ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བཀག་དངོས་སྲུང་ཡོལ་ལྟ་བུ་ཡིན་ཞིང་། ཁུལ་གྱི་མངའ་ཁོངས་ཐམས་ཅད་གཙང་གསུམ་འབྱུང་ཡུལ་དང་། ཨ་ཆེན་གངས་རྒྱབ། རོང་པོ་མཚེའུ་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གསུམ་དུ་གནས་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་ལྟེ་བའི་སྲུང་སྐྱོབ་ཁུལ་བཅོ་བརྒྱད་ཁྲོད་ཀྱི་སྲུང་སྐྱོབ་ཁུལ་བཅུ་ཡུས་ཧྲུའུ་རུ་ཡོད་ཅིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་དགུ་དང་གྲངས་ཆུང་དྲུག་ལ་སླེབས་ཡོད་པས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་ཞེ་གཅིག་དང་། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་དོན་གཉིས་ཟིན་པས། གཙང་གསུམ་འབྱུང་ཡུལ་ས་ཁུལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ཁྲོད་གཙོ་གཞིའི་གོ་གནས་བཟུང་ཡོད། དེར་བརྟེན། ཡུས་ཧྲུའུ་ཁུལ་གྱིས“ལྗང་མདོག་དྲིན་གཟོ་དང་སྐྱེ་ཁམས་ལ་དྲིན་ལན་འཇལ་བ”ཡི་འདུ་ཤེས་ཡིད་ལ་དམ་པོར་བཟུང་ནས། གཙང་པོ་དྭངས་མོ་ཤར་དུ་བཞུར་བར་ཁག་ཐེག་བྱས།
སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་གཞི་རེ་རེ་ཡོངས་འགྲུབ་བྱས་ཏེ། ཉིས་སྟོང་ལྔ་ལོ་ནས་ཉིས་སྟོང་བཅུ་གསུམ་ལོའི་བར་ཡུས་ཧྲུའུ་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་སོ་བདུན་དང་བྱེ་བ་བརྒྱད་བཏང་བའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སྐབས་དང་པོའི་བཟོ་འགོད་ཡོངས་འགྲུབ་བྱས་ཤིང་། བཟོ་འགོད་དེའི་ནང་དུ་ཕྱུགས་བསྐྱུར་རྩྭ་སྐྱོང་དང་། བྱི་གནོད་འགོག་བཅོས། ནུས་ཁུངས་འཛུགས་སྐྲུན་སོགས་ལས་གཞི་ཆུང་ཆུང་བཅུ་བདུན་ཚུད་ཡོད།
ཉིས་སྟོང་བཅུ་བདུན་ལོར་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྐབས་གཉིས་པའི་བཟོ་འགོད་མགོ་བརྩམས་ཤིང་། ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་ཏུ་སླེབས་དུས་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་དགུ་བཏང་། ལོ་བཅུ་གཉིས་ཀྱི་འབད་བརྩོན་ལ་བརྟེན་ནས་གཙང་གསུམ་འབྱུང་ཡུལ་དུ་རྩྭ་ས་དང་། ནགས་ཚལ། ཆུའི་ཐོན་ཁུངས། རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུ་དང་། འབྲོག་པའི་ཡོང་སྒོ་བཅས་འཕར་སྣོན་འབྱུང་བ་མངོན་འགྱུར་བྱས།“གཙང་པོ་དྭངས་མོ་ཤར་དུ་བཞུར་བར”ཁག་ཐེག་དང་། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་དངོས་འབེབས་བྱེད་ཆེད། ཡུས་ཧྲུའུ་ཁུལ་གྱིས་ཆུ་དམར་ལེབ་རྫོང་དང་། འབྲི་སྟོད་རྫོང་། རྫ་སྟོད་རྫོང་བཅས་ཀྱི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ། འབྲི་ཆུ་དང་རྫ་ཆུའི་མགོ་ཁུངས་སུ་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གཉིས་དང་། འབྲི་ཆུའི་མགོ་ཁུངས་གླིང་ཁུལ་ཆུ་དམར་ལེབ་རྫོང་དང་ འབྲི་སྟོད། ཨ་ཆེན་གངས་རྒྱབ་བཅས་ལ་དོ་དམ་ཁྲུའུ་གསུམ་བཙུགས། གླིང་ཁུལ་དུ་གནས་པའི་རྫོང་གསུམ་གྱི་སྡེ་ཁག་ཆེན་མོའི་ལམ་ལུགས་བཅོས་བསྒྱུར་བྱས་ཤིང་། སྲིད་གཞུང་བྱ་བའི་སྡེ་ཁག་སྔོན་གྱི་སྡེ་ཁག་བཅོ་བརྒྱད་ལས་བཅོ་ལྔ་རུ་ཇེ་ཉུང་དུ་བཏང་བར་མ་ཟད། ད་ཡོད་ཀྱི་སྒྲིག་ཁོངས་ཁྲོད་ནས་སྒྲིག་གཞི་བརྒྱ་དང་གོ་གཉིས་སྙོམས་སྒྲིག་དང་གཞན་འགོད་བྱས་ཏེ། སྐྱེ་ཁམས་བདག་སྲུང་གི་སྤྱི་ཕན་ལས་གནས་སྟོང་བཞི་དང་དོན་བདུན་གསར་དུ་བཙུགས་ཤིང་། འོག་རིམ་ལ་བདག་སྲུང་མ་དངུལ་སྒོར་ཁྲི་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་གསུམ་ཁྲི་བརྒྱད་སྤྲད།
ཏན་ཏན་ཏིག་ཏིག་སྒོས་ཁོར་ཡུག་དག་ཐེར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཁང་པའི་མདུན་རྒྱབ་དང་། སྲང་ལམ། ཆུ་བོའི་མགོ་ཁུངས་སོགས་ཀྱི“བཙོག་རྙོག་ཞན་གསུམ”གྱི་སྣང་ཚུལ་ལ་མཐའ་གཅིག་ཏུ་བཅོས་སྐྱོང་བྱས་ཤིང་། འབྲི་སྟོད་རྫོང་གིས་གྲོང་སྡེའི་གཞུང་ལམ་འགྲམ་གཉིས་ཀྱི་གད་སྙིགས་ཏུན་བདུན་བརྒྱ་དང་དོན་བཞི་མེད་པར་བཟོས་པ་དང་། བེད་མེད་ར་བ་དང་མཁར་གྱང་སྨི་སྟོང་བཞི་མེད་པར་བཟོས་ཤིང་ཨར་ལས་གད་སྙིགས་ཏུན་སྟོང་གསུམ་གཙང་ཉར་བྱས། ཆུ་དམར་ལེབ་རྫོང་གིས་ཆུ་དམར་ལེབ་ཞང་དང་གཡུ་དགེ་ཞང་རྩ་འཛུགས་བྱས་ཏེ། ཞིང་ཆེན་ལམ་308པའི་འགྲམ་རྒྱུད་ཀྱི་གད་སྙིགས་ཐེངས་གཉིས་ལ་གཙང་སྦྲ་བྱས་ཏེ། གད་སྙིགས་འཚོལ་སྡུད་དང་། དབོར་འདྲེན། མེད་པར་བཟོ་ཐབས་བཅས་འཐུས་སྒོ་ཇེ་ཚང་དུ་བཏང་། རྫ་ཆུའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྡོད་དམངས་གནས་ཡུལ་དང་གཞུང་ལམ་འགྲམ་རྒྱུད་དུ་གད་སྙིགས་རིགས་དབྱེ་དང་ཕྱིར་སྡུད་ས་ཚིགས་བཙུགས་ཏེ། གད་སྙིགས་དབོར་འདྲེན་གྱི་ཚད་ཇེ་ཉུང་དུ་བཏང་ཞིང་ཐོན་ཁོངས་ཀྱི་བསྐྱར་བཟོའི་སྤྱོད་ཤུགས་ཇེ་མཐོར་བཏང་། ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡིས་མཚོ་བོད་གཞུང་ལམ་གྱི་འགྲམ་རྒྱུད་དང་། སྨུག་སའི་སོག་ལམ། ཆུ་ནག་ཁའི་ས་ཚིགས་སོགས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། ཨ་ཆེན་གངས་རྒྱབ་ཀྱི་རིག་གནས་ཤུལ་བཞག་རེ་ཞུ་ལ་རོགས་འདེགས་བྱས།
རྩོམ་སྒྲིག་པ། སྐར་མ་འཚོ།