས་བཤད་ན། གལ་ཆེ་བའི་ཞབས་ཞུའི་འགན་སྲུང་ལ་བརྟེན་ཡོད་པས། ངེས་པར་དུ་ལྷད་མེད་འཕེལ་རྒྱས་ཀྱི་ལམ་ཕྱོགས་སུ་བསྐྱོད་དེ། དེའི་མཐའ་འཁོར་གྱི་གནས་སྐོར་ཐོན་ཁུངས་མཉམ་སྡེབ་གཅིག་བསྡུས་བྱེད་ཐུབ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཐོན་ཁུངས་གསར་གཏོད་ཆུད་ཟོས་སུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་གཏོང་བར་གཞོལ་ཐབས་བྱས་ཏེ་ཐོན་ཁུངས་ཕན་ཚུན་ཁ་གསབ་དང་མཉམ་ལས་མཉམ་རྒྱལ་བྱེད་དགོས་ཟེར།

ཉེ་བའི་ལོ་འགའི་རིང་ལ། གཉན་པོ་གཡུ་རྩེ་རྒྱལ་ཁབ་ས་གཤིས་སྤྱི་གླིང་ལ་བརྟེན་ནས། གཅིག་སྒྲིལ་རྫོང་གི་གནས་སྐོར་ཐོན་ལས་ལ་འཕེལ་རྒྱས་མགྱོགས་པོ་བྱུང་། སྡོམ་རྩིས་བྱས་པ་ལྟར་ན། 2016ལོ་ཁོ་ནར། རྫོང་ཡོངས་ནས་བསྡོམས་པས་གནས་སྐོར་པ་མི་འབུམ་གཅིག་དང་ཁྲི་གསུམ་སྣེ་ལེན་བྱས་པ་དང་། གནས་སྐོར་ཡོང་སྒོ་སྒོར་མོ་བྱེ་བ་བརྒྱད་དང་ས་ཡ་གསུམ་འབུམ་བཞི་ཁྲི་བདུན་ལྷག་མངོན་འགྱུར་བྱས་པ་དང་། ཡུལ་ལྗོངས་ཁུལ་གྱི་པ་སེ་བཙོང་བའི་ཡོང་སྒོ་སྒོར་མོ་ས་ཡ་བརྒྱད་དང་འབུམ་ལྔ་ཁྲི་གཉིས་ལྷག་རེད། ད་ལོའི་ཟླ་བརྒྱད་པའི་བར་དུ། ཡུལ་ལྗོངས་ཁུལ་གྱི་པ་སེ་བཙོང་བའི་ཡོང་སྒོ་སྒོར་མོ་ས་ཡ་དྲུག་ལ་སླེབས་ཞིང་། ཉིན་རེར་ཕལ་ཆེར་གནས་སྐོར་བ་སྟོང་གཉིས་དང་བཞི་བརྒྱ་ནས་སྟོང་གཉིས་དང་ལྔ་བརྒྱ་སྣེ་ལེན་བྱེད་བཞིན་ཡོད་པ་རེད།

གཉན་པོ་གཡུ་རྩེ་ལྗོངས་ཁུལ་དུ་གནས་པའི་སོག་རུ་མ་ཞང་རུ་ཁག་གཉིས་པའི་འབྲོག་པ་ཡོངས་གནས་སྐོར་ཞབས་ཞུའི་ལས་རིགས་སུ་ཞུགས་ཡོད། ཁོ་ཚོར་གཅིག་གྱུར་ཚད་ལྡན་གྱི་དོ་དམ་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག གནས་སྐོར་པ་རྣམས་ལ་རྟ་གླ་བཞིན་ཡོད། 2016ལོར། རུ་ཁག་གཉིས་པའི་རྟ་གླས་པའི་ཡོང་སྒོ་སྒོར་མོ་འབུམ་བདུན་ལྷག་ལ་སླེབས། དེའི་ཁར་ཡུལ་ལྗོངས་ཁུལ་གྱི་པ་སེའི་ཡོང་སྒོ་བརྒྱ་ཆའི་སོ་ལྔ་ཕྱིར་མང་ཚོགས་ལ་སྤྲད་ན་ཡོང་སྒོ་སྒོར་མོ་ས་ཡ་གཉིས་དང་འབུམ་བཞི་ཡོད་པ་རེད། གཉན་པོ་གཡུ་རྩེ་ལ་བརྟེན་ནས་ཁོ་ཚོར་སྒོར་མོ་ས་ཡ་གསུམ་ལྷག་གི་དཔལ་འབྱོར་ཡོང་སྒོ་ཡོད་པས་ཁོ་ཚོ་ཕྱུག་པོར་གྱུར་ཡོད།

ལོ་ན19ལ་སོན་པའི་དཀོན་མཆོག་ནི་སོག་རུ་མ་ཞང་རུ་ཁག་གཉིས་པའི་སྡེ་མི་ཡིན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་འབྲིང་གི་མཐོ་འབྲིང་གཉིས་པའི་སློབ་མ་ཞིག་ཡིན། ཁོ་མོས་དབྱར་གནང་གི་གུང་གསེང་སྐབས་སུ་ལྗོངས་ཁུལ་ནང་རོལ་ནས་གནས་སྐོར་པར་རྟ་གཡར་བ་དང་སྣེ་ཤན་པའི་ལས་ཀ་གཉེར་བཞིན་ཡོད།  ཐེངས་གཅིག་ལ་དུས་ཚོད་བཞིའི་རིང་ཕར་འགྲོ་ཚུར་འོང་བྱས་ན་ཁོ་མོར་སྒོར་མོ་ཉིས་བརྒྱའི་གླ་ཆ་རེག་ཐུབ།

དཀོན་མཆོག་གིས་ཡིད་ཆེས་ཡོད་པའི་སྒོ་ནས་བཤད་རྒྱུར། འདིར་བརྟེན་ནས་ཁྱིམ་ཚང་གི་ཡོང་སྒོ་ཇེ་མང་དུ་གཏོང་ཐུབ། ཕྱིན་ཆད་རང་ཉིད་ཀྱང་གནས་སྐོར་པ་ཚོ་དང་འདྲ་བར་ཡུལ་གཞན་དུ་ལྟད་མོར་བལྟ་རུ་འགྲོ་བའི་རེ་བ་ཡོད་ཟེར།

འདི་ནི་གཉན་པོ་གཡུ་རྩེ་ལྗོངས་ཁུལ་གསར་སྤེལ་ལས་དཀོན་མཆོག་ལྟ་བུའི་ཡུལ་མི་རྣམས་ལ་བསྐྲུན་པའི་འགྱུར་ལྡོག་ཡིན་ལ། དེ་ལས་ཁོ་ཚོར་སྔར་ལས་བཟང་བའི་ཡོང་སྒོ་དང་། མིག་རྒྱ་བསྐྱེད་དུ་བཅུག་པ་རེད། འདས་པའི་ལོ་ངོ་ལྔའི་རིང་ལ། གནས་སྐོར་པ་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད་རུང་། ཉིན་རེར་གཉན་པོ་གཡུ་རྩེར་ཤོང་བའི་གནས་སྐོར་པའི་གྲངས་ཀར་ཚད་ཡོད། དེ་ལས་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ལ་བསམ་བློ་བཏང་ཡོད་པ་ཤེས་ཐུབ། གཅིག་སྒྲིལ་རྫོང་གིས་གནས་སྐོར་ཐོན་ཁུངས་ཀྱི་གསར་གཏོད་ཇི་ལྟར་ལེགས་སྒྱུར་བྱས་ན་ད་གཟོད་སྲུང་སྐྱོབ་དང་གོང་འཕེལ་ལ་གཏོང་ཐུབ་པར་ནམ་ཡང་བསམ་བློ་གཏོང་བཞིན་ཡོད།

འདས་པའི་ལོ་འགའི་རིང་ལ། གཅིག་སྒྲིལ་རྫོང་གིས་གཉན་པོ་གཡུ་རྩེར་མ་དངུལ་སྒོར་དུང་ཕྱུར་གཅིག་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས། མིག་སྔར། ལྗོངས་ཁུལ་ནང་རོལ་དུ་རིང་ཚད་ལ་སྤྱི་ལེ་གཅིག་གྲངས་ཆུང་བརྒྱད་ཀྱི་ཤིང་ལམ་ཡོད། ཤིང་ལམ་དང་ལྕགས་དྲ་སོགས་ཀྱི་སྒྲིག་བཀོད་ནི་ལྗོངས་ཁུལ་གྱི་སྤང་ཐང་ལ་མི་རྣམས་བགྲོད་པ་ལས་གཏོར་བརླག་མི་ཐེབས་པའི་ཆེད་དང་། རང་བྱུང་ཁོར་ཡུག་ཕན་འབྲས་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱེད་པའི་ཆེད་དུ་རེད།

དེ་ལས་གཞན། མཚོ་ནང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་ཆེད། གཅིག་སྒྲིལ་རྫོང་གིས་ད་རུང་ལྗོངས་ཁུལ་ནང་རོལ་དུ་ས་བརྐོ་རྡོ་སློག་བྱེད་པ་དང་བྱེ་མ་འདྲུད་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་སྔོན་འགོག་བྱས་པར་མ་ཟད། གནས་སྐོར་པར་སྣེ་ཁྲིད་བྱེད་པར་ཤུགས་སྣོན་བྱས་ཏེ། མཚེའུ་ནང་དུ་གད་སྙིགས་འཕེན་པའི་བྱ་སྤྱོད་བཀག་འགོག་བྱས་ཤིང་། ལོ་ཕྱེད་ཀའི་རིང་ལ་བཀག་འགོག་སྲུང་སྐྱོབ་བྱས་པ་དེས། ལྗོངས་ཁུལ་གྱི་སྔོ་ཁེབས་རྒྱུན་ལྡན་ཅན་དུ་གྱུར་ཏེ། དུས་ནམ་ཡང་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་འཁོར་བསྐྱོད་རྣམ་པ་བཟང་པོ་རྒྱུན་སྲུང་བྱས་ཡོད་པ་རེད།

གསར་འགོད་པ་བྱིའུ་མཚོ་གོང་མ་ནས་བྱིའུ་མཚོ་ཞོལ་མར་བསྐྱོད་པའི་ལམ་བར་དུ་མཛེས་ལྗོངས་ནང་ཁུལ་གྱི་ཁོར་ཡུག་རྒྱུན་འཁྱོངས་བྱས་པ་ཤིན་ཏུ་བཟང་ཞིང་། གནས་སྐོར་པས་གད་སྙིགས་གང་སར་འཕངས་མེད་པ་མཐོང་། །

ཁྲིན་ཏུའུ་གྲོང་ཁྱེར་ནས་ཡོང་བའི་སློབ་ཆེན་པ་ཀྲོའུ་ཁའེ་དང་ཁོའི་འགྲོ་རོགས་གཉིས་སྔ་དྲོའི་དུས་ཚོད་དགུའི་སྟེང་ཡུལ་ལྗོངས་ཁུལ་དུ་སོང་། དུས་ཚོད་ལྔ་དྲུག་ཙམ་ལ་མཚོ་སྐོར་བྱས་པ་དང་དྲོས་ཇ་ལ་རང་ཉིད་ཀྱིས་ཁྱེར་ཡོང་བའི་ཟ་མ་ཟ་བཞིན་ཡོད་པ་རེད། གསར་འགོད་པས་ངང་ལག་གི་ཤུན་པ་དང་གོ་རེའི་ཁུག་མ་སོགས་ཆུ་ཤོག་ཅིག་གི་ནང་དུ་བཅུག་ཡོད་པ་མཐོང་།

དེ་ནས་གསར་འགོད་པས་དྲི་བ་དྲིས་པ་ན།  ཀྲོའུ་ཁའེ་ཡིས་བཤད་རྒྱུར། ད་ལྟ། ཚང་མས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་ཤེས་ཡོད། ལྷག་པར་གཉན་པོ་གཡུ་རྩེ་རུ་གངས་འཁྱགས་དང་རྡོ་ངོ་མཚར་ཅན། བརླན་ས། མཚེའུ། རྩྭ་ཐང་། མེ་ཏོག་གི་ཐང་སོགས་ཀྱི་ལྗོངས་ཁུལ་ཡོད་པས། རྒྱལ་ནང་དུ་མཐོང་དཀའ་བ་ཞིག་རེད། འདི་ལྟ་བུའི་ལྗོངས་ཁུལ་ལ་ང་ཚོས་ལྷག་ཏུ་སྲུང་སྐྱོབ་བྱས་ཏེ། སྔར་བས་མི་མང་པོ་ཞིག་ལ་དེའི་མཛེས་སྡུག་དང་ལྷིང་འཇགས་མྱོང་རོལ་བྱེད་དུ་བཅུག་ན་བཟངཟེར།

གནས་སྐོར་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་མཐོར་སོང་བར་གཞིགས་ནས། ཙི་མེང་ཧྲིན་སྤྲོ་བས་བརྟས་འདུག ཁོས་བཤད་རྒྱུར། སྲོལ་རྒྱུན་ཡུལ་སྐོར་གྱིའགྲོ་འདུག་སྤྱོད་གསུམ་དང་ཉུལ་བ། རྩེད་འཇོ། ཉོ་སྒྲུབབཅས་ཀྱི་གྲུབ་ཆ་དྲུག་པོ་ཡོད་པ་ལས་གཞན། ང་ཚོའི་གཉན་པོ་གཡུ་རྩེ་ལསྦྱོངགི་གྲུབ་ཆ་ཡོད་དེ། ལུས་སྦྱོངཞེས་པའི་ཁྱད་ཆོས་དེ་འདྲེས་སུ་བཅུག་ཡོད། ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གདོད་མའི་སྐྱེ་ཁམས་ཀྱི་གནས་སྐོར་བྱེད་སྟངས་བསྐྲུན་པ་སྟེ། དཔེར་ན་རྐང་ཐང་དུ་བསྐྱོད་པ། བརྙན་ལེན་དང་ཉེན་འཚོལ། ཚན་རིག་བརྟག་དཔྱད་སོགས་ཀྱི་རིགས་བགོས་ཡོད། ཉིན་གསུམ་ནས་ལྔ་ལ་ཉུལ་བའི་འཆར་གཞི་བཀོད་ནས། ལྗོངས་ཁུལ་གྱིས་གནས་སྐོར་པར་སྣེ་ཤན་བྱེད་པའི་ཞབས་ཞུ་དང་སྨན་བཅོས་བདག་སྐྱོང་བྱེད་པ། བདེ་འཇགས་སྲུང་སྐྱོབ་བྱེད་པ། རྗེས་ཕྱོགས་ཁ་གསབ་བྱེད་པ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད། ཡུལ་ལྗོངས་ཁུལ་གྱི་པ་སེ་རིན་གོང་དང་ཞབས་ཞུ་གཉིས་ཀ་ཇེ་མཐོར་བཏང་བ་བརྒྱུད་དེ། གནས་སྐོར་པའི་གྲངས་ཀར་ཕན་འབྲས་ལྡན་པའི་སྒོ་ནས་ཚོད་འཛིན་བྱས་པ་ལས་ཀྱང་ཁོར་ཡུག་གི་གནོན་ཤུགས་ཇེ་ཡང་དུ་བཏང་བ་ཡིན་ཟེར།

ཤམ་བྷ་ལའི་གནས་སྐོར་ལྗོངས་ཁུལ་ཆེན་པོ་བཅུའི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས།  རྒྱལ་ནང་གི་རི་འགོ་རྩེ་གྲས་ལམ་ཐིག་བཅུ་གཉིས་ཁྲོད་ཀྱི་གཅིག་ཡིན་པའི་གཉན་པོ་གཡུ་རྩེ་ལ་མཛེས་སྡུག་གི་རྩྭ་ཐང་དང་ངོ་མཚར་གྱི་རི་བོ། གསང་བ་ལྐོག་གྱུར་གྱི་མཚེའུ། རང་བྱུང་གི་ནགས་ཚལ། བཀྲ་ཤིས་པའི་འཇའ་ཚོན་སོགས་ཡོད་པ་ལས་གཞན། ད་རུང་རྔམ་མཐུག་པའི་རིག་གནས་ཀྱི་རྨང་གཞིའང་ཡོད། གཉན་པོ་གཡུ་རྩེ་ནི་མགོ་ལོག་ཁག་གསུམ་དར་སའི་གནས་ཡིན་པར་མ་ཟད། གཅིག་སྒྲིལ་རྫོང་གིས་མགོ་ལོག་པའི་རིག་གནས་འབྱུང་ཁུངས་དང་ཕྱུགས་ལས་རིག་གནས་སོགས་ཀྱི་ནང་དོན་དེ་ལྗོངས་ཁུལ་གསར་སྤེལ་དང་འཛུགས་སྐྲུན་ལ་མཉམ་འདྲེས་ཀྱིས་འཕེལ་རྒྱས་སུ་བཏང་སྟེ། རང་བྱུང་ལྗོངས་ཁུལ་ལས་གཞན་གཉན་པོ་གཡུ་རྩེའི་རིག་གནས་ནང་དོན་དང་དམངས་སྲོལ་མངོན་པར་བྱས།

གཅིག་སྒྲིལ་རྫོང་ནི་ཆར་ཆུ་ཤིན་ཏུ་མོད་པའི་ས་ཆ་ཞིག་ཡིན་ལ། ལོ་རེར་ཆ་སྙོམས་ཀྱིས་ཉིན་བརྒྱ་དང་དོན་གཅིག་ལ་ཆར་འབབ་བཞིན་ཡོད་པས་འབབ་ཚད་ནི་ཧའོ་རྨིད་བདུན་བརྒྱ་རེ་བཞི་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་རེད། དམིགས་བསལ་གྱི་ནམ་ཟླའི་ཁོར་ཡུག་ཡོད་པས་ལྗོངས་ཁུལ་ནང་སྐྱེ་དངོས་སྣ་ཁ་བཞི་བརྒྱ་ལྔ་བཅུ་དང་སྨན་རྩྭ་སྣ་ཁ་ཉིས་བརྒྱ་དང་བཞི་བཅུ་ཡོད། སྙི་བ་དང་དབང་ལག ཀྱི་ལྕེ་སོགས་སྨན་རྩྭ་མོད་པོ་ཡོད་པས་གཉན་པོ་གཡུ་རྩེ་ལ་སྨན་རྩྭའི་བང་མཛོད་ཅེས་པའི་སྙན་གྲགས་ཀྱང་ཡོད།

གཉན་པོ་གཡུ་རྩེ་ན་རིང་ཚད་ལ་སྤྱི་ལེ་བདུན་ཅུ་དང་ཞེང་ལ་སྤྱི་ལེ་ཉེར་ལྔ་ཡོད་པའི་འཁྱགས་ཀློང་འཁྱེར་རྡོ་ཡོད། དེ་ནི་རང་རྒྱལ་དང་ཐ་ན་འཛམ་གླིང་གི་དཔེ་མཚོན་ལྡན་པའི་མཐོ་སྒང་གི་ཐན་པ་ཕྱེད་ཙམ་གྱི་ནམ་ཟླའི་ཁོར་ཡུག་ཁྲོད་ནས་སྔར་བཞིན་གནས་པའི་དེང་རབས་ཀྱི་འཁྱགས་རོམ་ཡིན་ལ་ལོ་ངོ་འབུམ་དྲུག་དང་ཁྲི་ལྔ་ཡི་འཁྱགས་རོམ་ས་གཤིས་ཀྱི་རྗེས་ཤུལ་ཡང་རེད།

ཙི་མེང་ཧྲིན་མ་འོངས་པར་རེ་ལྟོས་ཀྱིས་ཁེངས་ནས་བཤད་རྒྱུར། སྔོན་ཆད་གཉན་པོ་གཡུ་རྩེ་ནི་བུ་མོའི་སྦུག་ཁང་དུ་འཚོ་བ་ལྟར་མི་རྣམས་ཀྱིས་ཤེས་ཀྱིན་མེད་ལ། ལོ་འདི་འགའི་རིང་ལ་སྙན་གྲགས་ཇེ་ཆེར་སོང་བས། རང་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཁེ་ཕན་མི་ཉུང་བ་ཞིག་བསྐྲུན། མ་འོངས་པར། ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གནས་སྐོར་གྱིས་ཐོན་ལས་ལ་སྣེ་ཁྲིད་བྱེད་པ་དང་ཚོང་རྟགས་མིང་གྲགས་ཀྱིས་གནས་སྐོར་ལ་སྐུལ་འདེད་བྱེད་པ། རྩེ་གྲས་ལམ་ཐིག་དང་གནས་སྐོར་ཐོན་རྫས་གསར་གཏོད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། མཛེས་སྡུག་གི་གཉན་པོ་གཡུ་རྩེར་འགུགས་ཤུགས་ཆེས་ཆེར་ལྡན་དུ་བཅུག་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལག་རོགས་པ་དང་སྐྱེ་ཁམས་གནས་སྐོར་གྱི་དཔེ་མཚོན་དུ་འགྱུར་དུ་འཇུག་རྒྱུ་ཡིན་ཟེར།

ལོ་ཙཱ། ཚེ་རིང་སྒྲོལ་མ།