གཙང་གསུམ་འབྱུང་ཡུལ་ཤེས་རིག་སྐྱེ་ཁམས་ཕྱུགས་ལས་སྟེགས་བུ་འཛུགས་སྐྲུན་ལ་རྩ་འཛུགས་དང་སྐུལ་འདེད་བྱས་ཤིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་ལ་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པར་བརྟན་བརླིང་སྒོས་སྐུལ་སྤེལ་བྱས་ཏེ།རང་ཞིང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དབྱེ་མཚམས་གཏན་འབེབས་ལ་ལག་རྩལ་འདེགས་སྐྱོར་མཁོ་སྤྲོད་བྱས། ཉིས་སྟོང་བཅུ་བདུན་ལོའི་ཚུན་ལ། རང་ཞིང་གིས་ཚན་རིག་སྣེ་ཁྲིད་ལ་དང་དོད་བྱས་ཏེ། ནུས་ཤུགས་གང་ཡོད་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
ཚན་རྩལ་གསར་གཏོད་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཡར་རྒྱས་དང་ཐ་ན་རྒྱལ་ཕམ་ཐག་གཅོད་བྱེད་པའི་གྲུབ་ཆ་གཙོ་བོ་དེ་ཡིན། ཉེ་བའི་ལོ་འགའི་ཚུན་ལ། རང་ཞིང་གིས་ཚན་རྩལ་གསར་གཏོད་དེ་འཐབ་ཇུས་ཀྱི་རྟེན་གཞིར་བཟུང་བ་དང་། རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ། ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་འཛུགས་སྐྲུན་ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་ཞིང་། ཀྲུང་གོའི་ཚན་རིག་གླིང་དང་མཉམ་འབྲེལ་བྱས་ཏེ་ཐུན་མོང་ངང་ཚན་རྩལ་ཞབས་ཞུའི་དྲ་རྒྱ་དང་ཞིང་ཆེན་རིམ་པའི་གཙོ་གནད་ཚན་རྩལ་ཆེད་དམིགས་ལས་གཞི་རྩ་འཛུགས་དང་ལག་བསྟར་བྱས་པ་དང་། “སྐར་མ་དང་། བར་སྣང་། ས་གཞི”བཅས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་གཞི་གྲངས་ཆེན་མོའི་སྟེགས་བུ་བཙུགས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་དང་སྐྱེ་ཁམས་སྲུང་སྐྱོབ་ཇུས་ཆོད་ལ་བཅད་གྲངས་ཅན་དང་། ཞིབ་ཚད་མཐོན་པོ་ཅན་གྱི་བར་སྣང་བརྡ་འཕྲིན་གྱི་འདེགས་སྐྱོར་དང་གནད་ཁེལ་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱས། མཚོ་སྔོན་གྱི་ས་རྒྱ་ཆེ་བ་དང་། ས་དབྱིབས་ཁྱད་ཆོས་རྙོག་འཛིང་ལྡན་པ། སྐྱེ་ཁམས་མ་ལག་གི་རིགས་དབྱིབས་སྣ་མང་ཡིན་པ། གཞི་གྲངས་གཏན་གནས་དོ་མཉམ་མིན་པའི་ཞིང་ཆེན་གྱི་གནས་བབ་དངོས་ལ་གཞིགས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་དབྱེ་མཚམས་གཏན་འབེབས་དང་ལག་རྩལ་ཞིབ་འཇུག་ལ་དོ་དམ་དང་ཚོད་འཛིན་བྱེད་པར་རྒྱབ་སྐྱོར་དང་། རང་ཞིང་གི་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་ལ་འཚམ་པའི་དཔྱད་འཇོག་བྱེད་ཐབས་ལེགས་འདེམ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་གི་གྲོས་འདོན་ཇུས་གཞི་གསུམ་ཕུལ་བ་དང་། ལེགས་འདེམ་འཆར་གཞི་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྤྲད་ཟིན།
དེ་དང་དུས་མཚུངས་སུ། གཙང་གསུམ་འབྱུང་ཡུལ་ཤེས་རིག་སྐྱེ་ཁམས་ཕྱུགས་ལས་ཕྱོགས་བསྡུས་བརྡ་འཕྲིན་སྤྲིན་རྩིས་སྟེགས་བུ་དང་རྩྭ་སའི་གནས་ཚུལ་དཔྱད་ཞིབ་ཚད་ལེན་དང་རྩྭ་ས་དང་ཕྱུགས་ཟོག་དོ་སྙོམས་བརྟག་དཔྱད་མ་ལག་གྲུབ་ཟིན་པ་དང་། བརྡ་འཕྲིན་སྤྲིན་རྩིས་འཕྲིན་སྟེགས་དང་དཔེ་མཚོན་མིག་དཔེ་ས་ཁུལ་གྱི་རྫོང་རིམ་པའི་སྟེགས་བུའི་དྲ་སྦྲེལ་འཁོར་སྐྱོད་མངོན་འགྱུར་བྱུང་། “རང་བྱུང་རྩྭ་སའི་ཐོག་འོས་འཚམ་གྱིས་ཕྱུགས་འཚོ་བ་དང་། གཟན་རྩྭའི་རྟེན་གཞི་འཛུགས་སྐྱོང་དང་དོ་དམ་ཤེས་རིག་འདེགས་སྐྱོར་དང་། སྤུས་ལེགས་སྔོ་གཟན་གསོག་ཉར་ལས་སྣོན་དང་། གཟན་ཆས་གནད་ཁེལ་སྡེབ་སྦྱོར་དང་། ནོར་གནག་དང་ལུག་ལ་གྲང་ངར་ཆེ་བའི་དུས་ཚིགས་ལ་གཟན་ཆས་ཁ་སྣོན་དང་བདེ་ཐང་ངང་གསོ་སྤེལ་བྱེད་པ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཕྱུགས་ལས་ཐོན་རྫས་ལས་སྣོན་བརྡ་འཕྲིན་དོ་དམ་དང་། ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཀ་རྩད་འཚོལ་དང་གློག་རྡུལ་ཚོང་སྟེགས”བཅས་གཞི་གཅིག་ཏུ་གྱུར་པའི་ཤེས་རིག་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་མུ་ཁྱུད་བཙུགས་ཟིན་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ“གནོན་འཕྲི་ཡོང་སྣོན”གྱི“ཤེས་རིག་སྐྱེ་ཁམས་ཕྱུགས་ལས”ཀྱི་དཔེ་གཞི་གསར་པ་འཛུགས་ཆེད། ཁྱོན་ཡོངས་ནས་ཕན་ནུས་ལྡན་པའི་བརྡ་འཕྲིན་དང་ལག་རྩལ་འདེགས་སྐྱོར་འདོན་སྤྲོད་བྱས།
དེར་མ་ཟད། དཔྱིད་ཀ་དང་སྟོན་ཁར་ནོར་ལུག་འཚོ་མཚམས་བཞག་པ་དེས་རྩྭ་སའི་སྐྱེ་དངོས་སླར་གསོའི་གྲུབ་འབྲས་ཀྱི་ཚོད་ལྟའི་མ་དཔེར་གྲུབ་འབྲས་ཐོག་མ་མངོན་པ་དང་། མདོ་ལ་རིང་མོའི་རི་ཁུལ་ནས་འདེབས་འཛུགས་ལ་འཕྲོད་པའི་རྩྭ་རིགས་དྲུག་བསལ་འདེམ་བྱས་ཏེ་ཚོད་ལྟའི་དཔེ་སྟོན་བྱས་ཤིང་། མདོ་ལ་རིང་མོའི་ས་ཁུལ་གྱི་རང་བྱུང་རྩྭ་སའི་སྲུང་སྐྱོབ་དང་བཀོལ་སྤྱོད། རྩྭ་ས་ཞན་འགྱུར་སླར་གསོའི་ལག་རྩལ་ཕྱོགས་བསྡུས་བཅས་ཀྱི་དཔེ་གཞི་བཏོན།