མཛེས་སྡུག་ལྡན་པའི་ལྷ་སའི་ཐང་སྡེ་བ།
2018.01.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 45

ཁྱེད་རང་གསར་འགོད་པ་ཡིན་ནམ།     གནས་འདིར་རྒྱལ་ཡོངས་ཀྱི་དཔལ་ཡོན་ལྡན་པའི་ཞིང་གྲོང་འདེམས་པའི་ཆེད་དུ་ཡོང་བ་ཡིན་ནམ།

སྤྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར།  ཁྲི་འདུ་རྫོང་མཁར་དུ་ཕྱིར་ལོག་པའི་ལམ་བར་དུ། ཁ་ལོ་བས་ལྷ་སའི་ཐང་སྡེ་བའི་བྱིས་གཉོར་ཁང་གི་བུད་མེད་དགེ་རྒན་གཉིས་ཀྱང་ཁྲིད་ཡོད། ལྷ་སའི་ཐང་སྡེ་བ་རྒྱལ་ཡོངས་ཀྱི་དཔལ་ཡོན་ལྡན་པའི་ཞིང་གྲོང་དུ་བདམས་པའི་སྐོར་གླེང་སྐབས།བུད་མེད་དགེ་རྒན་དེ་གཉིས་ཀྱིས་བསྔགས་བརྗོད་བྱས་ནས་བཤད་རྒྱུར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ལབ་ཞང་ལྷ་སའི་ཐང་སྡེ་བ་ནི་འབྲི་ཆུའི་གཙང་འགྲམ་གྱི་མུ་ཏིག་རྡོག་གཅིག་ཡིན་ལ།  མཐོ་སྒང་གི་ལྷད་མེད་དྭངས་གཙང་གི་གངས་ལྷ་མེ་ཏོག་རྐང་གཅིག་ཀྱང་ཡིན་ཟེར།  སྤྱི་ཚོགས་རིག་གནས་ཀྱི་སྣང་ཚུལ་དུ་མས་ཡིད་དབང་རྣམ་པར་འཕྲོག་པའི་གྲོང་ཁྱེར་ཆུང་ཆུང་འདིའི་ཕྱི་ནང་གི་འགུགས་ཤུགས་ནི་ཚད་མེད་པ་རེད།

གཞུང་ལམ་དེ་བརྒལ་ནས་སྤྱི་ལེ་སུམ་བཅུ་ལྷག་གི་འབྲི་ཆུའི་ནུབ་ལྷོའི་ཕྱོགས་སུ་བསྐྱོད་ན། ཅུང་མི་འགོར་བར་རྡོ་ཁང་དང་།    རྡོ་ལམ།  རྡོ་ཡི་འཁྱམ་ར་ཀ་ཕིབས་སོགས་ཡོད་ཚད་ས་གནས་རང་གི་རྒྱུ་ཆས་བསྐྲུན་པའི་ཞིང་གྲོང་གི་མཛེས་ཤིང་སྡུག་པའི་རྣམ་པ་ཞིག་ང་ཚོས་མིག་ལམ་དུ་རང་དབང་མེད་པར་ཤར་ཡོང་། གལ་ཏེ་སྲང་བར་གྱི་གད་སྙིགས་གཙང་སེལ་གྱི་རླངས་འཁོར་དང་ཚོང་ཁང་དག་གི་མདུན་གྱི་ཚོན་མདོག་སྣ་བདུན་གྱི་གློག་གི་སྒོ་བྱང་དག་སྣང་མེད་དུ་བཞག་ན། ཁྱེད་རང་སྔོན་ཆད་ཀྱི་ཇ་རྟའི་གནའ་ལམ་སྟེང་གི་སྡེ་བ་ཞིག་ཏུ་ཡོད་པ་དང་གཉིས་སུ་མ་མཆིས།  

སྡེ་བ་དེ་ནི་སྔོན་ཆད་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡིན་ལ། ད་ལྟ་ལྷག་ཏུ་མཛེས། ད་ལོ་ལོ་ན་ཞེ་དགུ་ལ་སོན་པའི་དབང་མོས་གསར་འགོད་པར་བཤད་རྒྱུར། ད་ལྟ་སྡེ་བའི་ནང་དུ་གསལ་ལམ་མེར་བཀྲ་བའི་ལམ་སྒྲོན་དང་། གཞུང་ལམ་གྱི་ཕྱོགས་གཉིས་སུ་སྤུས་དག་པའི་གད་སྙིགས་བླུག་སྒམ་ཞིག་བཞག་ཡོད་པ་དང་།   སྡེ་བའི་རྣམ་པ་གཙང་ལ་གྲལ་དག་པ་ཞིག་འདུག ད་ནི་སྔོན་ཆད་ཀྱི་གང་སར་ཁྱབ་པའི་གད་སྙིགས་དང་གང་འདོད་ལྟར་བཞག་པའི་དངོས་པོ་མཐའ་དག་མཐོང་མི་ཐུབ་ལ།   གནས་འདི་ན་སྔར་བཞིན་འགྱུར་ལྡོག་བྱུང་མེད་པ་ཞིག་ཡོད་པ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དེ་རེད།

འདི་ནི་ཕྱིའི་རྣམ་པའི་འགྱུར་ལྡོག་ཁོ་ན་རེད།   ལྗང་མདོག་གི་ཡོངས་སུ་བརྒྱན་པའི་སྲང་བར་གཉིས་བརྒྱུད་ནས་སོང་ཚེ་དབང་མོའི་ཁྱིམ་དུ་སླེབས།    དྲྭ་ལམ་བརྙན་འཕྲིན་ཤར་གཏོང་ཐུབ་པ་དེས་མོའི་ཆེས་ཆུང་བའི་བུ་མོས་འགུལ་རིས་བརྙན་འཕྲིན་ལ་བལྟ་ཐུབ་པ་བྱུང་། གློག་ཀླད་དུས་རྒྱུན་དུ་སྒོ་ཕྱེས་མེད་ནའང་སྡེ་བའི་ལས་བྱེད་པ་ཞིག་གི་ཁྱོ་ག་ཡིན་པའི་ཆ་ནས། གློག་ཀླད་ནི་ཆེས་མེད་དུ་མི་རུང་བའི་གཞུང་དོན་མཁོ་ཆས་ཤིག་རེད།   དབང་མོས་གློག་ཀླད་བསྟན་ནས་གསར་འགོད་པར་བཤད་རྒྱུར།ད་ལྟ་དྲྭ་ལམ་ནི་སྡེ་མི་རྣམས་ཀྱིས་སྡེ་བའི་ཕྱི་ནང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། བུ་མོ་ཆེ་བས་ཁ་པར་གྱི་གླེང་མོལ་བར་སྟོང་དང་སྐད་འཕྲིན་གྱི་རྒྱབ་ལོགས་སུ་ཕ་ཡུལ་གྱི་མཛེས་སྡུག་གི་ཉམས་འགྱུར་སོགས་སྤེལ་བཞིན་ཡོད།ཁྱིམ་མཚེས་དཔལ་ཚེ་རིང་གིས་དྲྭ་ཐོག་ནས་སློབ་པའི་ཞིང་ཁྱིམ་སྤྲོ་སྐྱིད་གླིང་གི་བདག་ཉེར་དང་དོ་དམ་སོགས་ཀྱི་སྐོར་ནས་སློབ་སྦྱོང་བྱས་མཐར། ཁོས་སྒྱིད་ལུག་ཅན་གྱི་འཚོ་བའི་གོམ་སྲོལ་དེའང་སྔ་མོ་ནས་བསྒྱུར་བ་དང་། ཁོས་སྡེ་བའི་ནང་དུ་ཆེས་ཆེ་བའི་བོད་པའི་སྤྲོ་སྐྱིད་གླིང་ཞིག་བཙུགས་ཡོད་པ་དེའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་གཏོང་བ་དང་ཕྱོགས་ཡོངས་ཀྱི་ཡུལ་སྐོར་བ་རྣམས་སྣེ་ལེན་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བུ་སྐར་རིས་ཀྱིས་གསར་འགོད་པར་བཤད་རྒྱུར། ད་ལྟ་རྒྱལ་ཡོངས་ཀྱི་དཔལ་ཡོན་ལྡན་པའི་གྲོང་ཁྱེར་ཆུང་ཆུང་གི་གྲས་སུ་ཚུད་ཡོད་ལ།རྒྱལ་ཁབ་རིམ་པའི་གྲངས་ཉུང་མི་རིགས་ཀྱི་དམིགས་བསལ་སྡེ་བ་དང་།   རྒྱལ་ཁབ་4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་ལྷ་སའི་ཐང་སྡེ་བས་གནོད་ཚེ་སླར་གསོ་ལ་བསྟེན་ནས་ད་ལྟ་སྡེ་བའི་ནང་གི་ཐོན་སྐྱེད་འཚོ་བའི་སྒྲིག་བཀོད་ཆ་ཚང་ཞིང་ཕུན་སུམ་ཚོགས་ལ། སྔོན་གྱི་རྗེས་ལུས་ཀྱི་རྣམ་པ་རྩ་བ་ནས་བསྒྱུར་བ་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་རྣམ་པ་དེ་རྫོང་ཡོངས་ཀྱི་མདུན་གྲལ་དུ་སླེབས། དཔལ་ཡོན་ལྡན་ལ་གོ་རིམ་ཡོད་པའི་ཞིང་གྲོང་གི་ཁོར་ཡུག་གིས་གནས་འདི་སྔར་ལས་དམིགས་བསལ་ཁྱད་འཕགས་ཀྱིས་ཁེངས་འདུག

བབ་ཆགས་པའི་ཡུལ་སྐད་ཀྱིས་གནས་འདི་གངས་ལྷ་མེ་ཏོག་ལྟར་ལྷད་མེད་དྭངས་གཙང་ཞིག་ཏུ་འདུག

ལྷ་སའི་ཐང་སྡེ་བའི་ནང་གི་བབ་ཆགས་པའི་ཡུལ་སྐད་ཀྱིས་ཁྱེད་རང་ལ་མི་དང་མིའི་བར་གྱི་འགྲོ་འོང་གི་ཁྲོད་དུ་ཡ་རབས་དང་གུས་པ་ལྡན་པའི་འཆམ་མཐུན་གྱི་བདེ་སྐྱིད་ཅིག་ཚོར་ངེས། ཐ་ན་མཚན་མོར་འང་སྒོ་མི་གཏད་ཅེས་པའི་དཔེ་ཆོས་ཀྱི་གནས་ལུགས་གཏིང་ཟབ་མོའི་ངང་ཚོར་ཐུབ།

རྡོ་རྗེ་དབང་རྒྱལ་ནི་ལྷ་སའི་ཐང་སྡེ་བར་སྐྱེས་པའི་འབྲོག་མི་དཀྱུས་མ་ཞིག་ཡིན་ལ། ལོ་གསུམ་གྱི་སྔོན་ལ་ཁོས་སྡེ་བའི་ནང་དུ་ཚོང་ཁང་ཞིག་སྒོ་ཕྱེས་པ་དང་།རྨིད་བརྒྱ་ལྷག་ཡོད་པའི་ཁང་བའི་ནང་དུ་འཚོ་བའི་ཉེར་སྤྱོད་དང་ལྕགས་རིགས། དེར་མ་ཟད་ཟས་རིགས་བཅས་གང་དགོས་གང་མཁོ་ཡི་དངོས་ཟོག་དག་ཚོང་ཁང་དུ་བསྒྲིགས་འདུག

“ངའི་ཚོང་ཁང་དུ་ལྟ་ཞིབ་བརྙན་མིག་འཛུགས་མི་དགོས། ”རྡོ་རྗེ་དབང་ཆེན་གྱི་བཤད་རྒྱུར། ཁོ་རྒྱུན་དུ་ཚོང་ཁང་གི་ལྟག་རྒྱབ་ཀྱི་ཁང་བ་ཆུང་ངུའི་ནང་དུ་ངལ་གསོས་པ་ཡིན། སྡེ་མི་ཚོ་དངོས་པོ་ཉོ་རུ་ཡོང་ཚེ་ཚང་མས་ཁོ་འབོད་པ་ཡིན། “ཚོང་ཁང་སྒོ་ཕྱེས་ནས་ལོ་གསུམ་ལྷག་འགོར་ཡང་དངོས་པོ་གཅིག་ཀྱང་བོར་མ་མྱོང་། རྩིས་བརྒྱབ་པ་ནོར་སོང་ན་སྒོར་མོ་ཁྱེར་ནས་རྗེས་འདེད་བྱས་ཏེ་ཕྱིར་སྤྲོད་པ་ཡིན། ཁོ་ཚོ་ལའང་སྒོར་མོ་བྱིན་པ་མང་སོང་ན་ང་ལ་ཕྱིར་སྟེར་ངེས། ”

“གནས་འདིའི་མི་རྣམས་ནི་ཧ་ཅང་བབ་ཆགས་ཤིག་ཡིན། གྲོང་ཁྱེར་པ་ཚོས་བཤད་སྲོལ་ལྟར་ན་མི་གཤིས་བཟང་བས་ཡིན་ཟེར།”དྲིལ་བསྒྲགས་པུའུ་ནས་ལྷ་སའི་ཐང་སྡེ་བར་ལས་གནས་སྤར་བའི་ལིས་ཁྲིན་མའོ་ཡིས་གསར་འགོད་པར་བཤད་རྒྱུར། གནས་འདི་ནས་རྒན་ལ་བརྩི་བཀུར་ཆེ་ཞིང་གཞོན་ལ་བྱམས་སེམས་ལྡན་པ། ཕན་ཚུན་ལ་རོགས་རམ་བྱེད་པའི་སྲོལ་བཟང་བོ་ཞིག་ཆགས་ཡོད། དཀའ་ཁག་ལ་ཐུག་ཚེ་སྡེ་བའི་ནང་གི་མི་ཚང་མས་རང་ནུས་ཅི་ལྕོགས་ཀྱིས་རོགས་འདེགས་བྱེད་ངེས་ཡིན་ཟེར།


མིག་སྔར་ལྷ་སའི་ཐང་སྡེ་བའི་ཁྱིམ་ཚང་ཉིས་བརྒྱ་དང་ལྔ་ལྷག་ལ“སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང”གི་མཚན་སྙན་ཐོབ་ཡོད་ལ་ཁྲི་འདུ་རྫོང་གི་ཨང་རིམ་དང་པོ་ཡིན།

འདི་ལ་ཚད་གཞི་ཞིག་བཟུང་བ་མ་གཏོགས་དོན་དངོས་སུ་གནས་འདི་ཡི་ཁྱིམ་ཚང་རེ་རེ་ནི་ཚད་གཞི་ལ་སླེབས་ཡོད། ལིས་ཁྲིན་མའོ་ཡིས་སྲང་ལམ་ནུབ་ཕྱོགས་ཀྱི་སྐར་ལྔ་རིམ་པའི་ཁྱིམ་ཚང་ཞིག་བསྟན་ནས་བཤད་རྒྱུར། “ང་ཚོས་འདེམས་པ་ནི་སེམས་འགུལ་ཐེབས་ས་དག་དག་ཡིན།

ཁྱིམ་ཚང་འདིར་མཚོན་ན་ལོ་བཅུ་ལྷག་ལ་ཨ་ཁུ་དང་ཨ་ནེ་གཉིས་ལ་བདག་སྐྱོང་བྱས་པ་དང་། དེར་མ་ཟད་མིག་ཞར་ཡོད་པ་དང་རྣ་བ་འོན་པའི་བུ་ཆུང་ཞིག་ཀྱང་ཡོད། ཁོའི་ཁྱིམ་མཚེས་ནི་ནམ་ཡང་ཁོམ་པ་ཞིག་མེད་ལ། ཁོམ་པ་ཅུང་ཟད་རེ་ཡོད་ཚེ་རོགས་བྱེད་དུ་འོང་བ་ཡིན།

བསམ་པའི་དཔལ་ཡོན་གྱིས་གནའ་བོའི་སྡེ་བ་འདི་ལ་ཐུན་མིན་གྱི་ཁྱད་ཆོས་མངོན་དུ་བཅུག་ཡོད། ལྷ་སའི་ཐང་སྡེ་བ་ནའང་ལོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་གྱི་ཞབས་བྲོ“འབའ་ཡུལ་བུ་མོ”ཞེས་པ་ཞིག་ཡོད་ལ། དུས་སྟོན་དང་མཛད་སྒོའི་སྟོན་མོ་སོགས་སུ་འཁྲབ་སྟོན་བྱེད་པ་ཡིན། “འབའ་ཡུལ་བུ་མོ” ནི་ཞིང་ཆེན་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཡིན་ལ། ང་ཚོས་རྩ་འཛུགས་བྱས་པའི་ཚོགས་པ་འདིར་ཆེད་ལས་ཀྱི་ཞབས་བྲོ་རུ་ཁག་ཡོད་ལ། ཞབས་བྲོའི་རུ་ཁག་གིས་མི་སྣ་རྒྱ་མཚོ་ཡིས་གསར་འགོད་པར་བཤད་རྒྱུར། “ཞབས་བྲོ་རུ་ཁག་བཙུགས་པ་ནི་སྲོལ་རྒྱུན་གྱི་རིག་གནས་དར་སྤེལ་གཏོང་བ་ཁོ་ན་ཙམ་མ་ཡིན་པར། སྡེ་བའི་ནང་གི་མང་ཚོགས་ཀྱི་བསམ་བློ་གསར་བར་བསྒྱུར་ཆེད་ཡིན། རྒྱ་མཚོ་ཡིས་བཤད་རྒྱུར། སྔོན་ཆད་ན་གཞོན་དག་གིས་ཕྱུགས་ཟོག་འཚོ་བ་ལས་བྱ་བ་གཞན་མེད་ལ། དེ་བས་ཁོ་ཚོ་ལ“འབའ་ཡུལ་བུ་མོ”ཞེས་པ་ཞིག་རྒྱུད་འཛིན་བྱེད་དུ་བཅུག་པ་འང་ཁོ་ཚོས་བར་སྟོང་གི་དུས་ཚོད་ཀྱི་ཁ་གསབ་པ་ཡིན་ཞེས་ཟེར་ཆོག དབྱར་ཁར་ལྟ་སྐོར་བ་མང་དུས་སུ་འཁྲབ་སྟོན་མང་པོ་བྱེད་དགོས།

དེར་བསྟུན། དུས་ཚོད་ངེས་གཏན་སྒོས་འཁྲབ་སྦྱོང་བྱེད་པ་ནི། རིམ་གྱིས་ལྷ་སའི་ཐང་སྡེ་བའི་གོམས་སྲོལ་ཞིག་ཏུ་གྱུར་ཡོད། ནུབ་ཇ་འཐུང་རྗེས་སུ་སྡེ་བའི་མི་རྣམས་དཀྱིལ་སྙིང་ཐང་ཆེན་དུ་འཛོམས་ནས་རོལ་མོ་དང་ལྷན་དུ་ཞབས་བྲོ་འཁྲབ་པ་ཡིན། ད་ལྟའི་བར་དུ་འཁྲབ་སྦྱོང་བྱས་པའི་ཞབས་བྲོ་ནི་མང་ཚོགས་ཀྱི་རིག་གནས་རོལ་རྩེད་ཅིག་ཏུ་གྱུར་ཡོད། ཁོམ་པའི་བར་སྐབས་སུ་གནམ་གཤིས་དང་བསྟུན་ནས་མི་ཚང་མས་དཀྱིལ་སྙིང་ཐང་ཆེན་དུ“འབའ་ཡུལ་བུ་མོ”འཁྲབ་པ་དང་། བོད་གླུ་ལེན་པ་ཡིན།

སྔོན་ཆད་ང་ཚོའི་སྡེ་བ་རིག་གནས་པུའུ་ཡིས་ཀྲུང་གོས་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ས་རུ་བདམས་པ་རེད། སྡེ་དཔོན་རྟ་མགྲིན་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད་རྒྱུར། སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུད་འཛིན་གཏོང་བ་ནི་ལྷ་སའི་ཐང་སྡེ་བའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་ཆ་ཤས་ཤིག་ཡིན་ལ་མང་ཚོགས་རང་བཞིན་གྱི་རིག་གནས་རོལ་རྩེད་ཀྱི་རྣམ་གྲངས་ཀྱང་ཕུན་སུམ་ཚོགས་པ་ཞིག་ཡིན། སྡེ་བའི་ནང་གི་ན་གཞོན་ཚོར་རང་ཉིད་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་དང་ལག་རྩེད་སྤོ་ལོ་རུ་ཁག་ཡོད་ལ། ཁོ་ཚོར་ཆེས་ང་རྒྱལ་བྱེད་དགོས་ས་ཞིག་ཡོད་པ་ནི་ལག་རྩེད་སྤོ་ལོ་རུ་ཁག་གིས་ཡུས་ཧྲུའུ་ཁུལ་ཡོངས་ནས་སྤོ་ལོ་འགྲན་སྡུར་གྱི་ཁྲོད་དུ་མཚན་སྙན་ཐོབ་པ་དེ་རེད། རྒན་པ་དང་དར་མའི་ཁྲོད་དུ་ཏང་ཡོན་བྱ་འགུལ་ཁང་དང་དཔེ་མཛོད་ཁང་། སྟེགས་གྲུག་ཁང་བཅས་ནི་ཁོ་ཚོ་ཁོམ་པའི་སྐབས་སུ་འགྲོ་ས་ཉག་གཅིག་ཏུ་གྱུར་ཡོད།

ཉི་མ་ནུབ་ལ་ཉེ་བའི་སྐབས་དང་བསྟུན་ནས། ཉིན་གཅིག་གི་བཅར་འདྲི་ཡང་མཇུག་རྗོགས་སོང་། འདི་ལས་ང་ཚོ་ལ་གཏིང་ཟབ་མོའི་ཚོར་སྣང་ཞིག་བྱིན་པ་ནི། ལྷ་སའི་ཐང་སྡེ་བའི་གནའ་བོའི་བབ་ཆགས་པའི་གོམས་སྲོལ་དང་། ཁོར་ཡུག་གི་མཛེས་པ། ཁྱིམ་མཚེས་འཆམ་མཐུན། འཚོ་བའི་བརྟན་འཇགས་དང་མཐུན་སྒྲིལ་གྱི་སྟོབས་ཤུགས་སོགས་ཡིན།

 ལོ་ཙཱ་བ།   སྐར་མ་འཚོ།