མཐོ་སྒང་གི་འབྲི་མོའི་འོ་བཟོས་ལས་རིགས་ཀྱི་ཁྱད་མཚར་སྟོབས་ཤུགས།
2018.01.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 52

 ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཨོ་རྒྱན་ཚེ་སྐྱབས་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་འབྲི་མོའི་འོ་བཟོས་ཐོན་རྫས་ཚོང་རར་བཀྲམས་མཁན་གྱི་མི་ཐོག་མ་ཡིན་ལ། ཁོས་ཚོང་ར་འདིའི་སྒོ་དངོས་སུ་མ་ཕྱེས་པའི་སྔོན་ལ། འབྲི་མོའི་འོ་མ་ཚོང་རྫས་སུ་བསྒྱུར་ཏེ་ཕྱིར་འཚོང་བྱེད་པའི་བྱ་བ་གཉེར་མྱོང་མེད།  འོ་མ་ནི་འབྲོག་པའི་བཏུང་བྱ་གཙོ་བོ་ཡིན་པ་དང་། སྔོན་ཆད་ཁྱིམ་ཚང་རེ་རེས་སྒོ་ཕྱུགས་གསོ་བཞིན་ཡོད་ལ། རང་གིས་སྒོ་ཕྱུགས་མ་གསོས་ཀྱང་ཤ་ཉེ་སྤུན་ཟླའི་སར་འོ་མ་ལེན་དུ་སོང་ཆོག་པ་རེད། རྗེས་སུ་སྤྱི་ཚོགས་རིམ་བཞིན་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། ཁྱིམ་ཚང་མང་པོས་ཕྱུགས་ཟོག་མ་གསོས་པས། འོ་མ་འཐུང་འདོད་ན་གཞན་གྱི་སར་ཉོ་དགོས་པ་རེད། 

ཉིས་སྟོང་གཅིག་ལོར། ཨོ་རྒྱན་ཚེ་སྐྱབས་ཀྱིས་འོ་མའི་ཐོན་ལས་གཉེར་བའི་མགོ་བརྩམས། དྲིན་ཆེན་རྩྭ་ཐང་དུ་སྦྲ་གུར་ཕུབ་ནས། ཡུས་ཧྲུའུ་འབྲི་མོའི་འོ་བཟོས་ཐོན་ལས་བཙུགས་པ་དང་། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་ཞོ་བསྙལ། ཉིས་སྟོང་བརྒྱད་ལོར་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་སྟེ། ཁྲ་ལ་ས་ཆའི་འོ་མའི་ཐོན་ལས་ཀྱིས་དྲིན་ཆེན་རྩྭ་ཐང་དུ་དེང་རབས་ཅན་གྱི་ཐོན་སྐྱེད་འཁོར་ཁང་ཞིག་ཀྱང་བཙུགས།

འབྲི་ཞོའི་རྒྱུ་ཆ་འོ་མ་ནི་ཁྲ་ལ་འོ་མའི་ལས་རིགས་ཀྱིས་ཆེས་དོ་སྣང་བྱེད་ས་ཞིག་རེད། འོ་མའི་ཐོན་ཁུངས་ཐག་གཅོད་བྱེད་ཆེད། ཁྲ་ལ་འོ་ལས་ཀྱིས་ཉིས་སྟོང་གསུམ་ལོར་འབྲི་མོའི་འོ་བཟོས་མཐུན་ཚོགས་བཙུགས་ཤིང་། མཐུན་ཚོགས་བཙུགས་པའི་དུས་མགོར་ཚོགས་མི་ཁྱིམ་ཚང་སུམ་བརྒྱ་ལས་མེད་པ་དང་། སྐབས་དེར། ཁྲ་ལ་འོ་ལས་ཀྱིས་ཚོགས་མིའི་ཁྱིམ་ཚང་གི་འབྲི་མོའི་འོ་མ་རིན་གོང་མཐོན་པོ་བྱས་ནས་ཉོས་པ་དེས། ཚོགས་མིའི་དཔལ་འབྱོར་གྱི་ཡོང་འབབ་ཇེ་མང་དུ་བཏང་བར་མ་ཟད། ཚོགས་མིས་སྤུས་བཟང་འོ་མ་ཐོན་སྐྱེད་བྱེད་པར་སྐུལ་འདེད་བྱས། ཁེ་བཟང་ཡོད་པས། མཐུན་ཚོགས་ཀྱི་ཚོགས་མི་ནི་ཇེ་མང་ནས་ཇེ་མང་དུ་གྱུར་ཏེ། ད་ལྟ་ཁྱིམ་ཚང་སྟོང་བཞི་ལྷག་ལ་སླེབས་ཡོད་པ་དང་། རྟེན་གཞིའི་བཞོན་མ་སྔར་ཡོད་ཀྱི་སྟོང་འགའ་ནས་ད་ལྟ་ཁྲི་གསུམ་ལྷག་ཏུ་སླེབས་ཡོད་སྟབས། དུས་ཚིགས་བཞི་པོར་འོ་མ་མཁོ་འདོན་བྱས།

ཁྲ་ལ་འོ་མའི་ཐོན་ལས་བཙུགས་པ་དེས། འབྲི་མོའི་འོ་མའི་རིན་གོང་སྔར་ལས་ཇེ་མཐོར་སོང་སྟེ། འབྲོག་དམངས་ཀྱི་ཡོང་སྒོ་ལྡབ་འགྱུར་གྱིས་འཕར། སྔོན་ཆད། འབྲི་མོ་རེའི་འོ་མའི་ཡོང་སྒོ་ལོ་གཅིག་ལ་སྒོར་བརྒྱ་དང་དྲུག་ཅུ་ལས་མེད། འོན་ཀྱང་། ད་ལྟ་འབྲི་མོ་རེའི་འོ་མའི་ཡོང་སྒོ་ལོ་གཅིག་ལ་སྒོར་མོ་སྟོང་གཅིག་དང་དགུ་བརྒྱ་བརྒྱད་ཅུར་སླེབས་ཡོད།

དེའི་རྗེས། ཨོ་རྒྱན་ཚེ་སྐྱབས་ཀྱིས་ཉེ་འགྲམ་གྱི་འདམ་འདའ་དང་། ཞེའུ། ཁྲི་དབང་བཅས་གྲོང་རྡལ་གསུམ་དུ་ས་ཁོངས་ཀྱི་ཁེབས་ཚུལ་ལྟར་ལྷད་མ་འདྲེས་པའི་འབྲི་མོའི་འོ་མའི་ཐོན་ཁུངས་ཀྱི་མཐུན་ཚོགས་གསུམ་བཙུགས་ཏེ། བསྡོམས་པས་མཉམ་ལས་རྩ་འཛུགས་བཞི་འཕེལ་རྒྱས་སུ་བཏང་བ་དང་། ལས་གཞི་ཁུལ་གྱི་འབྲོག་ཁྱིམ་གྱིས་འོ་མ་བཙོངས་པའི་ཡོང་སྒོ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གསུམ་ལ་སླེབས་ཡོད་པ་རེད། ཡ་རུ་གསོ་སྤེལ་བྱས་པ་བརྒྱུད་ཕྱིར་འཚོང་གི་དུས་བཅད་སྔོན་ལ་སྣུར་ཏེ་ཡོང་འབབ་སྒོར་མོ་བྱེ་བ་གསུམ་དང་ས་ཡ་གཅིག་འབུམ་བཞི་ཁྲི་གསུམ་མངོན་འགྱུར་བྱས་པ་དང་། ལས་གཞི་ལ་བརྟེན་ནས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་སྒོར་མོ་བྱེ་བ་བཞི་དང་ས་ཡ་བཞི་འབུམ་བདུན་ཁྲི་གསུམ་ལ་སླེབས། འོ་མའི་ཐོན་རྫས་དེ་དག་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་དམར་ལེབ་རྫོང་གི་འབའ་དགོན་ཞང་དང་། སི་ཁྲོན་ཞིང་ཆེན་གྱི་སེར་ཤུལ་རྫོང་སོགས་སུ་སྐྱེལ་བཞིན་ཡོད་པ་དང་། དེས་འོ་མ་ཐོན་སྐྱེད་བྱེད་པའི་འབྲོག་ཁྱིམ་སྟོང་གཉིས་ལྷག་ལ་སྐུལ་ཁྲིད་བྱས།

ཨོ་རྒྱན་ཚེ་སྐྱབས་ཀྱིས་བཤད་རྒྱུར། ཁེ་ལས་སྒྲུབ་པའི་དམིགས་ཡུལ་ནི་དབུལ་ཕོངས་ལས་ཐར་རྒྱུ་དེ་ཡིན་ལ། ཁེ་སྤོགས་ཁོ་ན་དོན་དུ་གཉེར་རྒྱུའང་མ་ཡིན་པར་རང་གི་ནུས་ཚོད་ཀྱིས་ནན་ཏན་སྒོས་བྱ་བ་བསྒྲུབས་ན། དེ་དང་དེར་བསྟུན་གྱིས་ཡོང་སྒོ་རེག་ངེས་རེད་ཟེར། ཁོས་བློ་ཐག་རྦད་ཆོད་ཀྱིས་འདི་ལྟར་བཤད་ཀྱིན་ཡོད་ལ་དེ་ལྟར་སྒྲུབ་ཀྱིན་ཡང་ཡོད།

ཉིས་སྟོང་བཅུ་གཅིག་ལོར། ཁྲ་ལ་འོ་མའི་ཐོན་ལས་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་རིམ་པའི་འོ་མའི་ཐོན་རྫས་བདེ་འཇགས་ཐོན་སྐྱེད་ཆོག་མཆན་དཔང་ཡིག་ཐོབ་པའི་ཀུང་སི་གཅིག་པུ་ཡིན་པར་མ་ཟད། སྤུས་ཚད་དོ་དམ་མ་ལག་གི་ར་སྤྲོད་ཐོབ་ཡོད། ཀུང་སིས་མ་དངུལ་སྒོར་མོ་བྱེ་བ་གཅིག་ལྷག་བཏང་ནས་ཆེད་ལས་ཅན་གྱི་འོ་མོའི་བཟའ་ཆས་ལས་སྣོན་བཟོ་གྲྭ་བཙུགས་ཏེ། བཟོ་སྐྲུན་གྱི་རྒྱ་ཁྱོན་མུས་གྲུ་བཞི་མ་སྟོང་གཅིག་དང་སུམ་བརྒྱ་ལྔ་བཅུར་སླེབས་ཡོད་པ་དང་། སྔོན་ཐོན་ཡིན་པའི་འོ་མའི་བཟའ་ཆས་ལས་སྣོན་སྒྲིག་ཆས་དང་ཞིབ་དཔྱད་ཚད་ལེན་གྱི་ཡོ་བྱད་ཉོ་སྒྲུབ་བྱས་ནས། འབྲི་མོའི་འོ་མས་ཞོ་བསྙལ་བ་དང་། སྲོལ་རྒྱུན་གྱི་ལག་རྩལ་བརྟེན་ནས་ཆུར་བ་བཟོ་བ། འཚོ་བཅུད་ལྡན་པའི་ཞོར་ཟས་བཅས་ཐོན་རྫས་མང་པོ་ལས་སྣོན་བྱས་པ་དང་། ཉིན་རེར་ལས་སྣོན་བྱེད་པའི་ཚད་ཏུན་ཉི་ཤུ་ལ་ཉེ་བ་རེད།

ཨོ་རྒྱན་ཚེ་སྐྱབས་ཀྱིས་འཛུམ་དང་བཅས་བཤད་རྒྱུར། ལོ་འགའི་སྔོན་ལ། འོ་མའི་ཞིབ་དཔྱད་ཚད་ལེན་གྱི་ཡོ་བྱད་ནི་ཚོང་རར་བཀྲམ་མ་ཐག་ཡིན་སྟབས། རིན་གོང་ཧ་ཅང་མཐོ། འོན་ཀྱང་། འོ་མའི་རྒྱུ་སྤུས་ལ་ཁག་ཐེག་བྱ་ཆེད། དངུལ་བུན་བསྐྱིས་ནས་ཀྱང་ཉོ་དགོས་བྱུང་། ད་ལྟ་ཚན་རྩལ་སྔར་ལས་འཕེལ་རྒྱས་སུ་སོང་ཡོད་པས། ཚད་ལེན་ཡོ་བྱད་ཀྱིས་གཞི་གྲངས་སྔར་ལས་མང་པོ་ཞིག་ལ་ཞིབ་དཔྱད་ཚད་ལེན་ཐུབ་པར་མ་ཟད། རིན་གོང་ཡང་དེ་ལས་ལུགས་མཐུན་དྲང་གཞག་ཡིན་པ་རེད་ཟེར།

ཁྲ་ལ་འོ་མའི་ཐོན་ལས་ནི་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བ། ཉམས་ཞན་ནས་སྟོབས་ལྡན་གྱི་འཕེལ་རིམ་བརྒྱུད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲི་མོའི་འོ་མ་ཐོན་རྫས་ཚད་ཡོད་ཀུང་སི་དང་པོ་རུ་བསྒྲུབ་པར་བརྩོན་ལེན་བྱེད་པ་དང་འབྲི་མོའི་འོ་མ་ཐོན་ལས་ཅན་གྱིས་འབྲོག་པའི་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་གཉིས་དམིགས་འབེན་དུ་བཟུང་ཡོད། ད་ལྟ་རྟེན་གཞི་འདིས་སྐྱེ་ཁམས་གནས་སྤོར་བ་ང་གསུམ་དང་། སློབ་ཆེན་གྱི་མཐར་ཕྱིན་སློབ་མ་བཅུ་གཉིས་ཀྱི་ལས་ཞུགས་ལ་སྐུལ་སྤེལ་བྱས་པར་མ་ཟད། ལག་རྩལ་ལྡན་པའི་ཤེས་ལྡན་པ་ལྔ་ཡང་གདན་ཞུ་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།