བུ་དོན་སྡེ་བའི་རྣམ་པ་གསར་བ།
2018.02.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 48

ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྨར་འབྲིང་ཞང་བུ་དོན་སྡེ་བར་སླེབས་པ་དང་། སྡེ་བའི་ནང་ཐོན་མ་ཐག ཁོ་ཚོའི་མིག་མདུན་དུ་མངོན་ཡོང་བ་ནི་ཡངས་ཤིང་རྒྱ་ཆེ་ལ་ཁོད་སྙོམས་པའི་སྣུམ་ལམ་དང་། སྡེ་བའི་ནང་གི་གཞུང་ལམ་གཙང་ཞིང་གྲལ་དག་པ་དང་། ཁང་བ་རྣམས་གྲལ་བསྒྲིགས་ཤིང་། སྡེ་བའི་མི་རྣམས་ཀྱི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཀྱིས་ཕྱུག་ཡོད་པ་དེ་རེད།

བུ་དོན་སྡེ་བ་ནི་རྫོང་མཁར་དང་བར་ཐག་སྤྱི་ལེ་བརྒྱ་ལྷག་གི་མཚམས་སུ་ཡོད་པ་དང་། སྡེ་བ་ཡོངས་ལ་འབྲོག་པའི་མཉམ་ལས་ཁང་བཞི་དང་། ཁྱིམ་ཚང་ཉིས་བརྒྱ་སོ་དགུ མི་དགུ་བརྒྱ་དང་རེ་གཅིག་བཅས་ཡོད་པ་རེད། བུ་དོན་སྡེ་བ་ནི་མཚོ་ངོས་ལས་མཐོ་ཚད་ལ་མུས་སྟོང་བཞི་དང་བརྒྱ་ཡོད་པའི་རི་ཁུལ་དུ་ཡོད་པ་དང་། བུ་དོན་སྡེ་བའི་འབྲོག་པ་ཚོས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་དཀྱིལ་སྙིང་ཁུལ་ལ་སྲུང་སྐྱོབ་དང་། ས་ནག་ཐང་བཅོས་སྐྱོང་བྱས་ནས་ལྗང་མདོག་ཁྱིམ་གཞི་མངོན་འགྱུར་བྱས་པ་དང་ཆབས་ཅིག ད་དུང་“རྒྱལ་ཡོངས་དཔལ་ཡོན་སྡེ་བ་དང་གྲོང་རྡལ”གྱི་གཟི་བརྗིད་མཚན་སྙན་ཞིག་བླངས། གཟན་རྩྭ་འདེབས་འཛུགས་བྱེད་པ་ནས་ལྕུམ་རྩྭ་འདེབས་འཛུགས་བྱས་པའི་ལོ་ངོ་འགའི་འགྱུར་ལྡོག་སྣ་ཚོགས་ཁྲོད། བུ་དོན་སྡེ་བའི་འབྲོག་པ་མང་ཚོགས་ཀྱིས་དཀའ་སྡུག་མྱངས་པ་དང་འབྲས་བུ་ཡང་སྨིན། ལྷག་པར་དུ། ཉེ་བའི་ལོ་འགའི་རིང་ལ། སྐྱེ་ཁམས་སླར་གསོ་བྱས་པའི་ཚད་དེ་རྫོང་ཡོངས་ཀྱི་མདུན་གྲལ་དུ་སླེབས།

ལོ་ཉི་ཤུའི་སྔོན་ལ། ཕྱུགས་ཚད་ལས་བརྒལ་ནས་གསོས་ཏེ། རྩྭ་ས་ཉམས་ཞན་དུ་གྱུར་བའི་སྐབས་དེར། ས་ཆུ་ཤོར་བ་དང་། རྩྭ་ས་ཉམས་ཞན་དུ་གྱུར་བར་ཁ་གཏད་གཅོག་སྐབས། མི་རྣམས་ཀྱི་སེམས་ཁམས་ཧ་ཅང་སྡུག ཡིན་ནའང་། ཁོ་ཚོས་སྐད་ཆ་ཅི་ཡང་མི་སྨྲ་བར་ས་ནག་ཐང་དུ་རྩྭ་འདེབས་པའི་བྱ་འགུལ་ཞིག་བསླངས། ལོ་ཉི་ཤུའི་རྗེས་ཀྱི་དེ་རིང་། ཁོ་ཚོའི་འགུལ་སྐྱོད་དེར་གྲུབ་འབྲས་ཀྱང་སྨིན་བྱུང་། ད་ལྟ་བུ་དོན་སྡེ་བའི་རྩྭ་ས་སྔོ་ལྗང་དུ་གྱུར་བ་དང་། འཚོ་བའང་ཇེ་བཟང་དུ་གྱུར། ཉིས་སྟོང་བཅུ་བདུན་ལོར། སྡེ་བ་ཡོངས་ཀྱི་ཡོང་སྒོ་ཡང་བསྐྱར་སྒོར་མོ་འབུམ་གཅིག་དང་ཁྲི་བརྒྱད་འཕར་སྣོན་བྱུང་།

ལོ་འདི་འགའི་རིང་གི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་གླེང་སྐབས། ལོ་གྱ་གཉིས་ལ་སླེབས་པའི་ཏང་ཡོན་རྒན་པ་ཚེ་དབང་གིས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། ཏང་དང་སྲིད་གཞུང་གིས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་ཁྲོད་ང་ཚོར་ཕྱུགས་བཀག་རྩྭ་འདེབས་ལམ་ཕྱོགས་འདི་བདམས་སུ་བཅུག་པ་མིན་ཚེ། ང་ཚོ་དེ་རིང་གི་བུ་དོན་སྡེ་བའི་འཕེལ་རྒྱས་དང་ལྗང་མདོག་འདི་གང་ན་ཡོད་ཟེར།

ལོ་འགའི་སྔོན་ནས་འགོ་བརྩམས་ཏེ། སྨར་འབྲིང་ཞང་བུ་དོན་སྡེ་བས་གཟན་རྩྭ་འདེབས་འཛུགས་བྱེད་འགོ་བརྩམས་པ་དང་། དང་ཐོག་སྒོ་ཁའི་ས་སྟོང་དུ་རྩྭ་བཏབ་པ་དང་། དེའི་འཕྲོར་རང་ཁྱིམ་གྱི་རྩྭ་རའི་ནང་རྩྭ་བཏབ། ད་ལྟ། སྡེ་བ་ཡོངས་ཀྱི་རྩྭ་སའི་རྒྱ་ཁྱོན་དེ་སྤྱི་ཆིངས་བརྒྱད་བརྒྱ་རེ་དྲུག་ལྷག་ལ་སླེབས་པ་དང་། ཕལ་ཆེར་ཁྱིམ་ཚང་ཡོད་ཚད་རྩྭ་འདེབས་འཛུགས་བྱེད་པའི་བྱ་བའི་ནང་ཞུགས་ཡོད་པ་རེད།

སྲིད་གཞུང་གིས་རིན་མི་དགོས་པར་ས་བོན་དང་། འདེབས་འཛུགས་གསོ་སྦྱོང་ལག་རྩལ་མཁོ་སྤྲོད་བྱས་པ་དང་། ཁ་གསབ་ཡང་བྱིན། མུ་མཐུད་དུ་འབད་བརྩོན་བྱས་པ་བརྒྱུད། བུ་དོན་སྡེ་བའི་མང་ཚོགས་རྣམས་གཟན་རྩྭ་འདེབས་འཛུགས་བྱེད་པའི་ལམ་དུ་བསྐྱོད་པ་དང་། དེ་ནས་བཟུང་། ཁོ་ཚོའི་རྩྭ་ས་ལྗང་མདོག་ཏུ་གྱུར་བར་མ་ཟད། འཚོ་བའི་རྣམ་པར་ཡང་འགྱུར་ལྡོག་ཆེན་པོ་བྱུང་།

སྡོད་གནས་ཁོར་ཡུག་མཛེས་སྡུག་ལྡན་པར་བསྒྱུར་བ་དང་། བསམ་པའི་རིག་གནས་འཚོ་བ་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དེས་བུ་དོན་སྡེ་བའི་བདེ་སྐྱིད་ཀྱི་ཚད་ཇེ་མཐོར་སོང་བ་དང་། སྡེ་བའི་མི་རྣམས་ཀྱི་ཕྱོགས་ཡོངས་ཀྱི་སྤུས་ཚད་ཀྱང་མུ་མཐུད་དུ་ཇེ་མཐོར་སོང་།

བུ་དོན་སྡེ་བའི་མི་རྣམས་ཀྱི་རྒྱུ་སྤུས་ཇེ་མཐོར་སོང་བའི་སྐོར་གླེང་སྐབས། དོན་དག་ཆུང་ཆུང་ཞིག་གི་སྟེང་ནས་ཀྱང་གསལ་བོར་ཤེས་ཐུབ། བུ་དོན་སྡེ་བའི་གཞུང་ལམ་འགྲམ་གཉིས་ཀྱི་སྡོད་དམངས་ཀྱི་ཁང་བའི་སྔ་གཞུག་ཏུ། གད་སྙིགས་དང་། སྐོམ་ཆུ་སོགས་གད་སྙིགས་ཕལ་ཆེར་མཐོང་དཀོན་པ་དང་། ཧ་ཅང་གཙང་ཞིང་དག་པ་ཞིག་ཡིན་པས། འདི་འདྲ་ནི་འབྲོག་ཁུལ་དུ་ཧ་ཅང་དཀོན་པོ་ཞིག་རེད། སྨར་འབྲིང་ཞང་གི་ཧྲུའུ་ཅི་སྐལ་བཟང་དོན་འགྲུབ་ཀྱིས་ང་རྒྱལ་དང་བཅས་པའི་སྒོ་ནས་བཤད་རྒྱུར། སྡེ་བ་འདིའི་ཁོར་ཡུག་འཕྲོད་བསྟེན་དག་གཙང་ཡིན་པའི་ཚད་ནི་རྫོང་ཡོངས་ཀྱི་སྡེ་བའི་ཁྲོད་ཧ་ཅང་ཉུང་ཉུང་ཡིན་ཟེར།

ཁྱིམ་ཚང་རེ་རེས་གཙང་སྦྲ་ལེགས་པོ་བྱས་ན། ད་གཟོད་སྡེ་བ་གཙང་མ་ཡོང་ཐུབ། བུ་དོན་སྡེ་བའི་དག་གཙང་གི་རྣམ་པ་དེ་ནི་སྡེ་དམངས་ཡོངས་ཀྱིས་སྲུང་སྐྱོབ་དང་གཙང་སྦྲ་བྱས་པ་ཞིག་ཡིན་པ་དང་། ལམ་ནང་དུ་གད་སྙིགས་ཡོད་ཚེ། ཚང་མས་རང་འགུལ་གྱིས་གཙང་སྦྲ་བྱེད་བཞིན་ཡོད། སྐལ་བཟང་དོན་འགྲུབ་ཀྱིས་བཤད་རྒྱུར། ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་དེ་རང་ཉིད་ནས་དམ་འཛིན་བྱེད་དགོས་པས། སྡེ་བའི་ནང་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་འཛུགས་རྒྱུའི་རེ་བ་ཡང་བཏོན། རང་ཉིད་འཐད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཟླ་རེར་གཅིག་བསྡུས་སྒོས་འབྲོག་པ་རྣམས་རྩ་འཛུགས་བྱས་ནས་ཆུ་ཤོག་ཁུག་མ་འཐུ་བ་དང་། གཞུང་ལམ་འགྲམ་དུ་གཙང་སྦྲ་བྱས་ནས། དཔལ་ཡོན་མ་ཡིན་པའི་བྱ་སྤྱོད་ལེགས་བཅོས་དང་། མི་རྣམས་ལ་སྤྱི་སྤྱོད་ཁོར་ཡུག་འཕྲོད་བསྟེན་འཛིན་པ་དང་། ཁྱིམ་ཚང་འཕྲོད་བསྟེན་དང་། མི་སྒེར་འཕྲོད་བསྟེན་བཟུང་སྟེ། དཔལ་ཡོན་ལྡན་པའི་སྤྱི་དམངས་ཆུང་ཆུང་ཞིག་བྱེད་དགོས་པའི་སློབ་གསོ་བཏང་བ་དང་། འདི་ལྟའི་གོམས་སྲོལ་བཟང་པོ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་པས། དེ་རིང་གི་བུ་དོན་སྡེ་བའི་མཛེས་སྡུག་ལྡན་པའི་ཁོར་ཡུག་འདི་བསྐྲུན་པ་ཡིན་ཟེར།

སྔོན་ཐོན་རིག་གནས་ཀྱིས་མི་རྣམས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་ལ། ཕུན་སུམ་ཚོགས་པའི་འཚོ་བ་ཡིས་མི་རྣམས་ཀྱི་བརྩེ་བ་ཇེ་ཟབ་ཏུ་གཏོང་ཐུབ། ལོ་ངོ་མང་པོའི་རིང་ལ། བུ་དོན་སྡེ་བས་རྒན་བཀུར་གཞོན་སྐྱེས་བྱེད་པ་དེ་རང་འགུལ་གྱི་དོན་ཞིག་ཏུ་གྱུར་ཡོད་པ་དང་། ཁྱིམ་མཚེས་བར་དུ་འགྲིག་མཐུན་ཡོད་ལ། ཁྱིམ་ཚང་འཆམ་མཐུན་ཡོང་བ་ནི་ཆེས་གཞི་རྩའི་དགོས་མཁོ་ཞིག་ཏུ་གྱུར་ཡོད། འདི་ལྟ་བུའི་གོམས་སྲོལ་བཟང་པོའི་འོག་ཏུ། སྡེ་བའི་སྲང་ལམ་དང་ཁྱིམ་མཚེས་བར་དང་། ལས་བྱེད་མང་ཚོགས་བར་དུ་འཆམ་མཐུན་མཉམ་གནས་དང་། ཕན་ཚུན་རོགས་སྐྱོར་བྱེད་པས། བདེ་སྐྱིད་དང་བཀྲ་ཤིས་པའི་རྣམ་པ་ཞིག་གིས་ཁེངས་ཡོད།

འབྲོག་པ་བློ་རིག་གིས་གསར་འགོད་པར་ཁོའི་སེམས་ནང་དུ་ཉར་བའི་བཀའ་དྲིན་ཡོད་ཚད་བརྗོད་བྱུང་། ང་ནི་དབང་བོ་སྐྱོན་ཅན་ཞིག་ཡིན་པ་དང་། ན་ནིང་ནད་ལྗིད་མོ་ཞིག་ཕོག་པས། སྨན་བཅོས་བྱེད་སྤྱད་ལ་སྒོར་མོ་མང་པོ་ཤོར་བ་དང་། ཞང་དང་སྡེ་བའི་ནང་གི་ལས་བྱེད་མང་ཚོགས་ཀྱིས་ངའི་གནས་ཚུལ་ཤེས་རྗེས། སྒོར་མོ་ཞལ་འདེབས་སུ་ཕུལ་ཏེ་སྒོར་མོ་ཁྲི་གསུམ་ལ་སླེབས། ངའི་མི་ཚེ་གང་བོར་ཁོ་ཚོའི་རོགས་རམ་འདི་བརྗེད་མི་སྲིད་ཟེར། ལོ་རེ་རེའི་ལོ་སར་སྐབས་སུ། སྡེ་བས་སྡེ་མི་རྣམས་ལ་འབྲས་དང་། ཕྱེ། གཡིས་སོགས་སྟེར་བཞིན་ཡོད་པ་དང་། སྡེ་བའི་ནང་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་སློབ་མར་ཁ་གསབ་བྱ་དགའ་སྟེར་བཞིན་ཡོད་པས། སྡེ་དམངས་ཀྱི་འགན་ཁུར་ཇེ་ཡང་དུ་བཏང་། བུ་དོན་སྡེ་བ་རུ་ཞང་སྲིད་གཞུང་གིས་ད་དུང་དཀའ་ངལ་ཆེ་བའི་འབྲོག་པ་མང་ཚོགས་ལ་སྤྱི་ཕན་རང་བཞིན་གྱི་ལས་གནས་སྟེ། རྩྭ་ཐང་དོ་དམ་པའི་ལས་གནས་འདོན་སྤྲོད་བྱས་པ་དང་། ཟླ་རེར་སྒོར་མོ་སྟོང་གཅིག་དང་བརྒྱ་བརྒྱའི་ཟླ་ཕོགས་ལེན་བཞིན་ཡོད་པ་དེས་བུ་དོན་སྡེ་བའི་ཁྱིམ་ཚང་རེ་རེ་བདེ་སྐྱིད་ཀྱི་ལམ་དུ་བསྐྱོད་པར་རོགས་རམ་བྱས།

བུ་དོན་སྡེ་བའི་མང་ཚོགས་ཀྱི་གོམས་སྲོལ་བཟང་པོ་འཛུགས་སྐྲུན་བྱེད་པའི་སྐོར་གླེང་སྐབས། དེ་ནི་མི་རབས་ནས་མི་རབས་བར་ཕུལ་དུ་བྱུང་བ་དང་། དཔའ་ངར་ཆེ་ཞིང་ཐབས་ལ་མཁས་པ། བསམ་ཕོད་ཅིང་སྒྲུབ་ཕོད་པའི་སྡེ་བའི་མི་རྣམས་དང་འབྲལ་མི་ཕོད་པ་རེད། མི་རྣམས་དང་ལེན་བྱེད་པར་སྤྲོ་བ་དང་། དོན་དག་སྒྲུབ་མཁས་པ། དོན་དག་སྒྲུབ་པའི་ནུས་པ་ལྡན་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཚེ་རིང་ཐར་གྱིས་ལོ་བཅུ་བདུན་ཉིན་གཅིག་ལྟར་ནན་ཏན་གྱིས་བྱ་བ་སྒྲུབས་པས། བུ་དོན་སྡེ་བ་རྫོང་ནས་ཁུལ་དང་། ཞིང་ཆེན་གྱི“རྒྱལ་ཡོངས་དཔལ་ཡོན་སྡེ་བ་དང་གྲོང་རྡལ”དུ་བདམས་པར་རྨང་གཞི་བརྟན་པོ་བཏིངས།

ཁོའི་སྣེ་ཁྲིད་འོག་ཏུ། བུ་དོན་སྡེ་བ་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་སྐབས་ཀྱི་རྗེས་ལུས་སྡེ་བ་ནས་ད་ལྟའི་རྒྱལ་ཡོངས་ཀྱི་དཔལ་ཡོན་སྡེ་བ་ཞིག་ཏུ་གྱུར་ཏེ། བུ་དོན་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་། ད་ལོའི་ཟླ་བཞི་བར། ཞང་ཐོག་གི་ལས་བྱེད་པ་དང་སྡེ་བའི་མང་ཚོགས་ཀྱིས་ཉིན་ཞེ་ལྔའི་དུས་ཚོད་བེད་སྤྱད་དེ། སྡེ་བའི་ནང་དུ་སྤྱི་ལེ་བཞི་བཅུའི་ལམ་ཐིག་གཙོ་བོ་ལས་པ་དང་། ལམ་འོག་གི་ཆུ་འགྲོ་ས་ཡང་བཏོད། འབྲོག་པ་ཚེ་རིང་གིས་བཤད་རྒྱུར། ལམ་འགྲམ་གཉིས་ཀྱི་ཆུ་རྐ་ནི་ཞང་ཏང་ཨུའི་ཧྲུའུ་ཅི་དང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིས་དངོས་སུ་ཇུས་འགོད་བྱས་པ་ཡིན་ཟེར། འབྲོག་པ་ཚེ་རིང་ནི་དེའི་ཁྲོད་ཀྱི་གཅིག་ཡིན་པ་དང་། ཁོའི་གདོང་ལ་ང་རྒྱལ་གྱི་མདངས་ཤིག་མངོན་འདུག

ད་ལྟ། བུ་དོན་སྡེ་བའི་དཔལ་ཡོན་གསར་སྐྲུན་གྱི་གོམ་སྟབས་བརྟན་པོའི་ངང་སྤོ་བཞིན་ཡོད་པ་དང་། སྡེ་བ་ཡོངས་ཀྱི་ཟུར་རེ་རེ་ན་སྤྱི་ཚོགས་རིང་ལུགས་དཔལ་ཡོན་གསར་བའི་རྟགས་མཚན་མངོན་ཡོད་ལ། སྡེ་བ་ཡོངས་ཀྱི་མི་རེ་རེའི་སེམས་ན་བདེ་སྐྱིད་ཀྱི་མེ་ཏོག་འཛུམ་ལྷུག་གེར་གྲོལ་ཡོད།

ལོ་ཙཱ། ཚེ་རིང་སྒྲོལ་མ།