(1986ལོའི་ཟླ4པའི་ཚེས12ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2006ལོའི་ཟླ6པའི་ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་ཐོག་བཟོ་བཅོས་བྱས)
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ཀྱི་འོས་འགན་སློབ་གསོ་དང་ལེན་བྱེད་པའི་དབང་ཆར་འགན་སྲུང་དང་། འོས་འགན་སློབ་གསོ་ལག་བསྟར་བྱེད་པར་ཁག་ཐེག མི་རིགས་ཡོངས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བའི་ཆེད་དུ། རྩ་ཁྲིམས་དང་སློབ་གསོའི་བཅའ་ཁྲིམས་གཞིར་བཟུང་སྟེ། བཅའ་ཁྲིམས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རྒྱལ་ཁབ་ཀྱིས་ལོ་དགུའི་འོས་འགན་སློབ་གསོའི་ལམ་ལུགས་ལག་ལེན་དུ་བསྟར་རྒྱུ།
འོས་འགན་སློབ་གསོ་ནི་རྒྱལ་ཁབ་ཀྱིས་གཅིག་གྱུར་གྱི་སྒོ་ནས་ལག་ལེན་དུ་བསྟར་བའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་ཡོད་ཚད་ཀྱིས་ངེས་པར་དུ་དང་ལེན་བྱ་དགོས་པའི་སློབ་གསོ་ཡིན་ལ། རྒྱལ་ཁབ་ཀྱིས་ངེས་པར་དུ་འགན་སྲུང་བྱ་དགོས་པའི་སྤྱི་ཕན་རང་བཞིན་གྱི་བྱ་གཞག་ཀྱང་ཡིན།འོས་འགན་སློབ་གསོ་ལག་ལེན་དུ་བསྟར་བར། སློབ་ཡོན་དང་སློབ་ཡོན་རྩག་རྩིག་བསྡུ་རྒྱུ་མིན། རྒྱལ་ཁབ་ཀྱིས་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་བཙུགས་ཏེ། འོས་འགན་སློབ་གསོའི་ལམ་ལུགས་ལག་ལེན་དུ་བསྟར་བར་ཁག་ཐེག་བྱ་རྒྱུ།
དོན་ཚན་གསུམ་པ། འོས་འགན་སློབ་གསོར་མཚོན་ན་ངེས་པར་དུ་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་དང་སྤུས་ཚད་སློབ་གསོ་ལག་ལེན་མཐར་ཕྱིན་བྱས་ཐོག་སྤུས་ཚད་སློབ་གསོ་མཐོར་འདེགས་བཏང་ནས། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ཀྱི་ཀུན་སྤྱོད་དང་ཤེས་རིག་གཟུགས་གཞི་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་། ཕུགས་བསམ་ལྡན་པ་དང་ཀུན་སྤྱོད་བཟང་བ། རིག་གནས་ཡོད་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པར་རྨང་གཞི་འདིང་དགོས།
དོན་ཚན་བཞི་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་གཏོགས་པའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་ཡིན་ཕྱིན། ཕོ་མོ་དང་མི་རིགས།རིགས་རྒྱུད། ཁྱིམ་ཚང་དབུལ་ཕྱུག ཆོས་ལུགས་དད་མོས་སོགས་ཀྱི་དབྱེ་བ་མི་འབྱེད་པར་བཅའ་ཁྲིམས་ལྟར་འདྲ་མཉམ་གྱིས་འོས་འགན་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་མ་ཟད། འོས་འགན་སློབ་གསོ་དང་ལེན་བྱེད་པའི་འོས་འགན་ཡོང་བསྒྲུབ་བྱེད་དགོས།
དོན་ཚན་ལྔ་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་བཅའ་ཁྲིམས་འདིའི་ནང་གཏན་འབེབས་བྱས་པའི་འགན་འཁྲི་ཁག་ལག་བསྟར་བྱས་ཏེ། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ཀྱི་འོས་འགན་སློབ་གསོ་དང་ལེན་བྱེད་པའི་དབང་ཆར་འགན་སྲུང་བྱ་དགོས། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ཀྱི་ཕ་མའམ་ཡང་ན་ཁྲིམས་བཀོད་ཀྱི་ལྟ་སྐྱོང་བྱེད་མཁན་གཞན་དག་གིས་བཅའ་ཁྲིམས་ལྟར་དུས་ཐོག་ཏུ་སློབ་གྲྭར་ཞུགས་ནས་འོས་འགན་སློབ་གསོ་དང་ལེན་བྱེད་པ་མ་ཟད་ལེགས་འགྲུབ་ཀྱང་ཡོང་བའི་ཁག་ཐེག་བྱ་དགོས། བཅའ་ཁྲིམས་ལྟར་འོས་འགན་སློབ་གསོ་ལག་ལེན་བསྟར་བའི་སློབ་གྲྭས་གཏན་འབེབས་བྱས་པའི་ཚད་གཞི་ལྟར་སློབ་གསོའི་སློབ་ཁྲིད་ལས་འགན་ལེགས་འགྲུབ་བྱེད་པ་དང་། སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་ཁག་ཐེག་བྱ་དགོས། སྤྱི་ཚོགས་ཀྱི་རྩ་འཛུགས་དང་མི་སྒེར་གྱིས་སློབ་ལོ་རན་པའི་བྱིས་པ་དང་། ན་གཞོན་རྣམས་རྣམས་ཀྱིས་འོས་འགན་སློབ་གསོ་དང་ལེན་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།
དོན་ཚན་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་སློབ་གསོའི་ཐོན་ཁུངས་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ཏེ། འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་དང་། ཉམས་ཞན་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱ་དགོས་པ་མ་ཟད། བྱེད་ཐབས་སྤྱད་དེ་གྲོང་གསེབ་ས་ཁུལ་དང་མི་རིགས་ས་ཁུལ་དུ་འོས་འགན་སློབ་གསོ་ལག་ལེན་དུ་བསྟར་བར་འགན་སྲུང་བྱ་དགོས་པ་དང་། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་སློབ་ལོ་རན་པའི་དབང་པོ་སྐྱོན་ཅན་གྱི་བྱིས་པ་དང་ན་གཞོན་རྣམས་ཀྱིས་འོས་འགན་སློབ་གསོ་དང་ལེན་བྱེད་པར་འགན་སྲུང་བྱ་དགོས།དཔལ་འབྱོར་དར་རྒྱས་ཡོད་པའི་ས་ཁུལ་གྱིས་དཔལ་འབྱོར་དར་རྒྱས་མེད་པའི་ས་ཁུལ་ལ་འོས་འགན་སློབ་གསོ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུར་རྒྱལ་ཁབ་ཀྱིས་རྩ་འཛུགས་དང་བསྔགས་སྐུལ་བྱ་དགོས།
དོན་ཚན་བདུན་པ། འོས་འགན་སློབ་གསོ་སྤེལ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགོ་ཁྲིད་བྱ་རྒྱུ་དང་།ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ལག་བསྟར་བྱེད་པར་གཅིག་གྱུར་འཆར་འགོད་བྱ་རྒྱུ་དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་གཙོ་བོ་བྱས་ནས་དོ་དམ་བྱེད་པའི་སྒྲིག་སྲོལ་ལག་ལེན་དུ་བསྟར་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་འོས་འགན་སློབ་གསོ་ལག་བསྟར་བྱ་རྒྱུའི་ལས་ཀ་བྱེད་འགན་དངོས་སུ་འཁུར་རྒྱུ་དང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གཞན་པས་རང་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་འོས་འགན་སློབ་གསོ་ལག་བསྟར་བྱ་རྒྱུའི་ལས་ཀར་འགན་འཁུར་རྒྱུ།
དོན་ཚན་བརྒྱད་པ། མི་དམངས་སྲིད་གཞུང་གི་སློབ་གསོ་ལྟ་སྐུལ་ཁྲིད་སྟོན་ལས་ཁུངས་ཀྱིས་འོས་འགན་སློབ་གསོའི་ལས་ཀའི་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་པའི་གནས་ཚུལ་དང་། སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་དང་དེ་བཞིན་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་གཏོང་བའི་གནས་ཚུལ་སོགས་ལ་ལྟ་སྐུལ་ཁྲིད་སྟོན་བྱ་རྒྱུ་མ་ཟད། ལྟ་སྐུལ་ཁྲིད་སྟོན་གྱི་སྙན་ཞུ་དེ་སྤྱི་ཚོགས་ལས་ཡོངས་བསྒྲགས་ཀྱང་བྱ་དགོས།
དོན་ཚན་དགུ་པ། སྤྱི་ཚོགས་ཀྱི་རྩ་འཛུགས་དང་མི་སྒེར་གང་རུང་ལ་བཅའ་ཁྲིམས་འདི་དང་འགལ་བའི་བྱ་སྤྱོད་ཡོད་པ་ཤེས་ཚེ་འབྲེལ་ཡོད་ཀྱི་རྒྱལ་ཁབ་ལས་ཁུངས་ལ་ཉེས་འདོན་དང་ཡང་ན་ཞུ་གཏུག་བྱེད་པའི་དབང་ཆ་ཡོད།བཅའ་ཁྲིམས་འདི་དང་འགལ་བའི་དོན་རྐྱེན་ཚབས་ཆེན་བྱུང་ནས། འོས་འགན་སློབ་གསོ་ལག་ལེན་བསྟར་བར་བར་ཆད་བཏང་བ་དང་། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་པའི་རིགས་ལ། འགོ་ཁྲིད་ཀྱི་འགན་འཁྲི་ཁུར་བའི་མི་དམངས་སྲིད་གཞུང་དང་ཡང་ན་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གི་འགན་ཁུར་པས་འགན་འཛོལ་རང་ལ་དཀྲིས་ནས་ལས་གནས་ལས་འབུད་དགོས།
དོན་ཚན་བཅུ་པ། འོས་འགན་སློབ་གསོ་ལག་བསྟར་བྱེད་པའི་བྱ་བའི་ཁྲོད་བྱས་རྗེས་ཕུལ་དུ་བྱུང་བ་བཞག་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་དང་མི་སྒེར་ལ།རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་གཏན་འཁེལ་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།
ལེའུ་གཉིས་པ། སློབ་མའི་སྐོར།
དོན་ཚན་བཅུ་གཅིག་པ། ལོ་དྲུག་ལོན་པའི་བྱིས་པ་ཡིན་ཕྱིན། དེའི་ཕ་མའམ་ཡང་ན་ཁྲིམས་བཀོད་ཀྱི་ལྟ་སྐྱོང་བྱེད་མི་གཞན་དག་གིས་སློབ་གྲྭར་ཞུགས་སུ་བཅུག་སྟེ་འོས་འགན་སློབ་གསོ་དང་ལེན་བྱ་དགོས་པ་མ་ཟད་ལེགས་འགྲུབ་ཀྱང་བྱ་དགོས། ཆ་རྐྱེན་མི་འཛོམས་པའི་ས་ཁུལ་གྱི་བྱིས་པ་རྣམས་ལོ་བདུན་བར་དུ་ཕྱིར་འགྱངས་བྱས་ཆོག སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་གཟུགས་གཞི་བདེ་ཐང་གི་སྟབས་ཀྱིས་སློབ་གྲྭར་ཞུགས་པའི་དུས་འགྱངས་དགོས་པ་དང་ཡང་ན་སློབ་མཚམས་འཇོག་དགོས་ཚེ། དེའི་ཕ་མའམ་ཡང་ན་ཁྲིམས་བཀོད་ཀྱི་ལྟ་སྐྱོང་བྱེད་མི་གཞན་དག་གིས་རེ་འདུན་བཏོན་ཏེ། ས་དེའི་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཡང་ན་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ཆོག་མཆན་འགོད་དགོས།
དོན་ཚན་བཅུ་གཉིས་པ། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་རྒྱུགས་སྤྲོད་མི་དགོས་པར་སློབ་གྲྭར་ཞུགས་རྒྱུ། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ཁྱིམ་ཐོ་ཡོད་ས་ནས་ཐག་ཉེ་སའི་སློབ་གྲྭར་ཞུགས་པར་འགན་སྲུང་བྱ་དགོས།
ཕ་མའམ་ཡང་ན་ཁྲིམས་བཀོད་ཀྱི་ལྟ་སྐྱོང་བྱེད་མི་གཞན་དག་གིས་ཁྱིམ་ཐོ་མེད་སར་ལས་ཀ་བྱེད་པའམ་གནས་སྡོད་བྱས་པའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་དེའི་ཕ་མའམ་ཡང་ན་ཁྲིམས་བཀོད་ཀྱི་ལྟ་སྐྱོང་བྱེད་མི་གཞན་དག་གི་ལས་ཀ་བྱེད་གནས་དང་ཡང་ན་སྡོད་གནས་སུ་འོས་འགནས་སློབ་གསོ་འདྲ་མཉམ་ངང་དང་ལེན་བྱེད་པའི་ཆ་རྐྱེན་འདོན་སྤྲོད་བྱ་དགོས། བྱེད་ཐབས་ཞིབ་ཕྲ་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱིས་གཏན་འབེབས་བྱ་རྒྱུ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེའི་ནང་གི་དམག་མིའི་བུ་ཕྲུག་གིས་འོས་འགན་སློབ་གསོ་དང་ལེན་བྱེད་པར་འགན་སྲུང་བྱ་རྒྱུ།
དོན་ཚན་བཅུ་གསུམ་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་སློབ་གྲྭར་ཞུགས་པར་རྩ་འཛུགས་དང་ལྟ་སྐུལ་བྱ་རྒྱུ་དང་། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ཀྱིས་འོས་འགན་སློབ་གསོ་དང་ལེན་བྱེད་པའི་ཐད་ཀྱི་དཀའ་ངལ་ཐག་གཅོད་བྱས་ཐོག བྱེད་ཐབས་སྤྱད་དེ་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ཀྱིས་སློབ་མཚམས་འཇོག་པར་སྔོན་འགོག་བྱ་རྒྱུ། སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་མིའི་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་ལ་རོགས་འདེགས་བྱས་ཏེ་ལས་ཀ་ལེགས་སྒྲུབ་བྱ་རྒྱུ་དང་། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་སློབ་གྲྭར་ཞུགས་པར་སྐུལ་འདེད་གཏོང་དགོས།
དོན་ཚན་བཅུ་བཞི་པ། མི་བཀོལ་སྡེ་ཁག་གིས་འོས་འགན་སློབ་གསོ་དང་ལེན་བྱ་དགོས་པའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་ལས་ཀར་བཀོལ་བའི་རིགས་གཏན་འགོག་བྱ་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཆོག་མཆན་བཀོད་པ་བརྒྱུད་ནས་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རིག་རྩལ་དང་ལུས་རྩལ་སོགས་ཆེད་ལས་སྦྱོང་བརྡར་བྱེད་པར་བསྡུ་མཁན་གྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་བསྡུ་ལེན་བྱས་པའི་སློབ་ལོ་རན་པའི་བྱིས་པ་དང་། ན་གཞོན་རྣམས་ཀྱིས་འོས་འགན་སློབ་གསོ་དང་ལེན་བྱེད་པར་ཁག་ཐེག་བྱ་དགོས་པ་དང་། རང་འགུལ་སྒོས་འོས་འགན་སློབ་གསོ་ལག་བསྟར་བྱེད་པར། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་ཆོག་མཆན་འགོད་དགོས།
ལེའུ་གསུམ་པ། སློབ་གྲྭའི་སྐོར།
དོན་ཚན་བཅོ་ལྔ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེའི་ནང་དུ་གནས་སྡོད་བྱས་པའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་གྱི་གྲངས་ཀ་དང་ཁྱབ་ཚུལ་སོགས་ཀྱི་རྒྱུ་རྐྱེན་གཞིར་བཟུང་སྟེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སློབ་གྲྭ་འཛུགས་རྒྱུའི་འཆར་གཞི་གཏན་འབེབས་དང་ལེགས་སྒྲིག་བྱ་དགོས། གསར་དུ་བཙུགས་པའི་སྡོད་དམངས་ཁུལ་དུ་སློབ་གྲྭ་འཛུགས་དགོས་ཚེ། སྡོད་དམངས་ཁུལ་སྐྲུན་པ་དང་ཆབས་ཅིག་ཏུ་འཛུགས་དགོས།
དོན་ཚན་བཅུ་དྲུག་པ། སློབ་གྲྭའི་འཛུགས་སྐྲུན་དེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སློབ་གཉེར་ཚད་གཞི་དང་མཐུན་དགོས་ལ།སློབ་གསོའི་སློབ་ཁྲིད་ཀྱི་དགོས་མཁོ་དང་ཡང་མཐུན་དགོས་པ་དང་། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་གནས་ཡུལ་འདེམས་པའི་བླང་བྱ་དང་འཛུགས་སྐྲུན་གྱི་ཚད་གཞི་དང་མཐུན་པར་བྱས་ཏེ། སློབ་མ་དང་དགེ་བཟོ་པའི་བདེ་འཇགས་ལ་འགན་སྲུང་ནན་མོ་བྱ་དགོས།
དོན་ཚན་བཅུ་བདུན་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་དགོས་མཁོར་གཞིགས་ཏེ་བཅའ་སྡོད་སློབ་གྲྭ་བཙུགས་ནས་སྡོད་གནས་ཐ་ཐོར་ཡིན་པའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་སློབ་གྲྭར་ཞུགས་ནས་འོས་འགན་སློབ་གསོ་དང་དུ་ལེན་པར་འགན་སྲུང་བྱ་རྒྱུ།
དོན་ཚན་བཅོ་བརྒྱད་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་དགོས་མཁོར་གཞིགས་ཏེ་དཔལ་འབྱོར་དར་རྒྱས་ཡོད་པའི་ས་ཁུལ་དུ་གྲངས་ཉུང་མི་རིགས་ཀྱི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་བསྡུ་ལེན་བྱེད་སའི་སློབ་གྲྭ(འཛིན་གྲྭ)འཛུགས་དགོས།
དོན་ཚན་བཅུ་དགུ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དགོས་མཁོར་གཞིགས་ཏེ་དམིགས་བསལ་སློབ་གསོ་ལག་བསྟར་བྱེད་པར་འཚམ་པའི་སློབ་གྲྭ(འཛིན་གྲྭ)བཙུགས་ཏེ། ལོང་བ་དང་འོན་པ་དང་ལྐུགས་པ། རིག་སྟོབས་ཞན་པ་བཅས་ཀྱི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ལ་འོས་འགན་སློབ་གསོ་ལག་ལེན་བྱ་རྒྱུ་དང་། དམིགས་བསལ་སློབ་གསོའི་སློབ་གྲྭར(འཛིན་གྲྭ)དབང་པོ་སྐྱོན་ཅན་གྱི་བྱིས་པ་དང་ན་གཞོན་ལ་སློབ་སྦྱོང་དང་བདེ་གསོ། འཚོ་བ་བཅས་ཀྱི་ཁྱད་ཆོས་དང་མཐུན་པའི་གནས་ཡུལ་དང་སྒྲིག་ཆས་འཛོམས་དགོས། སློབ་གྲྭ་དཀྱུས་མས་དཀྱུས་མའི་སློབ་གསོ་དང་ལེན་བྱེད་ནུས་ལྡན་པའི་སློབ་ལོ་རན་པའི་དབང་པོ་སྐྱོན་ཅན་བྱིས་པ་དང་ན་གཞོན་རྣམས་འཛིན་གྲྭ་དེའི་ནང་སློབ་སྦྱོང་བྱེད་པར་བསྡུ་དགོས་པ་མ་ཟད། དེའི་སློབ་སྦྱོང་དང་ནད་སོས་བྱེད་པར་རོགས་རམ་ཡང་བྱ་དགོས།
དོན་ཚན་ཉི་ཤུ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དགོས་མཁོར་གཞིགས་ཏེ། ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་བྱེད་ཕྱོགས་གྱི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་སྤྱོད་ངན་ཚབས་ཆེན་ཡོད་པའི་སློབ་ལོ་རན་པའི་ན་གཞོན་རྣམས་ལ་ཆེད་དམིགས་སློབ་གྲྭ་བཙུགས་ཏེ་འོས་འགན་སློབ་གསོ་ལག་ལེན་བྱ་རྒྱུ།
དོན་ཚན་ཉེར་གཅིག་པ། འོས་འགན་སློབ་གསོ་ལེགས་འགྲུབ་བྱུང་མེད་པའི་ནར་མ་སོན་པའི་ཉེས་ཅན་དང་བཙན་ཐབས་རང་བཞིན་གྱི་སློབ་གསོའི་བྱེད་ཐབས་སྤྱད་པའི་ནར་མ་སོན་པའི་སྐྱེ་བོར་འོས་འགན་སློབ་གསོ་སྤེལ་དགོས་ཤིང་། དེར་མཁོ་བའི་གྲོན་དངུལ་རྣམས་མི་དམངས་སྲིད་གཞུང་གིས་འགན་སྲུང་བྱ་དགོས།
དོན་ཚན་ཉེར་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་སློབ་གྲྭ་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བཏང་སྟེ། སློབ་གྲྭ་བར་གྱི་སློབ་སྒྲུབ་ཆ་རྐྱེན་གྱིས་བར་ཁྱད་ཇེ་ཆུང་དུ་གཏོང་དགོས་པ་ལས། སློབ་གྲྭར་གཙོ་གནད་སློབ་གྲྭ་དང་གཙོ་གནད་མིན་པའི་སློབ་གྲྭ་དབྱེ་མི་ཆོག སློབ་གྲྭས་གཙོ་གནད་འཛིན་གྲྭ་དང་གཙོ་གནད་མིན་པའི་འཛིན་གྲྭ་བཙུགས་མི་ཆོག རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་མིང་གང་རུང་ཞིག་ལ་ཁ་གཡར་ཏེ་གཞུང་བཙུགས་སློབ་གྲྭའི་ངོ་བོ་བསྒྱུར་བ་དང་ཡང་ན་རྣམ་པ་འགྱུར་བའི་སྒོ་ནས་བསྒྱུར་མི་ཆོག
དོན་ཚན་ཉེར་གསུམ་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་སློབ་གྲྭའི་མཐའ་སྐོར་གྱི་སྒྲིག་ལམ་ཁྲིམས་ལྟར་སྲུང་སྐྱོང་བྱས་ཏེ། སློབ་མ་དང་དགེ་རྒན། སློབ་གྲྭ་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ། སློབ་གྲྭར་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱ་རྒྱུ།
དོན་ཚན་ཉེར་བཞི་པ། སློབ་གྲྭས་བདེ་འཇགས་ལམ་ལུགས་དང་མཁོ་བསྟུན་རྐྱེན་སྲོལ་གསར་འཛུགས་དང་འཐུས་ཚང་དུ་བཏང་ཐོག སློབ་མར་བདེ་འཇགས་སྐོར་གྱི་སློབ་གསོ་གཏོང་བ་དང་། དོ་དམ་ལ་ཤུགས་སྣོན་རྒྱག་པ། མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་ཏེ་དོན་རྐྱེན་འབྱུང་བར་སྔོན་འགོག་བྱ་རྒྱུ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དུས་བཀཀ་ལྟར་སློབ་གྲྭའི་ཁང་པའི་བདེ་འཇགས་ལ་ཞིབ་བཤེར་བྱ་རྒྱུ་དང་། ཉམས་གསོ་དང་བསྒྱུར་བཀོད་བྱ་དགོས་པར་དུས་ཐོག་ཏུ་ཉམས་གསོ་དང་བསྒྱུར་བཀོད་བྱ་རྒྱུ། སློབ་གྲྭས་ཤེས་བཞིན་དུ་བྱས་ཉེས་བསགས་པའི་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་མྱོང་བའམ་འོས་འགན་སློབ་གསོའི་ལས་ཀ་སྒྲུབ་པར་མི་འོས་པའི་མི་གཞན་དག་གདན་དྲངས་ཏེ་ལས་བྱེད་མི་སྣར་བསྐོ་སྤྱོད་བྱས་མི་ཆོག
དོན་ཚན་ཉེར་ལྔ་པ་ལ། སློབ་གྲྭས་རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ཏེ་གྲོན་དངུལ་བསྡུ་མི་ཆོག་པ་དང་། སློབ་མར་ཚོང་ཟོག་འགྲེམ་ཚོང་དང་ཡང་ན་རྣམ་པ་འགྱུར་བའི་འགྲེམ་ཚོང་དང་ཞབས་ཞུ་སོགས་ཀྱི་བྱེད་སྟངས་སྤྱད་ནས་ཁེ་ཕན་གཉེར་མི་ཆོག
དོན་ཚན་ཉེར་དྲུག་པ། སློབ་གྲྭས་སློབ་གཙོའི་འགན་ཁུར་ལམ་ལུགས་ལག་བསྟར་བྱ་རྒྱུ། སློབ་གཙོར་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་འགན་བཞེས་ཆ་རྐྱེན་ཡོངས་སུ་ཚང་དགོས་ལ། སློབ་གཙོ་ནི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་ཁྲིམས་ལྟར་གདན་ཞུས་ལས་བསྐོ་བྱ་རྒྱུ།
དོན་ཚན་ཉེར་བདུན་པ། སློབ་གྲྭའི་དོ་དམ་ལམ་ལུགས་དང་འགལ་བའི་སློབ་མར་སློབ་གྲྭས་སྐྱོན་བརྗོད་དང་སློབ་གསོ་གཏོང་དགོས་པ་ལས་ཕྱིར་འབུད་བྱས་མི་ཆོག
ལེའུ་བཞི་པ། དགེ་རྒན་སྐོར།
དོན་ཚན་ཉེར་བརྒྱད་པ། དགེ་རྒན་ལ་བཅའ་ཁྲིམས་ལས་གཏན་ལ་ཕབ་པའི་ཁེ་དབང་ལོངས་སྤྱོད་བྱ་རྒྱུ་ཡོད་ཅིང་། བཅའ་ཁྲིམས་ལས་གཏན་ལ་ཕབ་པའི་འོས་འགན་བསྒྲུབ་སྟེ་རང་དཔེ་གཞན་སྟོན་དང་མི་དམངས་ཀྱི་སློབ་གསོའི་བྱ་གཞག་ལ་བློ་དཀར་སེམས་དཀར་བྱ་དགོས།སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་འཇོག་བྱ་དགོས།
དོན་ཚན་ཉེར་དགུ་པ། སློབ་གསོའི་སློབ་ཁྲིད་ཁྲོད་དགེ་རྒན་གྱིས་སློབ་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས་པ་དང་། སློབ་མའི་རང་སྟེང་གི་བར་ཁྱད་ལ་དོ་སྣང་བྱས་ཏེ་སྣོད་བསྟུན་སློབ་ཁྲིད་དང་། སློབ་མ་འཕེལ་རྒྱས་གང་ལེགས་ཡོང་བར་སྐུལ་སྤེལ་བྱ་དགོས། དགེ་རྒན་གྱིས་སློབ་མའི་ཐོབ་ཐང་ལ་བརྩི་འཇོག་བྱ་དགོས་པ་ལས། སློབ་མར་མཐོང་ཆུང་བྱེད་མི་རུང་། སློབ་མར་ལུས་ཆད་གཅོད་པ་དང་རྣམ་པ་འགྱུར་བའི་ལུས་ཆད་གཅོད་པའམ་མིའི་ཐོབ་ཐང་དང་ལ་རྒྱར་བརྙས་བཅོས་བྱེད་པའི་བྱ་སྤྱོད་གཞན་དག་སྤེལ་མི་རུང་ལ། སློབ་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག
དོན་ཚན་སུམ་བཅུ་པ། དགེ་རྒན་ལ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་དགེ་རྒན་གྱི་ཐོབ་ཐང་ཡོད་དགོས། རྒྱལ་ཁབ་ཀྱིས་གཅིག་གྱུར་གྱི་འོས་འགན་སློབ་གསོའི་དགེ་རྒན་གྱི་གོ་གནས་ལམ་ལུགས་འཛུགས་དགོས། དགེ་རྒན་གྱི་གོ་གནས་ལ་དམའ་རིམ་དང་འབྲིང་རིམ།མཐོ་རིམ་བཅས་རིམ་པ་གསུམ་དུ་དབྱེ་དགོས།
དོན་ཚན་སོ་གཅིག་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་དགེ་རྒན་གྱི་གླ་ཕོགས་ཕན་བདེ་དང་སྤྱི་ཚོགས་ཀྱི་འགན་བཅོལ་ཐོབ་ཐང་འགན་སྲུང་བྱས་ཏེ། དགེ་རྒན་གྱི་བྱ་བ་དང་འཚོ་བའི་ཆ་རྐྱེན་ལེགས་སྒྱུར་གཏོང་དགོས། ཞིང་སྡེའི་དགེ་རྒན་གྱི་བྱ་བ་དང་འཚོ་བའི་ཆ་རྐྱེན་ལེགས་སྒྱུར་གཏོང་དགོས། ཞིང་སྡེའི་དགེ་རྒན་གྱི་གླ་ཕོགས་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཆུ་ཚད་ས་དེའི་གཞུང་ཞབས་པའི་ཆ་སྙོམས་གླ་ཕོགས་ཀྱི་ཆུ་ཚད་ལས་དམའ་མི་རུང་། དམིགས་བསལ་སློབ་གསོའི་དགེ་རྒན་གྱིས་དམིགས་བསལ་ལས་གནས་ཀྱི་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་རྒྱུ་དང་། མི་རིགས་ས་ཁུལ་དང་བས་མཐའི་དབུལ་ཕོངས་ས་ཁུལ་དུ་བྱ་བ་སྒྲུབ་པའི་དགེ་རྒན་ལ་དཀའ་ངལ་དང་དབུལ་ཕོངས་ས་ཁུལ་གྱི་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་པར་བྱ་རྒྱུ།
དོན་ཚན་སོ་གཉིས་པ།རྫོང་རིམ་པ་ཡན་གྱི་མི་དམིངས་སྲིད་གཞུང་གིས་དགེ་རྒན་གསོ་སྐྱོང་གི་ལས་ཀར་ཤུགས་སྣོན་རྒྱག་དགོས་པ་དང་།བྱེད་ཐབས་སྤྱད་དེ་དགེ་རྒན་གྱི་སློབ་གསོ་གོང་སྤེལ་གཏོང་དགོས།རྫོང་རིམ་པའི་མི་དམིངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་རང་སྲིད་འཛིན་ས་ཁོངས་ནང་ཁུལ་གྱི་སློབ་གྲྭའི་དགེ་རྒན་གྱི་སྟོབས་ཤུགས་དོ་མཉམ་སྒོ་ནས་བཀོད་སྒྲིག་བྱ་དགོས་པ་དང་། སློབ་གཙོ་དང་དགེ་རྒན་གྱི་གསོ་སྦྱོང་དང་འཁོར་སྐྱོད་ལ་རྩ་འཛུགས་བྱས་ཏེ། ཉམས་ཞན་སློབ་གྲྭ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས།
དོན་ཚན་སོ་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རིམ་པ་སོ་སོའི་ས་གནས་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་གྱི་སློབ་གྲྭའི་དགེ་རྒན་དང་མཐོ་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མ་གྲོང་གསེབ་ཀྱི་ས་ཁུལ་དང་མི་རིགས་ས་ཁུལ་དུ་སོང་ནས་འོས་འགན་སློབ་གསོའི་ལས་ཀ་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱ་རྒྱུ། རྒྱལ་ཁབ་ཀྱིས་མཐོ་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མས་དང་བླངས་པའི་ཐབས་ལ་བརྟེན་ནས་གྲོང་གསེབ་ཀྱི་ས་ཁུལ་དང་མི་རིགས་ས་ཁུལ་གྱི་དགེ་རྒན་མི་འདང་བའི་སློབ་གྲྭར་སོང་ནས་སློབ་ཁྲིད་བྱེད་པར་སྐུལ་མ་བྱ་རྒྱུ་དང་། རྫོང་རིམ་པའི་མི་དམིངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་བཅའ་ཁྲིམས་ལྟར་དེའི་དགེ་རྒན་གྱི་ཐོབ་ཐང་གཏན་ཁེལ་བྱ་རྒྱུ་དང་། སློབ་ཁྲིད་དུས་ཡུན་དེ་ལས་ཞུགས་ལོ་ཡུན་ནང་བརྩི་རྒྱུ།
ལེའུ་ལྔ་པ། སློབ་གསོའི་སློབ་ཁྲིད་སྐོར།
དོན་ཚན་སོ་བཞི་པ། སློབ་གསོའི་སློབ་ཁྲིད་ཀྱི་ལས་ཀ་དེ་སློབ་གསོའི་ཆོས་ཉིད་དང་སློབ་མའི་ལུས་སེམས་འཕེལ་རྒྱས་འགྲོ་བའི་ཁྱད་ཆོས་དང་མཐུན་དགོས་ཤིང་། སློབ་མ་ཚང་མར་ཁ་ཕྱོགས་ཏེ་དཔེ་ཁྲིད་མི་སྐྱོང་དང་། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ་བཅས་ཀྱི་སློབ་གསོ་སོགས་སློབ་གསོའི་སློབ་ཁྲིད་བྱེད་སྒོའི་ཁྲོད་ཕན་ཚུན་གཅིག་གྱུར་བྱ་རྒྱུ་དང་། སློབ་མའི་རང་ཚུགས་ཀྱི་བསམ་གཞིགས་བྱེད་ནུས་དང་གསར་སྐྲུན་བྱེད་ནུས། ལག་ལེན་བྱེད་ནུས་བཅས་སྐྱེད་སྲིང་བྱེད་པར་དོ་སྣང་བྱས་ནས་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བྱ་དགོས།
དོན་ཚན་སོ་ལྔ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ཀྱི་ལུས་སེམས་འཕེལ་རྒྱས་འགྲོ་ཚུལ་དང་དོན་དངོས་གཞིར་བཟུང་སྟེ། སློབ་ཁྲིད་ལམ་ལུགས་དང་སློབ་གསོའི་སློབ་ཁྲིད་ནང་དོན། སློབ་ཚན་བཀོད་སྒྲིག་བྱེད་སྟངས་བཅས་གཏན་འཁེལ་བྱ་རྒྱུ་དང་། རྒྱུགས་ལེན་ལམ་ལུགས་བཅོས་བསྒྱུར་བྱ་རྒྱུ་མ་ཟད། མཐོ་རིམ་འབྲིང་རིམ་སློབ་གྲྭའི་སློབ་མ་བསྡུ་ལེན་བྱེད་ཐབས་ཇེ་ལེགས་སུ་བཏང་སྟེ་སྤུས་ཚད་སློབ་གསོའི་ལག་བསྟར་ལ་སྐུལ་སྤེལ་བྱ་དགོས།
སློབ་གྲྭ་དང་དགེ་རྒན་གྱིས་གཏན་ཁེལ་བྱས་པའི་སློབ་གསོའི་སློབ་ཁྲིད་ནང་དོན་དང་སློབ་ཚན་བཀོད་སྒྲིག་བྱས་པ་ལྟར་སློབ་གསོའི་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་ཏེ། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་གཞི་རྩའི་སྤུས་ཚད་ཀྱི་བླང་བྱ་བསྒྲུབ་པར་ཁག་ཐེག་བྱ་རྒྱུ། རྒྱལ་ཁབ་ཀྱིས་སློབ་གྲྭ་དང་དགེ་རྒན་གྱིས་བློ་སྒོ་འབྱེད་པའི་སློབ་གསོ་སོགས་སློབ་གསོའི་སློབ་ཁྲིད་བྱེད་ཐབས་སྤྱད་དེ་སློབ་གསོའི་སློབ་ཁྲིད་སྤུས་ཚད་ཇེ་མཐོར་གཏོང་བར་སྐུལ་མ་བྱ་རྒྱུ།
དོན་ཚན་སོ་དྲུག་པ།སློབ་གྲྭས་ཀུན་སྤྱོད་སློབ་གསོ་ཨང་དང་པོར་འཇོག་དགོས་པ་དང་། ཀུན་སྤྱོད་སློབ་གསོ་དེ་སློབ་གསོའི་སློབ་ཁྲིད་བྱེད་ཁྲོད་བཅུག་ཐོག སློབ་མའི་ལོ་ན་དང་མཐུན་པའི་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་ཏེ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཕན་ཚུན་གཞོགས་འདེགས་བྱེད་པའི་བསམ་བློའི་ཀུན་སྤྱོད་སློབ་གསོའི་མ་ལག་ཆགས་སུ་བཅུག་སྟེ། སློབ་མར་བསམ་བློའི་ཀུན་སྤྱོད་དང་བྱ་སྤྱོད་སྤེལ་སྲོལ་ལེགས་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།
དོན་ཚན་སོ་བདུན་པ། སློབ་གྲྭས་སློབ་མའི་སློབ་གསེང་བྱེད་སྒོའི་དུས་ཚོད་ལ་ཁག་ཐེག་བྱས་ནས་རིག་གནས་རོལ་རྩེད་སོགས་སློབ་གསེང་བྱེད་སྒོ་སྤེལ་བར་རྩ་འཛུགས་བྱ་དགོས།སྤྱི་ཚོགས་ཀྱི་སྤྱི་པའི་རིག་གནས་ལུས་རྩལ་སྒྲིག་ཆས་ཀྱིས་སློབ་གྲྭའི་སློབ་གསེང་བྱེད་སྒོ་སྤེལ་བར་སྟབས་བདེ་འདོན་སྤྲོད་བྱ་དགོས།
དོན་ཚན་སོ་བརྒྱད་པ། རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་དང་སློབ་ཚན་གྱི་ཚད་གཞི་ལྟར་བསླབ་དེབ་རྩོམ་འབྲི་བྱ་རྒྱུ་དང་། གང་ནུས་སྒོས་ནང་དོན་སྙིང་བསྡུས་ཡོང་བར་བྱས་ཏེ། དགོས་ངེས་ཀྱི་རྨང་གཞིའི་ཤེས་བྱ་དང་གཞི་རྩའི་ནུས་རྩལ་ཧྲག་འདེམས་བྱ་རྒྱུ་དང་། འགྲོ་སྒོ་ཆུང་ཞིང་སྤྱོད་སྒོ་ཆེ་བ་དང་སྤུས་དག་ཡོང་བར་ཁག་ཐེག་བྱ་རྒྱུ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པ་དང་བསླབ་དེབ་ཞིབ་བཤེར་གཏན་འབེབས་བྱེད་མཁན་བསླབ་དེབ་རྩོམ་འབྲི་བྱེད་པར་ཞུགས་པའམ་རྣམ་པ་འགྱུར་བའི་སྒོ་ནས་ཞུགས་མི་ཆོག
དོན་ཚན་སོ་དགུ་པ། རྒྱལ་ཁབ་ཀྱིས་བསླབ་དེབ་ཞིབ་བཤེར་གཏན་འབེབས་ལམ་ལུགས་ལག་བསྟར་བྱ་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་བསླབ་དེབ་ཞིབ་བཤེར་གཏན་འབེབས་བྱེད་ཐབས་གཏན་འབེབས་བྱ་རྒྱུ། ཞིབ་བཤེར་གཏན་འབེབས་བྱས་མེད་པའི་བསླབ་དེབ་པར་སྐྲུན་དང་འདེམས་སྤྱོད་བྱེད་མི་ཆོག
དོན་ཚན་བཞི་བཅུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིན་གོང་སྲིད་འཛིན་སྡེ་ཁག་གིས་དཔེ་སྐྲུན་སྲིད་འཛིན་སྡེ་ཁག་དང་མཉམ་དུ་ཁེ་ཆུང་གི་རྩ་དོན་ལྟར་བསླབ་དེབ་ཀྱི་གཞི་འཛིན་སའི་རིན་གོང་གཏན་འཁེལ་བྱ་རྒྱུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིན་གོང་སྲིད་འཛིན་སྡེ་ཁག་གིས་དཔེ་སྐྲུན་སྲིད་འཛིན་སྡེ་ཁག་དང་མཉམ་དུ་གཞི་འཛིན་སའི་རིན་གོང་ལྟར་སིལ་ཚོང་རིན་གོང་གཏན་འཁེལ་བྱ་རྒྱུ།
དོན་ཚན་ཞེ་གཅིག་པ། བསླབ་དེབ་རེས་འཁོར་བེད་སྤྱོད་བྱེད་པར་རྒྱལ་ཁབ་ཀྱིས་སྐུལ་མ་བྱ་རྒྱུ།
ལེའུ་དྲུག་པ། གྲོན་དངུལ་འགན་སྲུང་གི་སྐོར།
དོན་ཚན་ཞེ་གཉིས་པ། རྒྱལ་ཁབ་ཀྱིས་འོས་འགན་སློབ་གསོ་སྒོ་ཀུན་ནས་ནོར་སྲིད་ཀྱི་འགན་སྲུང་ཁྱབ་ཁོངས་ནང་བཅུག་སྟེ། འོས་འགན་སློབ་གསོའི་གྲོན་དངུལ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རིམ་པ་སོ་སོའི་ས་གནས་མི་དམངས་སྲིད་གཞུང་གིས་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་འགན་སྲུང་བྱ་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་ཀྱི་རིམ་པ་སོ་སོའི་མི་དམིངས་སྲིད་གཞུང་གིས་འོས་འགན་སློབ་གསོའི་གྲོན་དངུལ་དེ་ནོར་སྲིད་སྔོན་རྩིས་ནང་བཅུག་སྟེ། དགེ་བཟོ་བའི་སྒྲིག་ལུགས་ཚད་གཞི་དང་གླ་ཕོགས་ཀྱི་ཚད་གཞི། སློབ་གྲྭའི་འཛུགས་སྐྲུན་ཚད་གཞི། སློབ་མའི་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་གྱི་ཚད་གཞི་སོགས་འོས་འགན་སློབ་གསོའི་གྲོན་དངུལ་དུས་ཐོག་ཏུ་འདང་ངེས་གཏོང་སྤྲོད་བྱས་ནས། སློབ་གྲྭའི་རྒྱུན་ལྡན་གྱི་འཁོར་སྐྱོད་དང་སློབ་གྲྭའི་ཁང་པའི་བདེ་འཇགས། དགེ་བཟོ་བའི་གླ་ཕོགས་གཏན་འབེབས་ལྟར་སྤྲོད་པ་བཅས་ལ་འགན་སྲུང་ཁག་ཐེག་བྱ་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་འོས་འགན་སློབ་གསོ་ལག་བསྟར་བྱེད་པའི་ཐད་སྤྱོད་པའི་ནོར་སྲིད་གཏོང་དངུལ་འཕར་སྣོན་བསྡུར་ཚད་ལས་མཐོ་བ་ཡིན་དགོས་པ་དང་། སློབ་གྲྭར་ཡོད་པའི་སློབ་མའི་མི་གྲངས་ཀྱི་ཆ་སྙོམས་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་ལྟར་རིམ་བཞིན་འཕར་བར་ཁག་ཐེག་བྱེད་པ་དང་། དགེ་བཟོ་བའི་གླ་ཕོགས་དང་སློབ་མའི་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་རིམ་བཞིན་འཕར་བར་ཁག་ཐེག་བྱ་དགོས།
དོན་ཚན་ཞེ་གསུམ་པ། སློབ་གྲྭའི་སློབ་མའི་མི་རེའི་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་གྱི་གཞི་རྩའི་ཚད་གཞི་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་སྡེ་ཁག་གིས་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱ་རྒྱུ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་ལ་གཞིགས་ནས་དུས་བསྟན་ལེགས་སྒྲིག་བྱ་རྒྱུ་དང་། སློབ་མའི་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་གྱི་གཞི་རྩའི་ཚད་གཞི་གཏན་འབེབས་དང་ལེགས་སྒྲིག་བྱས་ཏེ་སློབ་གསོའི་སློབ་ཁྲིད་ཀྱི་གཞི་རྩའི་དགོས་མཁོ་བསྐང་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་གནས་ཚུལ་དངོས་གཞིར་བཟུང་སྟེ། རྒྱལ་ཁབ་ཀྱི་ཚད་གཞི་ལས་མི་དམའ་བའི་སློབ་གྲྭའི་སློབ་མའི་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་གྱི་ཚད་གཞི་གཏན་འབེབས་བྱས་ཆོག དམིགས་བསལ་སློབ་གྲྭའི(འཛིན་གྲྭ)སློབ་མའི་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་གྱི་ཚད་གཞི་དེ་སློབ་གྲྭ་དཀྱུས་མའི་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་གྱི་ཚད་གཞི་ལས་མཐོ་དགོས།
དོན་ཚན་ཞེ་བཞི་པ། འོས་འགན་སློབ་གསོའི་གྲོན་དངུལ་གཏོང་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་འགན་འཁྲི་ལྟར་མཉམ་དུ་གཏོང་བ་འགན་འཁུར་རྒྱུ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཅིག་འདོམས་དོན་འཁྱོལ་གྱི་འགན་འཁུར་ལམ་ལུགས་འཛུགས་པ་དང་། ཞིང་སྡེའི་འོས་འགན་སློབ་གསོར་མཁོ་བའི་གྲོན་དངུལ་དེ་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་བགོས་པའི་རྣམ་གྲངས་དང་བསྡུར་ཚད་ལྟར་འགན་འཁུར་རྒྱུ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རྣམས་ལ་རིན་དོད་མི་དགོས་པར་བསླབ་དེབ་འདོན་སྤྲོད་བྱ་རྒྱུ་མ་ཟད།བཅའ་སྡོད་སློབ་མའི་འཚོ་བའི་གྲོན་དངུལ་ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་གི་བྱེ་བྲག་གི་བྱེད་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ།
དོན་ཚན་ཞེ་ལྔ་པ། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་ཁྲོད་འོས་འགན་སློབ་གསོའི་གྲོན་དངུལ་དེ་ལོགས་སུ་བརྩི་རྒྱུ།རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སྔོན་རྩིས་བཟོ་སྐབས། ཞིང་སྡེ་ས་ཁུལ་གྱི་སློབ་གྲྭ་དང་ཉམས་ཞན་སློབ་གྲྭར་ཁ་ཕྱོགས་དགོས་པ་ཕུད།འོས་འགན་སློབ་གསོའི་གྲོན་དངུལ་དེ་དོ་མཉམ་གྱིས་བཀོད་སྒྲིག་བྱ་དགོས།
དོན་ཚན་ཞེ་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་ནོར་སྲིད་གཏོང་སྤྲོད་སྤོ་བསྒྱུར་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་། སྤྱིར་བཏང་གི་གཏོང་སྤྲོད་སྤོ་བསྒྱུར་གྱི་གཞི་ཁྱོན་ཇེ་ཆེར་གཏོང་བ་དང་འོས་འགན་སློབ་གསོའི་ཆེད་དམིགས་གཏོང་སྤྲོད་སྤོ་བསྒྱུར་བྱེ་སྟངས་ཚད་ལྡན་དུ་བཏང་ཐོག ས་གནས་ཀྱི་རིམ་པ་སོ་སོའི་མི་དམིངས་སྲིད་གཞུང་གིས་འོས་འགན་སློབ་གསོར་གཏོང་འཇོག་ཇེ་མང་དུ་གཏོང་བར་རོགས་སྐྱོར་དང་ཁྲིད་སྟོན་བྱ་དགོས། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་འོས་འགན་སློབ་གསོར་གཏོང་འཇོག་ཇེ་མང་དུ་གཏོང་བར་རོགས་སྐྱོར་དང་ཁྲིད་སྟོན་བྱ་དགོས། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་གོང་རིམ་མི་དམངས་སྲིད་གཞུང་གིས་འོས་འགན་སློབ་གསོར་གཏོང་སྤྲོད་སྤོ་བསྒྱུར་བྱས་པའི་མ་དངུལ་དེ་གཏན་འབེབས་ལྟར་འོས་འགན་སློབ་གསོའི་ཐད་ལ་སྤྱོད་རྒྱུའི་འགན་སྲུང་ནན་མོ་བྱ་དགོས།
དོན་ཚན་ཞེ་བདུན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དགོས་མཁོ་དངོས་གཞིར་བཟུང་སྟེ། ཆེད་སྤྱོད་མ་དངུལ་དམིགས་སུ་བཙུགས་ནས་གྲོང་གསེབ་ས་ཁུལ་དང་མི་རིགས་ས་ཁུལ་གྱི་འོས་འགན་སློབ་གསོ་སྤེལ་བར་རོགས་སྐྱོར་བྱ་དགོས།
དོན་ཚན་ཞེ་བརྒྱད་པ། སྤྱི་ཚོགས་ཀྱི་རྩ་འཛུགས་དང་མི་སྒེར་གྱིས་འོས་འགན་སློབ་གསོའི་ཐད་ལ་ཞལ་འདེབས་འབུལ་བར་རྒྱལ་ཁབ་ཀྱིས་སྐུལ་མ་གཏོང་བ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཐེབས་རྩ་ལྷན་ཚོགས་དོ་དམ་བྱེད་ཕྱོགས་སྐོར་གྱི་གཏན་འབེབས་ལྟར་འོས་འགན་སློབ་གསོའི་ཐེབས་རྩ་འཛུགས་པར་སྐུལ་མ་བྱ་རྒྱུ།
དོན་ཚན་ཞེ་དགུ་པ། འོས་འགན་སློབ་གསོའི་གྲོན་དངུལ་དེ་གཟབ་ནན་སྒོ་ནས་སྔོན་རྩིས་ནང་འཁོད་གཏན་འབེབས་ལྟར་འོས་འགན་སློབ་གསོའི་ཐད་སྤྱོད་དགོས་པ་ལས། རྩ་འཛུགས་དང་མི་སྒེར་གང་རུང་གིས་འོས་འགན་སློབ་གསོའི་གྲོན་དངུལ་བཙན་སྤྱོད་དང་གཞན་སྤྱོད་བྱས་མི་ཆོག་པ་དང་། སློབ་གྲྭ་ནས་ཁྲིམས་དང་མི་མཐུན་པའི་གྲོན་དངུལ་བསྡུ་ལེན་བྱེད་པའམ་བགོ་འགྲེམས་བྱས་མི་ཆོག
དོན་ཚན་ལྔ་བཅུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་འོས་འགན་སློབ་གསོའི་གྲོན་དངུལ་གྱི་རྩིས་བཤེར་ལྟ་སྐུལ་དང་བསྡོམས་རྩིས་སྤྱི་བསྒྲགས་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས།
ལེའུ་བདུན་པ། ཁྲིམས་ཀྱི་འགན་འཁྲིའི་སྐོར།
དོན་ཚན་ང་གཅིག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་བཅའ་ཁྲིམས་འདིའི་ལེའུ་དྲུག་པའི་གཏན་འབེབས་དང་འགལ་ནས། འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་འགན་འཁྲི་མ་བསྒྲུབ་ཚེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་གོང་རིམ་ས་གནས་མི་དམངས་སྲིད་གཞུང་གིས་དུས་བཀག་ནང་ཡོ་བསྲང་བྱེད་པར་འགན་དཀྲི་རྒྱུ་དང་། ཉེས་ཚབས་ཆེ་བར་འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་མཁན་གཞན་དག་ལ་བཅའ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ།
དོན་ཚན་ང་གཉིས་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ལ་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། གོང་རིམ་མི་དམངས་སྲིད་གཞུང་གི་གིས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཉེས་ཚབས་ཆེ་བར་འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་མཁན་གཞན་དག་ལ་བཅའ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་སྟེ།
(གཅིག) རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་སློབ་གྲྭའི་བཀོད་སྒྲིག་འཆར་འགོད་གཏན་འབེབས་དང་ལེགས་སྒྲིག་མ་བྱས་པ།
(གཉིས།)སློབ་གྲྭ་འཛུགས་སྐྲུན་བྱས་ཚུལ་དེ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་སློབ་སྒྲུབ་ཚད་གཞི་དང་གནས་ཡུལ་གདམ་པའི་བླང་བྱ།འཛུགས་སྐྲུན་གྱི་ཚད་གཞི་བཅས་དང་མི་མཐུན་པ།
(གསུམ། )དུས་བཀག་ལྟར་སློབ་གྲྭའི་སློབ་ཁང་དང་ཉལ་ཁང་གི་བདེ་འཇགས་གནས་ཚུལ་ལ་ཞིབ་བཤེར་དང་། དུས་ཐོག་ཏུ་ཉམས་གསོ་དང་ལེགས་སྒྱུར་མ་བྱས་པ།
(བཞི།) བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་འོས་འགན་སློབ་གསོའི་གྲོན་དངུལ་དོ་མཉམ་གྱིས་བཀོད་སྒྲིག་མ་བྱས་པ་བཅས་ཡིན།
དོན་ཚན་ང་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ངམ་དེའི་སློབ་གསོའི་སྲིད་འཛིན་སྡེ་ཁག་ལ་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། གོང་རིམ་མི་དམངས་སྲིད་གཞུང་ངམ་དེའི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ། ཉེས་ཚབས་ཆེ་བར་འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་མཁན་མི་གཞན་དག་ལ་བཅའ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་སྟེ།
གཅིག སློབ་གྲྭར་གཙོ་གནད་སློབ་གྲྭ་དང་གཙོ་གནད་མིན་པའི་སློབ་གྲྭ་གཉིས་སུ་དབྱེ་བ།
གཉིས། གཞུང་འཛུགས་སློབ་གྲྭའི་ངོ་བོ་བསྒྱུར་བའམ་རྣམ་པ་གཞན་ལ་བརྟེན་ནས་ངོ་བོ་བསྒྱུར་བ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གམ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་སློབ་གྲྭར་ཞུགས་པར་རྩ་འཛུགས་མ་བྱས་པའམ་སློབ་མཚམས་འཇོག་པར་བཀག་འགོག་མ་བྱས་ན།དོན་ཚན་གོང་མའི་གཏན་འབེབས་ལྟར་ཁྲིམས་ཀྱི་འབྲེལ་ཁུར་འཁྲི་བདའ་འདེད་གཏོང་རྒྱུ།
དོན་ཚན་ང་བཞི་བ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། གོང་རིམ་མི་དམངས་སྲིད་གཞུང་ངམ་གོང་རིམ་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་ནོར་སྲིད་སྡེ་ཁག རིན་གོང་སྲིད་འཛིན་སྡེ་ཁག རྩིས་བཤེར་ལས་ཁུངས་བཅས་ཀྱིས་འགན་འཁྲི་ཁག་བགོས་ལྟར་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཉེས་ཚབས་ཆེ་བར་འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་མཁན་གཞན་དག་ལ་བཅའ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།
གཅིག འོས་འགན་སློབ་གསོའི་གྲོན་དངུལ་སྤྱོད་བཟུང་དང་གཞན་སྤྱོད་བྱས་པ།
གཉིས། སློབ་གྲྭ་ནས་ཁྲིམས་དང་མི་མཐུན་པའི་གྲོན་དངུལ་བསྡུ་ལེན་བྱས་པའམ་བགོ་འགྲེམ་བརྒྱབ་པ།
དོན་ཚན་ང་ལྔ་པ། སློབ་གྲྭའམ་དགེ་རྒན་གྱིས་འོས་འགན་སློབ་གསོའི་བྱ་བའི་ཁྲོད་སློབ་གསོའི་བཅའ་ཁྲིམས་དང་དགེ་རྒན་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་བར། སློབ་གསོའི་བཅའ་ཁྲིམས་དང་དགེ་རྒན་གྱི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།
དོན་ཚན་ང་དྲུག་པ། སློབ་གྲྭས་རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས་གྲོན་དངུལ་བསྡུ་ལེན་བྱས་པར། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་བསྡུ་ལེན་བྱས་པའི་གྲོན་དངུལ་ཕྱིར་སློག་དགོས་པའི་བཀའ་ཕབ་པ་དང་། འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་མཁན་གཞན་དག་ལ་བཅའ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། སློབ་གྲྭས་སློབ་ཕྲུག་ལ་ཚོང་ཟོག་འགྲེམ་འཚོང་ངམ་རྣམ་པ་འགྱུར་བའི་འགྲེམ་འཚོང་དང་། ཞབས་ཞུ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་ཁེ་ཕན་ལེན་ཐབས་བྱས་པར། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་པར་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་མཁན་གཞན་དག་ལ་བཅའ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།
རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་དང་བསླབ་དེབ་ཞིབ་བཤེར་མི་སྣས་བསླབ་དེབ་རྩོམ་འབྲི་བྱེད་པའི་ཁྲོད་ཞུགས་པའམ་རྣམ་པ་གཞན་ལ་བརྟེན་ནས་ཞུགས་པར། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ངམ་དེའི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་འགན་འཁྲིའི་དབང་མཚམས་ལྟར་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། བཅའ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་པར་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ།
དོན་ཚན་ང་བདུན་པ། སློབ་གྲྭར་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཉེས་ཚབས་ཆེ་བར་འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་མཁན་གཞན་དག་ལ་བཅའ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་སྟེ།
གཅིག དཀྱུས་མའི་སློབ་གསོ་དང་ལེན་བྱེད་ནུས་ཡོད་པའི་དབང་པོ་སྐྱོན་ཅན་གྱི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་བྱེད་པར་བསྡུ་ལེན་མ་བྱས་པ།
གཉིས། གཙོ་གནད་འཛིན་གྲྭ་དང་གཙོ་གནད་མིན་པའི་འཛིན་གྲྭ་སོ་སོར་བཙུགས་པ།
གསུམ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་སློབ་མ་སློབ་གྲྭ་ལས་ཕུད་པ།བཞི།ཞིབ་བཤེར་གཏན་འབེབས་མ་བྱས་པའི་བསླབ་དེབ་བདམས་ནས་བཀོལ་སྤྱོད་བྱས་པ་བཅས་ཡིན།། དོན་ཚན་ང་བརྒྱད་པ། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་གྱི་ཕ་མའམ་ཁྲིམས་བཀོད་ཀྱི་ལྟ་སྐྱོང་བྱེད་མི་གཞན་དག་གིས་ཚུལ་མཐུན་གྱི་རྒྱུ་མཚན་མེད་པར་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་སློབ་གྲྭར་ཞུགས་ནས་འོས་འགན་སློབ་གསོ་དང་ལེན་བྱེད་པར་མ་བསྐྱལ་བར། ས་དེའི་གྲོང་རྡལ་མི་དམངས་སྲིད་གཞུང་ངམ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་སྐྱོན་བརྗོད་དང་སློབ་གསོ་གཏོང་རྒྱུ་དང་། དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ། དོན་ཚན་ང་དགུ་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།
གཅིག འོས་འགན་སློབ་གསོ་དང་ལེན་བྱ་དགོས་པའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་ལ་བཙན་ཤེད་དམ་བསླུ་བྲིད་ཀྱིས་སློབ་སྦྱོང་གི་གོ་སྐབས་ཤོར་བ་དང་སློབ་མཚམས་འཇོག་ཏུ་བཅུག་པའི་རིགས། (གཉིས) འོས་འགན་སློབ་གསོ་དང་ལེན་བྱ་དགོས་པའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་ཁྲིམས་དང་མི་མཐུན་པར་བསྡུས་ནས་ལས་ཀར་བཀོལ་བ། (གསུམ) བཅའ་ཁྲིམས་ལྟར་ཞིབ་བཤེར་གཏན་འབེབས་མ་བྱས་པའི་སློབ་དེབ་པར་དུ་བསྐྲུན་པ་བཅས་ཡིན། དོན་ཚན་དྲུག་ཅུ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་བྱས་ཉེས་སུ་གྲུབ་པར་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།
ལེའུ་བརྒྱད་པ། ཟུར་བཀོད།
དོན་ཚན་རེ་གཅིག་པ། འོས་འགན་སློབ་གསོ་དང་ལེན་བྱེད་པའི་བྱིས་པ་དང་ན་གཞོན་ལ་སློབ་ཡོན་རྩག་རྩིག་མི་བསྡུ་བའི་ལག་བསྟར་བྱ་རིམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ།
དོན་ཚན་རེ་གཉིས་པ། སྤྱི་ཚོགས་ཀྱི་རྩ་འཛུགས་སམ་མི་སྒེར་གྱིས་ཁྲིམས་ལྟར་བཙུགས་པའི་དམངས་སྒྲུབ་སློབ་གྲྭས་འོས་འགན་སློབ་གསོ་ལག་བསྟར་བྱེད་པར། དམངས་སྒྲུབ་སློབ་གསོར་སྐུལ་སྤེལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བྱ་རྒྱུ་དང་། དམངས་འཛུགས་སློབ་གསོར་སྐུལ་སྤེལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་གཏན་འབེབས་བྱས་མེད་པར་བཅའ་ཁྲིམས་འདི་སྤྱོད་དགོས།
དོན་ཚན་རེ་གསུམ་པ། བཅའ་ཁྲིམས་འདི་ཉིས་སྟོང་དྲུག་ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན་ནས་ལག་བསྟར་བྱེད་དགོས།
རྩོམ་སྒྲིག་པ། སྐར་མ་འཚོ།