གུང་ཧོ་རྫོང་གིས་ཏང་གི་འཛུགས་སྐྲུན་དམ་འཛིན་དང་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་བ།
2018.01.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 30

“ཏང་གི་འཛུགས་སྐྲུན་ལ་དམ་འཛིན་གང་ལེགས་སྒོས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་ནི་དབུལ་ཕོངས་ས་ཁུལ་དབུལ་ཐར་ཕྱུག་བསྒྱུར་བྱས་པའི་ཉམས་མྱོང་གལ་ཆེན་ཞིག་ཡིན། ”གུང་ཧོ་རྫོང་ཏང་ཨུའི་རྒྱུན་ཨུ་དང་། རྒྱུན་ལས་རྫོང་དཔོན་གཞོན་པ་མགོན་པོ་ཚེ་བརྟན་གྱིས་བཤད་རྒྱུར། ང་ཚོ་གུང་ཧོ་རྫོང་གི་གནད་ཁེལ་དབུལ་སྐྱོར་ནི་ཟུར་མང་ཤུགས་འདོན་གྱི་ཕྱུག་བསྒྱུར་ལམ་བུ་ཞིག་ཡིན་མོད། འོན་ཀྱང་ལམ་བུ་རེ་རེ་ནི་ཏང་ཡོན་དང་། སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་འདྲེན་འབད་སྒྲུབ་ལ་ཁ་འབྲལ་ཐབས་མེད་ཟེར།

ངོས་ཟིན་འདི་ནི་གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་སོང་ནས་དབུལ་སྐྱོར་དང་འབྲེལ་ཡོད་ཀྱི་རིམ་པ་སོ་སོའི་ལས་བྱེད་པར་བཅར་འདྲི་བྱས་པ་ཡིན་ནའང་འདྲ། སྡེ་བའི་ནང་དུ་སོང་ནའང་འདྲ། སྡེ་དམངས་རྣམས་ཀྱིས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གི་སྣེ་ཁྲིད་འོག་ཏུ། སྔོན་ཆད་ཀྱི“ངང་སྒུག་དང་། གཞན་རྟེན། གཞན་སློང་། ”བཅས་ཀྱི་བསམ་བློ་རྙིང་པ་བསྒྱུར་ཏེ། ཁྱིམ་དར་ཕྱུག་བསྒྱུར་ལ་རང་འགུལ་ངང་ཧུར་བརྩོན་བྱེད་པའི་སྙིང་སྟོབས་ཀྱིས་ཐམས་ཅད་ལ་འགྱུར་ལྡོག་འབྱུང་དུ་བཅུག་ཡོད། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་དང་ཏང་གི་འཛུགས་སྐྲུན་ལ་དམ་འཛིན་བྱེད་པའི་སྤྱོད་སྟངས་དེ་གུང་ཧོ་རྫོང་གི་དབུལ་ཕོངས་སྡེ་བ་དབུལ་ཐར་ཕྱུག་བསྒྱུར་གྱིས་འབྱོར་འབྲིང་གི་ཕྱོགས་སུ་བསྙེག་པའི་བརྒྱུད་རིམ་ཁྲོད་གསལ་པོར་མངོན་ཡོད།

རིག་སྨོན་གྲོང་རྡལ་ཕ་ཡག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བྱམས་པ་སྔ་མོ་ནས་རང་ཁྱིམ་གྱི་སྒོ་ཁར་འགྲེངས་ཏེ་ང་ཚོ་སླེབས་པར་བསྒུགས་ཡོད། ཕ་ཡག་སྡེ་བ་ནི་སྔོན་ཆད་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་རབ་བརྟན་གྱི་མཚན་སྙན་དང་འགྲོགས་ནས་མིང་དུ་གྲགས་ཡོད་པ་ཞིག་ཡིན། ངལ་རྩོལ་དཔེ་ལེགས་ཅན་གྱི་ཤུགས་རྐྱེན་ཐེབས་ཏེ། ལོ་ངོ་མང་པོའི་རིང་ལ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཀྱིས་རྨང་གཞི་ཇེ་བརྟན་དང་ཡོང་སྒོ་འཕར་སྣོན་གྱི་ལམ་བུ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། རྨང་གཞི་བརྟན་པོར་གཏོང་བ་དང་། ཁྱད་ཆོས་གསར་གཏོད། ཕན་འབྲས་འཕར་སྣོན། དམངས་ལ་ཕན་པ་བཅས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཏེ་འབྲོག་ཁུལ་དུ་འབྱོར་འབྲིང་གི་ཕྱོགས་སུ་བསྙེག་པའི་ཕྱུག་བསྒྱུར་གྱི་ལམ་བུ་ཞིག་བཏོད།

སྡེ་བ་ཡོངས་ལ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་སོ་དྲུག་ཡོད་པ་དང་དབུལ་སྐྱོར་མ་དངུལ་སྒོར་ཁྲི་རེ་བཞི་རིམ་བསགས་བྱས་ཡོད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གིས་འགྲོ་སོང་རང་གིས་བཏང་སྟེ་ཡར་རྒྱུག་མར་རྒྱུག་བྱས་ཤིང་གཅིག་གྱུར་གྱིས་མ་མོ་ཉོས་ཏེ། ཁོ་ཚོ་དབུལ་ཐར་ཡོང་བར་རོགས་རམ་བྱས། མིག་སྔར། སྡེ་བ་ཡོངས་ལ་ཁྱིམ་ཚང་ཉིས་བརྒྱ་བཅོ་བརྒྱད་དང་མི་གྲངས་བརྒྱད་བརྒྱ་རེ་བརྒྱད་ཡོད། ཁྱིམ་ཚང་ཕྱེད་ཀ་གྲོང་རྡལ་དུ་སོང་སྟེ་གནས་སྐོར་ལས་རིགས་གཉེར་བ་དང་ཕྱུགས་ལས་ཐོན་རྫས་ལས་སྣོན་སོགས་ཀྱི་ལས་ཀ་གཉེར་བཞིན་ཡོད་ཅིང་། ཕྱེད་ཀ་གྲོང་རྡལ་དུ་སོང་ནས་ཞོར་ལས་གཉེར་ཞོར་ཡོང་སྒོ་འཚོལ་བཞིན་ཡོད།

བྱམས་པས་བཤད་རྒྱུར། མཚོ་སྔོན་པོའི་རང་བྱུང་གནས་སྐོར་ཐོན་ཁུངས་ལ་གཞི་བཅོལ་ཏེ། ཕ་ཡག་སྡེ་བར་ལོ་འདི་དག་གི་རིང་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། བོད་ཀྱི་ཁྱད་ཆོས་ལྡན་པའི་ཐང་བོད་རྡེའུ་འབུམ་མཁར་དང་། ལས་སྣོན་དང་ཕྱིར་འཚོང་གཞི་གཅིག་ཅན་གྱི་མི་རིགས་དངུལ་ཆས་ཚོང་མཁར། ཚད་ལྡན་དང་གཞི་རྒྱ་ཅན་གྱི་གསོ་སྤེལ་ར་བ་སོགས་ཡོད་ཅིང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གི་སྣེ་ཁྲིད་འོག་ཕ་ཡག་སྡེ་བར“མི་རེ་རེར་ལས་ཀ་བསྒྲུབ་རྒྱུ་ཡོད་པ། ལས་ཀ་རེ་རེར་སྒྲུབ་མཁན་ཡོད་པ། ཁྱིམ་ཚང་རེ་རེར་ཡོང་སྒོ་ཡོད་པ། ཁྱིམ་ཚང་རེ་རེས་འཛད་སྤྱོད་བྱེད་པ”བཅས་སྡེ་གསར་གྱི་རྣམ་པ་ཕྱི་ལ་མངོན་ཡོད། རྡེའུ་འབུམ་མཁར་གཅིག་པུའི་ལས་གཞི་ལས་མི་བདུན་བརྒྱ་དང་རེ་བརྒྱད་ལ་སྒུལ་ཤུགས་ཐེབས་ཏེ་མ་རྐང་ནང་ཞུགས་ཤིང་ལོ་རེའི་ཡོང་འབབ་དམངས་སྒོར་ཁྲི་ང་གཉིས་ཡིན་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་ཁེ་སྤོགས་སྒོར་སྟོང་གཉིས་དང་བཞི་བརྒྱ་ཉེར་གཉིས་བགོ་རྒྱུ་ཡོད། མི་ཉིས་བརྒྱ་དང་བཅུ་ལྷག་གི་ལས་ཞུགས་གནད་དོན་ཐག་བཅད་པ་དང་། མི་རེའི་ཆ་སྙོམས་ཀྱི་བྱ་གཞག་གསར་གཏོད་ཡོང་སྒོ་དམངས་སྒོར་ཁྲིའི་ཡན་ལ་བུད་པ་དང་། མིག་སྔར། སྡེ་བ་ཡོངས་ཀྱི་ཐུན་མོང་དཔལ་འབྱོར་ཡོང་སྒོ་སྒོར་ཁྲི་སུམ་བཅུ་ལྷག་ལ་སླེབས་ཡོད།

“ང་ཚོའི་སྡེ་བའི་འབྱོར་འབྲིང་གི་ཕུགས་འདུན་མངོན་འགྱུར་འབྱུང་དགོས་ན། ཏང་ཡོན་སྣེ་ཁྲིད་པ་བཟང་པོ་བྱེད་དགོས།”ཞེས་ས་གྲུ་བཞི་ཞང་འཁྱིལ་ཁུག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀླུ་འབུམ་རྒྱལ་གྱིས་རྒྱུན་དུ་དེ་ལྟར་གླེང་བཞིན་ཡོད། འཁྱིལ་ཁུག་སྡེ་བར་ཏང་ཡོན་ཉེར་བཞི་ཡོད་ལ་ཏང་ཡོན་རེ་རེས་ཏང་རྟགས་བཏགས་ཡོད་ཅིང་དེ་ནི་བཀྲག་མདངས་འཚེར་བའི་ལམ་ཐིག་ལྟ་བུར་གྱུར་ཡོད།

འཁྱུལ་ཁུག་སྡེ་བ་ནི་ཚ་རྔ་འགག་ཆུ་མཛོད་ཀྱི་ཡུལ་མི་གནས་སྤོའི་སྡེ་བ་ཞིག་ཡིན་ལ། སྡེ་བ་ཡོངས་ལ་ཁྱིམ་གྲངས་བརྒྱ་དང་སོ་གཉིས་དང་།མི་གྲངས་བཞི་བརྒྱ་དང་གོ་གཉིས་ཡོད། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཉེར་དྲུག་ཡོད།འཁྱིལ་ཁུག་སྡེ་བར་བསྐྱོད་པ་ན་སྲང་ལམ་གཙང་ཞིང་གྲལ་དག་ཅིང་། སྡེ་བའི་མང་ཚོགས་ཀྱིས་སྣུམ་བཙག་ཁང་ཕྱེས་ཡོད་ལ་ཞིང་སྡེའི་གློག་རྡུལ་ཚོང་ལས་དང་ཡུངས་དཀར་གྱི་ས་བོན་ཉི་མར་སྐམ་པ་སོགས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་སྙེག་པའི་དགའ་འོས་པའི་རྣམ་པ་ཞིག་མངོན་ཡོད།ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་ཐུབ་པའི་འདུ་ཤེས་དེ་ནི་འཁྱིལ་ཁུག་ཞང་གི་མི་རེ་རེའི་སེམས་ཀྱི་ཟབ་སར་ཟུག་ཡོད། འདུ་ཤེས་དེ་དངོས་འབེབས་བྱ་དགོས་ན། ཏང་ཡོན་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་མི་སྣ་ཉི་ཤུ་ལྷག་གི་གདོང་ལེན་དཔེ་སྟོན་གྱི་ནུས་པར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ་ལོ་འབྲས་སྨིན་དགོས།

ཉིན་གུང་ལ་ཉེ་དུས། ང་ཚོ་དབུལ་ཕོངས་ཁྱིམ་ཚང་ཧོ་ཞིན་ཚང་ལ་སོང་བ་ཡིན། ཁོ་ཚང་ལ་བཟའ་མི་གསུམ་མ་གཏོགས་མེད།རྟག་ཏུ་ཁྱིམ་ཚང་ཡར་རྒྱས་གཏོང་བའི་མ་དངུལ་མེད་པའི་ཕྱོགས་ལ་སེམས་ཁུར་བྱས་ཤིང་། ཐ་ན་ལོ་གང་མང་ལ་གཉེར་བའི་སྣུམ་བཙག་ཁང་ལའང་སྤྱོད་གོ་ཅི་ཡང་མེད་པར་ལུས་མྱོང་།ཉིས་སྟོང་བཅུ་དྲུག་ལོར། ཁྱིམ་ཚང་ལ་དངོས་འབེབས་བྱས་པའི་ཐོན་ལས་མ་དངུལ་སྒོར་ཁྲི་གཅིག་དང་གྲངས་ཆུང་དགུ་ལྷག་ལག་ཏུ་འབྱོར་བའི་ཁར། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་ཧྲུའུ་ཅི་དང་པོའི་རོགས་རམ་འོག་ཕལ་ཆེར་མ་དངུལ་སྒོར་ཁྲི་བཞི་ལ་ཉེ་བ་ཞིག་བཏང་བའི་སྣུམ་བཙག་ཁང་དེ་བདེ་བླག་ངང་སྒོ་འབྱེད་ཐུབ་སོང་བ་དང་། བདག་གཉེར་བྱས་ནས་ཟླ་ལྔ་ལས་མ་འགོར་བར་ཡོང་འབབ་སྒོར་ཁྲི་གཉིས་ལྷག་ལ་བུད།

ཚ་རྔ་འགག་གྲོག་ཁ་ཞོལ་མའི་རི་བོང་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དུ་འབྱོར་བ་ན། ཚད་དང་ལྡན་པའི“ཡོས་བུའི་སྤྲོ་ཁང”རེ་རེ་སྟར་ཕྲེང་བསྒྲིགས་ཡོད་ལ། ཡོས་བུ་དག་གིས་གཟན་ཆས་རྒུམ་བཞིན་འདུག ཡོས་བུ་གསོ་སྤེལ་ནི་མང་ཚོགས་ཀྱི“ཚོད་ལྟ་པ”རུ་གྱུར་ཏེ་རང་དཔེ་གཞན་སྟོན་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་བསྡུས་གཟུགས་ཤིག་ཡིན། ཀུང་སིའི་འགན་ཁུར་པ་དང་ཏང་ཡོན་གཅིག་ལྕོགས་ཡིན་པའི་ཁྲུང་ཧྲང་ཝེས་བཤད་རྒྱུར། “ཚོད་ལྟའི་གསོ་སྤེལ་ལེགས་འགྲུབ་བྱུང་རྗེས་བདག་གིས་ད་གཟོད་གསོ་སྤེལ་གཞི་རྒྱ་བསྐྱེད་པ་ཡིན་ལ། ལོ་རེར་དབུལ་ཁྱིམ་དག་ལ་ཁེ་སྤོགས་སྒོར་ཁྲི་བཅུ་དྲུག་བགོ་བཤའ་རྒྱག་རྒྱུ་ཡོད། དབང་པོ་སྐྱོན་ཅན་ཧྲེན་ཧའེ་མིང་ལ་རིན་མེད་པར་ཁྱིམ་ཆས་དང་། གསོ་ཆས། ཡོས་བུ་བརྒྱ་དང་ལྔ་བཅུ་ཐོབ་ཡོད་ཅིང་ལོ་རེའི་ཡོང་སྒོ་སྒོར་སྟོང་གསུམ་ཡོད”ཟེར།

འདེབས་འཛུགས་དང་། གསོ་སྤེལ། ཞིང་པའི་སྤྲོ་ཁྱིམ་སོགས་གཉེར་བ་བརྒྱུད། སྡེ་བ་ཡོངས་ཀྱི་བརྒྱ་ཆའི་བརྒྱ་ཡི་ཏང་ཡོན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་དུ་ཞུགས་ཤིང་། ལོ་རེའི་ཆ་སྙོམས་གསར་གཏོད་ཡོང་སྒོ་སྒོར་ཁྲི་བཞི་བརྒྱ་དང་སུམ་བཅུ་ལྷག་མངོན་འགྱུར་བྱུང་། ཏང་ཡོན་གྱི་འགན་འཁྲིའི་ས་ཁུལ་དང་། འགན་འཁྲིའི་ས་ཞིང་བཙུགས་པ་བརྒྱུད་དེ། ནུས་ཤུགས་གང་ཡོད་ཀྱིས་ཏང་ཡོན་ཕྱུག་བསྒྱུར་འཇོན་ཐང་ཅན་སྐྱེད་སྲིང་བྱས་ཏེ། “ཏང་ཡོན་རེ་རེ་ནི་ཏང་འཛུགས་སྐྲུན་གྱི་དར་ཆ་རེ་རེ་ཡིན་པ”ཡི་རང་དཔེ་གཞན་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཀྱིན་ཡོད།

རྩོམ་སྒྲིག་པ། སྐར་མ་འཚོ།