མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་སྔོན་འགྲོ་སློབ་གསོའི་འཕེལ་རྒྱས་སྔར་བས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར།
2018.04.24 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 46

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

«རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིག་སྔར་སྔོན་འགྲོ་སློབ་གསོ་གོང་དུ་སྤེལ་བའི་སྐོར་གྱི་བསམ་འཆར་འགའ»(རྒྱལ་སྤེལ〔2010〕ཨང41པ)དང་། «རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་དབུས་ནུབ་རྒྱུད་ཀྱི་སློབ་གསོའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར»(རྒྱལ་གཞུང་སྤེལ〔2016〕ཨང37པ)སོགས་ཡིག་ཆའི་དགོངས་དོན་གཞིར་བཟུང་ནས། རང་རེའི་ཞིང་ཆེན་གྱི་སྔོན་འགྲོ་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྔར་བས་མགྱོགས་པོར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀུན་ལ་ཁྱབ་ཅིང་བཀོད་སྒྲིག་འོས་འཚམ་ཡིན་པའི་སྔོན་འགྲོ་སློབ་གསོའི་སྤྱི་པའི་ཞབས་ཕྱིའི་མ་ལག་ཧུར་བརྩོན་སྒོས་འཛུགས་སྐྱོང་བྱེད་པ་དང་། སློབ་ལོ་རན་པའི་བྱིས་པ་དག་གིས་གཞི་རྩར་གྱུར་པ་དང་སྤུས་ཚད་ལྡན་པའི་སྔོན་འགྲོ་སློབ་གསོ་དང་ལེན་ཐུབ་པ་འགན་སྲུང་བྱེད་ཆེད། ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་བ་བརྒྱུད། གཤམ་གྱི་བསམ་འཆར་བཏོན་པ་ཡིན།

གཅིག སྔོན་འགྲོ་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་དགོས་ངེས་རང་བཞིན་དང་མྱུར་མཁོ་རང་བཞིན་ལ་ངོས་ཟིན་ལེགས་པོ་ཡོང་དགོས།

སྔོན་འགྲོ་སློབ་གསོ་ནི་རྒྱལ་དམངས་སློབ་གསོའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཏེ། མིའི་ཚེ་གཅིག་གི་སློབ་སྦྱོང་དང་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔོན་འགྲོ་སློབ་གསོ་གོང་དུ་སྤེལ་བར་བརྩི་མཐོང་ཆེན་པོ་བྱས་ཏེ། ཉེ་བའི་ལོ་འདི་འགའི་རིང་ལ་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་སྤེལ་བ་དང་། སྔོན་འགྲོ་སློབ་གསོའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བས། སྔོན་འགྲོ་སློབ་གསོའི་སློབ་སྒྲུབ་ཐོན་ཁུངས་རིམ་བཞིན་རྒྱ་བསྐྱེད་པ་དང་། ཁྱབ་ཚད་སྔར་བས་ཇེ་མཐོར་སོང་བ། “བྱིས་སྐྱོང་ཁང་ལ་ཞུགས་དཀའ་བའི”གནད་དོན་ཕན་ལྡན་ངང་ལྷོད་དུ་ཕྱིན་ནས། དཔལ་ཡོན་འབར་བའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཞིག་མངོན་ཡོད། ཡིན་ནའང་སྤྱི་ནས་བལྟས་ན། རང་རེའི་ཞིང་ཆེན་གྱི་སྔོན་འགྲོ་སློབ་གསོ་ལ་སློབ་སྒྲུབ་ཀྱི་ཐོན་ཁུངས་མི་འདང་བ་དང་། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་རྗེས་ལུས་ཡིན་པ། གཉོར་སྐྱོང་སྤུས་ཚད་སྙོམས་པོ་མིན་པ་སོགས་ཀྱི་གནད་དོན་ད་རུང་སྔར་བཞིན་མཆིས་ཤིང། ཁྱད་པར་དུ་དགེ་རྒན་གྱི་གྲངས་འབོར་ཉུང་བ་དང་ཐོབ་འབབ་དམའ་བ། ལས་རིགས་ཀྱི་འགུགས་ཤུགས་དམན་པ་སོགས་ཀྱིས་རང་རེའི་ཞིང་ཆེན་གྱི་སྔོན་འགྲོ་སློབ་གསོའི་འཕེལ་རྒྱས་ཀྱི་འགག་རྩ་ལ་ཚོད་འཛིན་བྱས་པས། “བྱིས་དུས་སྐྱོང་མཁན་ཡོད་པའི”དམིགས་འབེན་ལས་འགན་མངོན་འགྱུར་བྱ་རྒྱུ་ཤིན་ཏུ་དཀའ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྔོན་འགྲོ་སློབ་གསོ་གོང་དུ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་ཟིན་ཟབ་མོ་ལེན་དགོས་པ་དང་། གོམ་གང་མདུན་སྤོས་ཀྱིས་འགན་འཁྲིའི་བསམ་པ་དང་། འགན་འཁུར་གྱི་བསམ་པ། མྱུར་མཁོའི་བསམ་པ་ཇེ་དྲག་ཏུ་གཏོང་བ་དང། གནད་དོན་གྱི་ཕྱོགས་ཁྲིད་རྒྱུན་འཁྱོངས་བྱེད་ཅིང་། ཕན་ལྡན་གྱི་བྱེད་ཐབས་སྤྱད་ནས། སྔོན་འགྲོ་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་ལ་དངོས་གནས་སྐུལ་འདེད་གཏང་དགོས།

གཉིས། སྤྱིའི་བླང་བྱ།

(གཅིག)མཛུབ་སྟོན་བསམ་བློ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་མཐར་ཕྱིན་བྱེད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་ལ་བརྟེན་ནས། སློབ་གསོ་སྔོན་ཐོབ་ཀྱིས་གོང་དུ་སྤེལ་བའི་འཐབ་ཇུས་རྒྱུན་འཁྱོངས་དང་། གནད་དོན་གྱི་ཕྱོགས་ཁྲིད་རྒྱུན་འཁྱོངས། མཉེན་ཆས་སྲ་ཆས་ཀྱི་འཛུགས་སྐྲུན་མཉམ་དུ་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བཅས་བྱེད་པ་དང། “ཐོན་ཁུངས་རྒྱ་བསྐྱེད་དང། གཞི་རྩ་འགན་སྲུང་། དཔུང་སྡེ་ཇེ་སྟོབས། སྤུས་ཚད་ཇེ་མཐོ། ཚད་གཞི་དམ་འཛིན། འཕེལ་རྒྱས་སྐུལ་འདེད”ཀྱི་རིག་ལམ་ལྟར། སྔོན་འགྲོ་སློབ་གསོ་ཀུན་ཕན་སྐྱོན་བྲལ་ངང་གོང་དུ་སྤེལ་བའི་སྒྲིག་སྲོལ་རྐྱེན་སྲོལ་སྔར་བས་འཐུས་ཚང་དུ་གཏང་དགོས། ཚད་གཞི་ཅན་འཛུགས་སྐྲུན་དང་། དགེ་རྒན་དཔུང་སྡེའི་འཛུགས་སྐྲུན། ཚད་ལྡན་ཅན་གྱི་དོ་དམ་བཅས་འབུར་དུ་ཐོན་པའི་སྒོ་ནས། ཞིང་ཆེན་ཡོངས་ཀྱི་སྔོན་འགྲོ་སློབ་གསོའི་འཕེལ་རྒྱས་ཆུ་ཚད་སྔར་བས་མཐོར་འདེགས་སུ་གཏོང་བ་དང། མི་དམངས་མང་ཚོགས་ཀྱིས་སྔོན་འགྲོ་སློབ་གསོ་བཟང་པོ་ཐོབ་འདོད་པའི་དགོས་མཁོ་རྒྱུན་མ་ཆད་པར་བསྐངས་ཏེ། “བྱིས་པར་སྐྱོང་མཁན་ཡོད་པའི”དམིགས་འབེན་མངོན་འགྱུར་བྱ་དགོས།

(གཉིས) གཞི་རྩའི་རྩ་དོན།

རིམ་པ་བགོས་ཏེ་དོ་དམ་བྱེད་ཅིང་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ་རྒྱུན་བསྐྱང་དགོས། ཞིང་ཆེན་རིམ་པ་དང་གྲོང་ཁྱེར(ཁུལ)རིམ་པའི་སྲིད་གཞུང་གིས་གཅིག་འདོམས་འཆར་འགོད་དང་ལྟ་སྐུལ་དོ་དམ་བྱེད་པའི་འགན་ནུས་ལ་ཤུགས་སྣོན་རྒྱག་པ་དང། རྫོང་རིམ་པའི་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱ་དགོས། མི་འབོར་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ལྟར། ཚན་རིག་དང་མཐུན་པར་འཆར་འགོད་དང་ལུགས་མཐུན་ངང་བཀོད་སྒྲིག་བྱེད་ཅིང། ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱས་ནས། སློབ་ལོ་རན་པའི་བྱིས་པ་མང་ཆེ་བ་ཐག་ཉེ་ས་ནས་སྔོན་འགྲོ་སློབ་གསོ་དང་ལེན་ཐུབ་པ་འགན་སྲུང་བྱ་དགོས།

སྤྱི་ཕན་ཀུན་ཕན་དང་སྒྲུབ་སྟངས་སྣ་མང་ཡིན་པའི་སློབ་སྒྲུབ་རྒྱུན་བསྐྱང་དགོས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་ཅིང་སྤྱི་ཚོགས་ཐེ་ཞུགས་ཡོད་པ། གཞུང་གཉེར་དང་དམངས་གཉེར་གཉིས་ཀ་གཙིགས་སུ་འཛིན་པ་བཅས་རྒྱུན་འཁྱོངས་དང། ཕྱོགས་སོ་སོའི་ཧུར་བརྩོན་བྱེད་སེམས་སྐུལ་སློང་གང་ལེགས་བྱ་དགོས་ཤིང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་རྣམ་པ་མི་འདྲ་བ་མང་པོ་བརྒྱུད་ནས་བྱིས་སྐྱོང་ཁང་གཉེར་བར་སྐུལ་མ་གཏོང་བ་དང། དམངས་གཉེར་བྱིས་སྐྱོང་ཁང་གིས་ཀུན་ཕན་རང་བཞིན་གྱི་ཞབས་ཕྱི་མཁོ་སྤྲོད་བྱེད་པར་སྣེ་ཁྲིད་དང་འདེགས་སྐྱོར་བྱས་ཏེ། སྔོན་འགྲོ་སློབ་གསོའི་སྤྱི་པའི་ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་དང། སློབ་གསོ་འདྲ་མཉམ་ཡོང་བར་སྐུལ་འདེད་གཏང་དགོས།

ཚད་གཞི་ཡིས་སྣེ་ཁྲིད་ཅིང་འཛུགས་སྐྲུན་ཚད་ལྡན་བྱེད་པ་རྒྱུན་བསྐྱང་དགོས། ཚད་གཞིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་ཞིང། རང་ཞིང་གི་དོན་དངོས་དང་སྦྱར་ནས། འབྲེལ་ཡོད་གྱི་ཚད་གཞི་འཐུས་ཚང་དུ་འཛུགས་པ་དང་། ཚད་གཞིའི་བླང་བྱ་གཟབ་ནན་གྱིས་ལག་བསྟར་བགྱིད་པ་དང། ཚད་གཞི་ཅན་གྱི་འཛུགས་སྐྲུན་ལག་ལེན་བྱེད་པ་དང་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། བྱིས་སྐྱོང་ཁང་གི་སློབ་སྒྲུབ་སྤུས་ཚད་མཐོར་འདེགས་སུ་གཏང་དགོས།
ཆོས་ཉིད་བརྩི་སྲུང་བྱེད་ཅིང་ཚན་རིག་དང་མཐུན་པར་གསོ་སྐྱོང་སློབ་ཁྲིད་བྱེད་པ་རྒྱུན་བསྐྱང་དགོས། བྱིས་པའི་ལུས་སེམས་གཉིས་ཀྱི་འཕེལ་རྒྱས་ཆོས་ཉིད་བརྩི་སྲུང་བྱེད་པ་དང། བྱེ་བྲག་གི་ཁྱད་པར་ལ་དོ་སྣང་བྱ་དགོས་ཤིང། རོལ་རྩེད་ནི་གཞི་རྩའི་བྱ་འགུལ་ཡིན་ལ། སྐད་ཆའི་སློབ་ཁྲིད་ལ་གཙོར་འཛིན་པ། གསོ་སྐྱོང་དང་སློབ་ཁྲིད་ཟུང་དུ་སྦྲེལ་བ། རྩེད་ཞོར་ལ་སློབ་གསོ་གཏོང་བ་བཅས་བྱེད་པ་དང་། “སློབ་ཆུང་ཅན”དུ་ཕྱོགས་པ་སྔོན་འགོག་དང་ཡོ་བསྲང་བྱས་ཏེ། བྱིས་པ་བདེ་ཐང་དང་དགའ་སྤྲོའི་ངང་ནར་སོན་པར་སྐུལ་འདེད་གཏང་དགོས།

(གསུམ) འཕེལ་རྒྱས་ཀྱི་དམིགས་འབེན། 2020ལོར་བསླེབ་དུས། ཞིང་ཆེན་ཡོངས་ཀྱི་བྱིས་སྐྱོང་ཁང་གི་སློབ་སྒྲུབ་ཆ་རྐྱེན་ཕལ་ཆེར་ཞིང་ཆེན་རིམ་པའི་ཚད་གཞིར་བསླེབ་དགོས་པ་དང་། སྔོན་འགྲོ་སློབ་གསོའི་དགེ་རྒན་བཀོད་སྒྲིག་རྐྱེན་སྲོལ་དང་གླ་ཕོགས་ཐོབ་ཆ་འགན་སྲུང་རྐྱེན་སྲོལ་ཐོག་མའི་ཆ་ནས་འཛུགས་དགོས། བྱིས་སྐྱོང་ཁང་གི་ཚད་ལྡན་ཅན་གྱི་དོ་དམ་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོ་དང་། སློབ་སྒྲུབ་བྱེད་སྟངས་སྔར་བས་ཚད་ལྡན་དུ་གཏང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁེབས་ཤིང་བཀོད་པ་འོས་འཚམ་ཡིན་པ། དགོས་མཁོ་དང་འཚམ་པ། ཐག་ཉེ་སྟབས་བདེ་ཡིན་པའི་རྫོང་ཤང་སྡེ་བ་བཅས་རིམ་པ་གསུམ་གྱི་སྔོན་འགྲོ་སློབ་གསོའི་དྲ་བ་སྔར་བས་འཐུས་ཚང་དུ་གཏང་དགོས། ཞིང་ཆེན་ཡོངས་ཀྱི་སྔོན་འགྲོ་སློབ་གསོའི་ལོ་གསུམ་གྱི་བྱིས་སྐྱོང་ཁང་ལ་ཞུགས་ཚད85%ཡན་བསླེབ་དགོས་པ་དང་། དེ་ལས་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་ཁུལ105%ལ་བསླེབ་དགོས་པ་དང་། མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ93%ལ་བསླེབ་དགོས་ཤིང་། མཚོ་ཤར་གྲོང་ཁྱེར85%ཡན་ལ་བསླེབ་དགོས། ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ་དང་རྨ་ལྷོ་ཁུལ70%ཡན་ལ་བསླེབ་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོ་ཉམ་ཞན་ཡིན་པའི་ས་ཁུལ་དུ་སློབ་སྔོན་གྱི་ལོ་གཉིས་ལ་སྐད་གཉིས་སློབ་གསོ་ཕལ་ཆེར་ཁྱབ་གདལ་དུ་གཏང་དགོས།

གསུམ། དགོས་མཁོ་ལ་སྣེ་མཐུད་ནས་སློབ་སྒྲུབ་ཐོན་ཁུངས་རྒྱ་བསྐྱེད་དགོས།

(བཞི)སྔོན་འགྲོ་སློབ་གསོའི་བཀོད་པ་ཚན་རིག་དང་མཐུན་པར་འཆར་འགོད་བྱ་དགོས། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་དབུལ་སྒྲོལ་འགག་གཏོར་གྱི་འཆར་གཞི་དང་། གྲོང་རྡལ་ཅན་དུ་སྒྱུར་བའི་འཕེལ་རིམ། འཆར་ལྡན་བུ་སྐྱེ་སྲིད་ཇུས་ལེགས་སྒྲིག་སོགས་ལ་སྣེ་མཐུད་ཅིང་། རྫོང་སྡེ་ཚན་དུ་བྱས་ནས་སྔོན་འགྲོ་སློབ་གསོའི་འཛུགས་སྐྲུན་འཆར་འགོད་གཏན་འབེབས་བྱེད་པ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཕྱིའི་སྒྲིག་ཆས་ཆ་འགྲིག་འཛུགས་སྐྲུན་གྱི་འཆར་འགོད་དུ་འཇུག་དགོས། བྱིས་སྐྱོང་ཁང་གི་སློབ་སྒྲུབ་གཞི་ཁྱོན་ལ་མི360ཡི་ཚད་གཞི་ལས་བརྒལ་མི་ཆོག་པ་ལྟར། འཆར་འགོད་ཚན་རིག་དང་མཐུན་ལ་བཀོད་པ་འོས་ཤིང་འཚམ་པ་བྱེད་པ་དང། བྱིས་སྐྱོང་ཁང་ཁེར་རྐྱང་བཀོད་སྒྲིག་བྱེད་པ་གཙོ་བོ་དང་། སློབ་འབྲིང་དང་སློབ་ཆུང་དུ་བྱིས་སྐྱོང་ཁང(འཛིན་གྲྭ)འཛུགས་པ་ཕལ་བ། སྐོར་སྐྱོད་སློབ་སྐྱོར་བྱེད་གནས་ཁ་གསབ་ཏུ་བྱས་པའི་སྔོན་འགྲོ་སློབ་གསོའི་སློབ་སྒྲུབ་ཀྱི་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་བྱིས་པས་སྔོན་འགྲོ་སློབ་གསོ་དང་ལེན་བྱེད་པའི་དགོས་མཁོ་བསྐང་དགོས།

(ལྔ)གཞུང་གཉེར་བྱིས་སྐྱོང་ཁང་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏང་དགོས། སྔོན་འགྲོ་སློབ་གསོའི་རྨང་གཞི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལས་གཞི་རོང་འབྲོག་ཁུལ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འབྲེལ་ཁག་གི་གཞུང་གཉེར་བྱིས་སྐྱོང་ཁང་ལ་གསེག་གཞོལ་བྱེད་པ་དང། སྡེ་བ་རིམ་པའི་བྱིས་སྐྱོང་ཁང་འཛུགས་སྐྲུན་བྱེད་པ་གཙོར་བཟུང་ནས་སྡེ་བ་ཆེ་བར་ཁེར་རྐྱང་གིས་འཛུགས་པ་དང་། སྡེ་བ་ཆུང་བར་མཉམ་འབྲེལ་སྒོས་འཛུགས་དགོས་ལ། མི་རིགས་ས་ཁུལ་དུ་བྱིས་སྐྱོང་ཁང་འཛུགས་པར་ཤུགས་སྣོན་ཆེན་པོ་བརྒྱག་དགོས། སློབ་འབྲིང་དང་སློབ་ཆུང་གི་བཀོད་པ་ལེགས་སྒྲིག་བྱས་རྗེས་ཀྱི་སློབ་གསོ་ཐོན་ཁུངས་ལྷག་འཕྲོ་དང་སྤྱི་པའི་སློབ་གསོ་ཐོན་ཁུངས་ལྷག་འཕྲོ་གཞན་དག་གཞུང་གཉེར་བྱིས་སྐྱོང་ཁང་ལ་སྔོན་ཐོབ་ཀྱིས་བཀོལ་སྤྱོད་བྱས་ཏེ། སྔོན་འགྲོ་སློབ་གསོའི་སློབ་སྒྲུབ་ཐོན་ཁུངས་རྒྱ་བསྐྱེད་དགོས།

(དྲུག)མཁར་གྲོང་གི་གཞིས་ཁུལ་དུ་བྱིས་སྐྱོང་ཁང་ལེ་ལག་ཏུ་འཛུགས་པ་དོན་འཁྱོལ་བྱ་དགོས། ཞིང་ཆེན་རིམ་པའི་སློབ་གསོ་ལས་ཁུངས་ཀྱིས་མགོ་ཁྲིད་ནས་སྡོད་ཁང་འཛུགས་སྐྲུན་སོགས་ལས་ཁུངས་དང་མཉམ་དུ«མཁར་གྲོང་གི་གཞིས་ཁུལ་དུ་བྱིས་སྐྱོང་ཁང་ལེ་ལག་ཏུ་འཛུགས་པར་དོ་དམ་བྱེད་ཐབས»གཏན་འབེབས་བྱ་དགོས། གྲོང་ཁུལ་རྙིང་བའམ་སྤྱི་ཁྱིམ་ཁུལ་བཅོས་སྒྱུར་དང་གྲོང་ཁུལ་གསར་པ་འཛུགས་སྐྲུན་བྱེད་སྐབས། དོན་དངོས་དང་སྦྱར་ནས་དགོས་མཁོ་ལྟར་ལེ་ལག་བྱིས་སྐྱོང་ཁང་འཛུགས་སྐྲུན་བྱ་དགོས། གསར་འཛུགས་གཞིས་ཁུལ་གྱི་ལེ་ལག་བྱིས་སྐྱོང་ཁང་དེ་གཞིས་ཁུལ་དང་མཉམ་དུ་འཆར་འགོད་དང་མཉམ་དུ་འཛུགས་སྐྲུན། མཉམ་དུ་བཀོལ་སྤྱོད་བྱ་དགོས་ལ། གཏན་འབེབས་ལྟར་ལེ་ལག་བྱིས་སྐྱོང་ཁང་འཛུགས་རྒྱུ་བཀོད་སྒྲིག་བྱས་མེད་པའི་གཞིས་ཁུལ་གྱི་འཆར་འགོད་ལ་ཞིབ་བཤེར་ཆོག་མཆན་བཀོད་མི་ཆོག བྱིས་སྐྱོང་ཁང་འཛུགས་པའི་ཆ་རྐྱེན་མི་འདང་བའི་མཁར་གྲོང་གི་གཞིས་ཁུལ་ཡོད་ཚེ་གསར་སྤེལ་ཚོང་པས་བྱིས་སྐྱོང་ཁང་འཛུགས་སྐྲུན་གྱི་གྲོན་དངུལ་ཡར་སྤྲོད་དགོས་ལ། ས་གནས་སྲིད་གཞུང་གིས་གཅིག་འདོམས་ཀྱིས་བྱིས་སྐྱོང་ཁང་དང་སྔོན་འགྲོ་སློབ་གསོའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་སྤྱོད་དགོས། མཁར་གྲོང་གི་གཞིས་ཁུལ་གྱི་ལེ་ལག་བྱིས་སྐྱོང་ཁང་ནི་སྤྱི་པའི་སློབ་གསོའི་ཐོན་ཁུངས་ཡིན་པའི་ཆ་ནས་ས་གནས་སྲིད་གཞུང་གིས་གཅིག་འདོམས་བཀོད་སྒྲིག་བྱས་ཏེ། གཞུང་གཉེར་བྱིས་སྐྱོང་ཁང་ངམ་མངགས་བཅོལ་བྱས་ཏེ་ཀུན་ཕན་རང་བཞིན་གྱི་དམངས་གཉེར་བྱིས་སྐྱོང་ཁང་འཛུགས་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་མཁར་གྲོང་གི་གཞིས་ཁུལ་གྱི་ལེ་ལག་བྱིས་སྐྱོང་ཁང་ལ་ཆེད་དོན་སྒྲིག་བཅོས་བྱས་ཏེ། གཏན་འབེབས་ལྟར་འཛུགས་སྐྲུན་མ་བྱས་པའམ་མ་སྤྲད་པ། གཞུང་གཉེར་རམ་ཀུན་ཕན་རང་བཞིན་གྱི་དམངས་གཉེར་བྱིས་སྐྱོང་ཁང་བཙུགས་མེད་པར་ཕྱོགས་ཡོངས་ནས་སྒྲིག་བཅོས་བྱས་ནས། 2018ལོའི་ལོ་མཇུག་སྔོན་ལ་སྒྲིག་བཅོས་བྱས་ཚར་དགོས།

(བདུན)ཀུན་ཕན་རང་བཞིན་གྱི་དམངས་གཉེར་བྱིས་སྐྱོང་ཁང་ལ་ཧུར་ཐག་གིས་རོགས་སྐྱོར་བྱ་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་སྤྱི་དམངས་མི་སྒེར་གྱིས་མ་དངུལ་བཏང་ནས་དམངས་གཉེར་བྱིས་སྐྱོང་ཁང་སྒྲུབ་པར་བསྟོད་སྐུལ་བྱས་ཏེ། སྤྱི་ཚོགས་ཀྱི་སྣ་མང་རང་བཞིན་གྱི་དགོས་མཁོ་བསྐང་དགོས། དམངས་གཉེར་བྱིས་སྐྱོང་ཁང་གིས་འབྲེལ་ཡོད་ཚད་གཞིའི་འཛུགས་སྐྲུན་དང་དོ་དམ་གཞིར་འཛིན་དགོས། རྫོང་རིམ་པའི་སློབ་གསོ་ལས་ཁུངས་ཀྱིས་ངོས་འཛིན་བྱས་རྗེས་ཀུན་ཕན་རང་བཞིན་གྱི་དམངས་གཉེར་བྱིས་སྐྱོང་ཁང་ལ་རིགས་བགར་ཏེ་རིམ་པ་གཏན་འཁེལ་དང་བྱིས་པར་མ་དངུལ་རོགས་སྐྱོར། དགེ་རྒན་གྱི་ལས་ཐོབ་དཔྱད་ཞིབ་གཏན་འབེབས། གཟེངས་བསྟོད་བྱ་དགའ་སོགས་ཐད་ནས་གཞུང་གཉེར་བྱིས་སྐྱོང་ཁང་དང་འདྲ་མཉམ་གྱི་སྲིད་ཇུས་ལོངས་སྤྱོད་བྱ་དགོས། ས་གནས་སོ་སོས་གླ་ཡོན་ཆག་ཡང་དང་སྲིད་གཞུང་གིས་ཞབས་ཕྱི་ཉོ་བ། སློབ་མའི་ཆ་སྙོམས་ཀྱི་གྲོན་དངུལ་རོགས་རམ་ཁ་གསབ་སོགས་ཀྱི་རྣམ་པ་བརྒྱུད་ནས། ཀུན་ཕན་རང་བཞིན་གྱི་དམངས་གཉེར་བྱིས་སྐྱོང་ཁང་ལ་རྒྱབ་སྐྱོར་བྱ་དགོས། 2020ལོར་བསླེབ་དུས། ཀུན་ཕན་རང་བཞིན་གྱི་བྱིས་སྐྱོང་ཁང་ ཁེབས་ཚད(གཞུང་གཉེར་བྱིས་སྐྱོང་ཁང་དང་ཀུན་ཕན་རང་བཞིན་གྱི་དམངས་གཉེར་བྱིས་སྐྱོང་ཁང་གི་བྱིས་པའི་གྲངས་ཚད་ཀྱིས་བྱིས་སྐྱོང་ཁང་ཡོད་ཚད་ཀྱི་བྱིས་པ་སྤྱིའི་གྲངས་ཚད་ལས་ཟིན་པའི་བསྡུར་ཚད)80%ཡན་མས་སུ་བསླེབ་དགོས།

བཞི། ཚད་གཞི་ཅན་གྱིས་འཛུགས་སྐྲུན་དང་ཚད་ལྡན་ཅན་གྱིས་དོ་དམ་བྱ་དགོས།

(བརྒྱད) བྱིས་སྐྱོང་ཁང་ཚད་གཞི་ཅན་གྱིས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བརྒྱག་དགོས།«མཚོ་སྔོན་ཞིང་ཆེན་གྱི་བྱིས་སྐྱོང་ཁང་གི་གཞི་རྩའི་འཛུགས་སྐྲུན་ཚད་གཞི»དང«མཚོ་སྔོན་ཞིང་ཆེན་གྱི་བྱིས་སྐྱོང་ཁང་གི་སྒྲིག་བཀོད་དང་སྒྲིག་ཆས་སྒྲིག་སྦྱོར་བྱེད་པའི་ཚད་གཞི»གཏན་འབེབས་བྱས་ཏེ། བྱིས་སྐྱོང་ཁང་གི་འཛུགས་སྐྲུན་གཞི་རྒྱ་དང་འཛུགས་སྐྲུན་ལས་གཞིའི་ས་གནས་འདེམ་པ། འཆར་འགོད་བཀོད་སྒྲིག འཛུགས་སྐྲུན་གྱི་རྒྱ་ཁྱོན་སོགས་ཚད་གཞི་སྒྲིག་བཀོད་བྱེད་པ་དང་། ལོ་ཚད་མི་འདྲ་བའི་བྱིས་པའི་གསོ་སྐྱོང་དང་སློབ་གསོའི་དགོས་མཁོ་གཞིར་བཟུང་ནས། བྱིས་སྐྱོང་ཁང་གི་འཚོ་བའི་རིགས་དང་སློབ་ཁྲིད་རིགས་ཀྱི་སྒྲིག་བཀོད་སྒྲིག་ཆས་དང་རྩེད་ཆས། དཔེ་དེབ་བཅས་ལ་ཚད་གཞི་འོས་འཚམ་འཛུགས་དགོས། འབྲེལ་ཡོད་ཚད་གཞི་དེ་བྱིས་སྐྱོང་ཁང་འཛུགས་པ་དང་ཞིབ་མཆན་འགོད་པ། དཔྱད་དཔོག་དང་དོ་དམ་བྱེད་པ་བཅས་ཀྱི་གཞི་འཛིན་ས་གཙོ་བོར་འཛིིན་དགོས། བྱིས་སྐྱོང་ཁང་གསར་དུ་འཛུགས་ན་ཚད་གཞི་ལྟར་དུ་འཛུགས་སྐྲུན་བྱས་ཏེ། བྱིས་སྐྱོང་ཁང་གི་བྱ་འགུལ་སྤེལ་སའི་ཁང་བ་དང་ཞབས་ཕྱིའི་ཁང་བ། ཟུར་བཀོལ་ཁང་བ་བཅས་ནི་གསོ་སྐྱོང་དང་སློབ་ཁྲིད་ཀྱི་དགོས་མཁོ་དང་འཚམ་པར་ཁག་ཐེག་བྱ་དགོས། ད་ཡོད་བྱིས་སྐྱོང་ཁང་གིས་ཚད་གཞི་གཞིར་བཟུང་ནས་རྒྱས་སྐྲུན་དང་ཁ་གསབ་བྱས་ནས། 2020ལོར་བསླེབ་དུས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་བྱིས་སྐྱོང་ཁང་གི་འཛུགས་སྐྲུན་ཚད་གཞི་ལོན་པར་བྱ་དགོས་ལ། སྒྲིག་བཀོད་སྒྲིག་ཆས་དང་རྩེད་ཆས་ཁྲིད་ཆས། དཔེ་དེབ་སོགས་ཀྱི་དགོས་མཁོ་བསྐང་དགོས།

(དགུ)དགེ་བཟོ་བའི་བཀོད་སྒྲིག་ལ་ཤུགས་ཇེ་དྲག་ཏུ་གཏང་བ། «མཚོ་སྔོན་ཞིང་ཆེན་གྱི་བྱིས་སྐྱོང་ཁང་ལ་དགེ་བཟོ་བ་སྒྲིག་སྦྱོར་བྱེད་པའི་ཚད་གཞི»གཏན་འབེབས་བྱས་ཏེ། དགེ་བཟོ་བ་དང་བྱིས་པ། གསོ་སྐྱོང་སློབ་ཁྲིད་བྱེད་མཁན་བཅས་དང་བྱིས་པའི་བར་གྱི་སྒྲིག་སྦྱོར་སྡུར་ཚད་གཏན་འཁེལ་གསལ་བོར་བྱེད་པ་དང་། འགོ་གཙོ་དང་དགེ་རྒན། བུ་རྫི་སོགས་ཀྱི་ལས་རྐང་གི་བསླབ་གནས་དང་ལས་ཐོབ་སོགས་ཀྱི་བྱེ་བྲག་གི་བླང་བྱ་གཏན་འཁེལ་གསལ་བོར་བྱ་དགོས། དགེ་བཟོ་བ་སྒྲིག་སྦྱོར་བྱས་པའི་གནས་ཚུལ་དེ་བྱིས་སྐྱོང་ཁང་གི་སྐུལ་ཁྲིད་དང་ཞིབ་བཤེར། དཔྱད་དཔོག་གི་ནང་དོན་གལ་ཆེན་དུ་འཛིན་དགོས། གྲོང་ཁྱེར་དང་ཁུལ་སྲིད་གཞུང་སོ་སོས་སྐུལ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། རྫོང་རིམ་པའི་སྲིད་གཞུང་གིས་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ་དང། བྱིས་སྐྱོང་ཁང་གིས་བྱེ་བྲག་ཏུ་ལག་བསྟར་བྱེད་པའི་འགན་འཁུར་ནས། 2020ལོར་བསླེབ་དུས། ནུས་ཤུགས་ཡོད་རྒུས་བྱིས་སྐྱོང་ཁང་གི་དགེ་སློབ་གྱི་སྤྱིའི་སྡུར་ཚད1:15བསླེབ་པ་དང་། དགེ་རྒན་གྱི་གྲངས་ཚད་གཞི་རྩའི་ཆ་ནས་དགོས་མཁོ་སྐོང་ཐུབ་པ་བྱ་དགོས།

(བཅུ) སྔོན་འགྲོ་སློབ་གསོའི་མ་རྩའི་འགན་བགོས་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་དགོས། ཁུལ་དྲུག་གི་སློབ་མ་ཡོངས་དང་ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར་གྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་ལོ15རིན་མེད་སློབ་གསོའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། ལོ15རིན་མེད་སློབ་གསོ་ལག་བསྟར་བྱས་པའི་ས་ཁུལ་དུ་སྔར་བས་སྔོན་འགྲོ་སློབ་གསོའི་སློབ་མའི་ཆ་སྙོམས་གྲོན་དངུལ་ཁ་གསབ་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏང་དགོས་པ་དང་། གཞུང་གཉེར་བྱིས་སྐྱོང་ཁང་གཉེར་བའི་མ་རྩ་ཞིབ་བཤེར་གཏན་འབེབས་དང་འགུལ་རྣམ་ལེགས་སྒྲིག་རྐྱེན་སྲོལ་འཛུགས་དགོས། ལོ15རིན་མེད་སློབ་གསོ་ལག་བསྟར་བྱས་མེད་པའི་ས་ཁུལ་དུ་འོས་འགན་སློབ་གསོའི་མ་རྩའི་འགན་བགོས་ཀྱི་རེ་བ་གཞིར་བཟུང་ནས། དོ་དམ་སྒྲིག་གཞི་དང་འཚམ་པའི་སློབ་མའི་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་ཁ་གསབ་རོགས་དངུལ་དང་དངུལ་བསྡུ། རོགས་སྐྱོར་གཅིག་འདུས་ཀྱི་སྔོན་འགྲོ་སློབ་གསོའི་གྲོན་དངུལ་གཏོང་བའི་རྐྱེན་སྲོལ་འཛུགས་དགོས། གསོ་སྐྱོང་གི་མ་རྩ་དང་དཔལ་འབྱོར་གོང་འཕེལ་གྱི་ཆུ་ཚད་དང་། སློབ་མའི་རོགས་སྐྱོར་གྱི་ཆུ་ཚད། མང་ཚོགས་ཀྱི་ཐེག་པའི་ནུས་ཤུགས་སོགས་རྒྱུ་རྐྱེན་གཞིར་བཟུང་ནས། འོས་འཚམ་སྒོས་སློབ་ཡོན་ཚད་གཞི་གཏན་འཁེལ་དང་། སློབ་ཡོན་ཚད་གཞི་འགུལ་རྣམ་ལེགས་སྒྲིག་རྐྱེན་སྲོལ་བཙུགས་སྟེ། བྱིས་སྐྱོང་ཁང་གི་རྒྱུན་ལྡན་འཁོར་སྐྱོད་དང་གཏན་འཇགས་གོང་འཕེལ་ལ་འགན་སྲུང་བྱ་དགོས།

(བཅུ་གཅིག)བྱིས་སྐྱོང་ཁང་གི་ཐོ་འགོད་དོ་དམ་བྱ་བ་ཚད་ལྡན་དུ་གཏང་དགོས། གསར་དུ་བཙུགས་པའི་བྱིས་སྐྱོང་ཁང་ལ་རྫོང་རིམ་པའི་སློབ་གསོ་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་ཏེ་ཆོག་མཆན་ཐོབ་རྗེས། སྒྲིག་གཞིའི་སྒྲིག་ལུགས་སྡེ་ཁག་གིས་འབྲེལ་ཡོད་གཏན་འབེབས་ལྟར་ཞིབ་བཤེར་མཆན་འགོད་བྱ་དགོས། རྫོང་རིམ་པ་དང་དེའི་ཡན་གྱི་ལས་དོན་སྡེ་ཁག་གི་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་རང་ས་ཁུལ་གྱི་སློབ་གསོ་དང་སྒྲིག་གཞིའི་སྒྲིག་ལུགས་སྡེ་ཁག་ནས་བྱིས་སྐྱོང་ཁང་བཙུགས་པར་ཆོག་མཆན་ཐོབ་པར་མ་ཟད་ཆ་རྐྱེན་དང་འཚམ་པའི་གཞུང་གཉེར་བྱིས་སྐྱོང་ཁང་ལ་ལས་དོན་སྡེ་ཁག་གིས་ཐོ་འགོད་དང་དོ་དམ་བྱ་དགོས། བཙུགས་ཟིན་པ་དང་ལས་དོན་སྡེ་ཁག་ཏུ་ཐོ་འགོད་བྱས་མེད་པར«ལས་དོན་སྡེ་ཁག་གི་ཐོ་འགོད་དོ་དམ་གནས་སྐབས་སུ་བཀོལ་བའི་སྲོལ་ཡིག»དང་དེའི་ལག་བསྟར་ཞིབ་སྲོལ་དང་འཚམ་པའི་གཞུང་གཉེར་བྱིས་སྐྱོང་ཁང་དུས་ལྟར་ཐོ་འགོད་བྱས་ཏེ་ཁྲིམས་མཐུན་ངང་བྱིས་སྐྱོང་ཁང་འཛུགས་པར་ཁག་ཐེག་བྱ་དགོས། དམངས་གཉེར་བྱིས་སྐྱོང་ཁང་ཡང་འབྲེལ་ཡོད་གཏན་འཁེལ་ལྟར་དུས་ཐོག་ཏུ་ཐོ་འགོད་བྱ་དགོས།

ལྔ། ཕྱོགས་བསྡུས་སྒོས་སྲིད་ཇུས་ལག་བསྟར་བྱས་ཏེ། དཔུང་ཁག་འཛུགས་སྐྲུན་ཤུགས་ཇེ་དྲག་ཏུ་གཏང་དགོས།

(བཅུ་གཉིས)ཐབས་ལམ་མང་པོ་བརྒྱུད་ནས་བྱིས་སྐྱོང་དགེ་རྒན་ཁ་གསབ་བྱ་དགོས། ས་ཁུལ་སོ་སོས་བྱེ་བྲག་གི་སྲིད་ཇུས་གཏན་འབེབས་བྱས་ཏེ། མཐོ་རིམ་མཐར་ཕྱིན་སློབ་མ་བྱིས་སྐྱོང་ཁང་དུ་དགེ་རྒན་བྱེད་པར་ཧུར་ཐག་གིས་འདྲེན་བསྡུ་བྱ་དགོས། བྱིས་སྐྱོང་ཁང་གི་དགེ་བཟོ་བའི་སྒྲིག་ལུགས་ལ་གཅིག་འདོམས་ཀྱིས་སྒྲིག་སྦྱོར་བྱེད་པའི་རྐྱེན་སྲོལ་བཙུགས་སྟེ། ཆ་རྐྱེན་ཡོད་པའི་ས་ཁུལ་དུ་ལས་དོན་སྡེ་ཁག་གི་སྤྱིའི་སྒྲིག་ལུགས་ནང་ནས་ལྷག་མ་ཡོད་པའི་སྒྲིག་ལུགས་རིམ་བཞིན་གཞུང་གཉེར་བྱིས་སྐྱོང་ཁང་དུ་ཁ་སྣོན་བྱ་དགོས་ལ། བྱིས་སྐྱོང་ཁང་གི་དགེ་བཟོ་བའི་སྒྲིག་ལུགས་བཙུར་བཟུང་དང་གཞན་སྤྱོད་བྱེད་པ་གཏན་འགོག་བྱ་དགོས། སྲིད་གཞུང་གིས་སྔོན་འགྲོ་སློབ་གསོའི་ཞབས་ཕྱི་ཉོ་བའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཞབས་ཕྱི་ཉོ་བའི་ཁྱབ་ཁོངས་རིམ་བཞིན་ཇེ་ཆེར་གཏོང་བ་དང་། ཞིང་ཆེན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་ཏེ་དགེ་རྒན་གྱི་དཔུང་སྡེའི་སྟོབས་ཤུགས་མི་འདང་བའི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱ་དགོས། ས་གནས་སོ་སོས་སློབ་མའི་ཆ་སྙོམས་ལྟར་ནོར་སྲིད་དངུལ་གཏོང་དང་ཆེད་སྤྱོད་ཁ་གསབ་རོགས་དངུལ་སོགས་ཀྱི་རྣམ་པ་བརྒྱུད་པར་སྐུལ་མ་བཏང་སྟེ། གཞུང་གཉེར་བྱིས་སྐྱོང་ཁང་གི་དགེ་རྒན་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། ས་གནས་སོ་སོས་ད་དུང་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཚབ་སློབ་ཁྲིད་དང་དང་བླངས་པའི་ཞབས་ཕྱི་སོགས་ཀྱི་རྣམ་པ་བརྒྱུད་དེ་སྔོན་འགྲོ་སློབ་གསོའི་དགེ་བཟོ་བ་ཁ་གསབ་བྱས་ཆོག དམངས་གཉེར་བྱིས་སྐྱོང་ཁང་ལ་ཁྲིམས་ལྟར་དགེ་བཟོ་བ་སྒྲིག་སྦྱོར་འདང་ངེས་བྱེད་པར་སྣེ་ཁྲིད་དང་ལྟ་སྐུལ་བྱ་དགོས།

(བཅུ་གསུམ)བྱིས་སྐྱོང་དགེ་རྒན་གྱི་ཐོབ་ཐང་ལམ་ལུགས་ལག་བསྟར་བྱ་དགོས། རྒྱལ་ཁབ་ཀྱི«བྱིས་སྐྱོང་ཁང་གི་དགེ་རྒན་གྱི་ཆེད་ལས་ཚད་གཞི»གཞིར་བཟུང་ནས། བྱིས་སྐྱོང་ཁང་གི་དགེ་རྒན་གྱི་ཐོབ་ཐང་འཛུལ་ཆོག་ལམ་ལུགས་ལག་བསྟར་གཟབ་ནན་བྱ་དགོས། བྱིས་སྐྱོང་ཁང་གི་འགོ་གཙོ་དང་དགེ་རྒན། བུ་རྫི། འཕྲོད་བསྟེན་ལུས་ཁམས་བདེ་སྲུང་མི་སྣས་སོ་སོའི་འབྲེལ་ཡོད་ཐོབ་ཐང་དཔང་ཡིག་ལེན་དགོས། ད་ཡོད་དགེ་རྒན་གྱིས་ཆེད་ལས་གསོ་སྐྱོང་གསོ་སྦྱོང་བརྒྱུད་དེ་ཚད་ལྡན་བསླབ་གནས་དང་དགེ་རྒན་གྱི་ཐོབ་ཐང་ལེན་དགོས། 2020ལོར་བསླེབ་དུས། བྱིས་སྐྱོང་ཁང་གི་དགེ་བཟོ་བ་ཡོངས་ཀྱིས་ལག་འཁྱེར་བཟུང་སྟེ་ལས་གནས་སུ་ཞུགས་པ་མངོན་འགྱུར་བྱས་ཏེ། ཆེད་འགན་འཛིན་པའི་དགེ་རྒན་གྱི་བསླབ་གནས་རྒྱལ་ཁབ་ཀྱི་བླང་བྱ་དང་འཚམ་དགོས་ལ། ལས་ཐོབ(ལས་འགན)བླངས་ཟིན་པའི་དགེ་རྒན་གྱི་སྡུར་ཚད་མངོན་གསལ་སྒོས་མཐོར་འདེགས་གཏང་དགོས།

(བཅུ་བཞི)དགེ་རྒན་གྱི་གསོ་སྐྱོང་དང་གསོ་སྦྱོང་གཙིགས་སུ་འཛིན་དགོས། སྔོན་འགྲོ་སློབ་གསོའི་དགེ་རྒན་གྱི་གསོ་སྐྱོང་མ་ལག་འཐུས་ཚང་དུ་བཙུགས་ནས། སྔོན་འགྲོ་སློབ་གསོའི་དངོས་གཞི་དང་ཆེད་སྦྱོང་སློབ་མ་གསོ་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གླིང་གི་སྔོན་འགྲོ་སློབ་གསོའི་ཆེད་ལས་ལེགས་པོར་བསྒྲུབ་པ་དང་། དམའ་འབྲིང་མཐར་ཕྱིན་པ་ནས་བཟུང་ལོ་ལྔའི་ལམ་ལུགས་ཀྱི་སྔོན་འགྲོ་སློབ་གསོའི་ཆེད་སྦྱོང་བསླབ་གནས་ཀྱི་དགེ་རྒན་གསོ་སྐྱོང་རྣམ་པ་ཧུར་ཐག་སྒོས་འཚོལ་ཞིབ་བྱ་དགོས། དགེ་རྒན་གྱི་ཀུན་སྤྱོད་སློབ་གསོ་དང་ལས་རིགས་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་རྒྱག་པ་དང། ཕྱོགས་བསྡུས་སྤུས་ཚད་དང་ཆེད་ལས་ནུས་པ་དང་ལག་ལེན་ནུས་པ་གསོ་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཏེ། གསོ་སྐྱོང་གི་སྤུས་ཚད་མཐོར་འདེགས་སུ་གཏང་དགོས། བྱིས་སྐྱོང་ཁང་གི་དགེ་རྒན་ཡོངས་གསོ་སྦྱོང་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ། རྣམ་པ་མི་འདྲ་བ་མང་པོར་བརྟེན་ནས་དགེ་རྒན་གསོ་སྦྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང་། གསོ་སྦྱོང་གི་ཁ་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་དྲག་ཏུ་གཏོང་བར་གཙིགས་འཛིན་བྱེད་དགོས་ལ། དགེ་རྒན་གྱི་ཆེད་ལས་ནུས་པ་དང་གསོ་སྐྱོང་སློབ་ཁྲིད་ཀྱི་ཆུ་ཚད་ཤུགས་ཆེན་པོས་མཐོར་འདེགས་སུ་གཏོང་བ་དང་། གཙོ་བོར་གཞི་རིམ་ལ་ཁ་ཕྱོགས་པ་དང་རོང་འབྲོག་ཁུལ་ལ་ཁ་ཕྱོགས་པའི་རྐང་འཛིན་འགོ་གཙོ་དང་དགེ་རྒན་ཁག་ཅིག་གསོ་སྐྱོང་བྱ་དགོས།

(བཅོ་ལྔ) དགེ་རྒན་གྱི་ཐོབ་ཆ་ཧུར་ཐག་སྒོས་ཇེ་མཐོར་གཏང་དགོས། བྱིས་སྐྱོང་ཁང་སྒྲུབ་མཁན་གྱིས་གཞུང་གཉེར་བྱིས་སྐྱོང་ཁང་གི་སྒྲིག་ལུགས་ནང་མེད་པའི་དགེ་རྒན་དང་དམངས་གཉེར་བྱིས་སྐྱོང་ཁང་གི་དགེ་རྒན་ལ་ཁྲིམས་ལྟར་ངལ་རྩོལ་གན་རྒྱ་འཇོག་པ་དང་། དེའི་གླ་ཕོགས་ཐོབ་ཆ་ནི་སྒྲུབ་མཁན་གྱིས་སྤྱི་ཚོགས་ཆ་སྙོམས་ཀྱི་གླ་ཕོགས་ཆུ་ཚད་གཞིར་བཟུང་ནས་ཁྲིམས་ལྟར་འགན་སྲུང་བྱེད་དགོས་པར་མ་ཟད། དངུལ་གྲངས་དང་རྣམ་གྲངས་འདང་ངེས་སྒོས་སྤྱི་ཚོགས་འགན་སྲུང་དང་སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་དགོས་ལ། 2020ལོར་བསླེབ་དུས། གཞི་རྩའི་ཆ་ནས་བྱིས་སྐྱོང་ཁང་གི་དགེ་རྒན་ཡོངས་སྤྱི་ཚོགས་འགན་སྲུང་མ་ལག་ནང་དུ་བསྡུ་བ་མངོན་འགྱུར་བྱ་དགོས། གཞུང་གཉེར་བྱིས་སྐྱོང་ཁང་གི་སྒྲིག་ལུགས་ནང་མེད་པའི་དགེ་རྒན་དང་དམངས་གཉེར་བྱིས་སྐྱོང་ཁང་གི་དགེ་རྒན་གྱི་གླ་ཕོགས་རིམ་བཞིན་ཇེ་མཐོར་གཏོང་དགོས་ལ། ལས་ཀ་འདྲ་ཡང་གླ་ཕོགས་མི་འདྲ་བའི་གནད་དོན་ཐག་གཅོད་བྱ་དགོས། ཞིང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་དང་བྱ་བའི་གསབ་སྣོན་ལམ་ལུགས་དོན་འཁྱོལ་དང་། ལས་གནས་ཀྱི་ལས་ཕྱོད་གླ་ཕོགས་ལམ་ལུགས་ལག་བསྟར་བྱ་དགོས་པ་དང་། བྱིས་སྐྱོང་ཁང་གི་དགེ་རྒན་གྱི་ལས་ཐོབ(ལས་གནས)དཔྱད་ཞིབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང། གཙོ་བོར་རོང་འབྲོག་ཁུལ་གྱི་བྱིས་སྐྱོང་ཁང་གི་དགེ་རྒན་ལ་ཁ་ཕྱོགས་དགོས། གྲོང་རྡལ(རྫོང་མཁར་གནས་ས་མི་འདུ)དང་གྲོང་རྡལ་མན་གྱི་སློབ་གྲྭའི་སློབ་ཁྲིད་བྱེད་བཞིན་པའི་དགེ་རྒན་གྱིས་ཁྱོན་བསྡོམས20དང་ལོ10ཡན་ལ་སློབ་ཁྲིད་བྱས་མྱོང་ཞིང་འདས་པའི་ལོ་འཁོར་སོ་སོའི་དཔྱད་ཞིབ་བྱས་འབྲས་ཚད་ལྡན་ཡན་ཡིན་ན། ད་ཡོད་ལས་ཁུངས་ཀྱིས་འོས་སྦྱོར་བྱས་ཤིང། སློབ་གསོ་གཙོ་འགན་ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་རྗེས། སྤྱི་བསྒྲགས་བྱས་པར་བསམ་འཆར་མི་འཐད་པ་མེད་ཚེ། ཆེད་ལས་ལག་རྩལ་ལས་གནས་ཀྱི་སྒྲིག་གཞིའི་བསྡུར་ཚད་ཀྱི་ཚད་བཀག་མེད་པར་ཐད་ཀར་དུ་མཐོ་རིམ་དང་འབྲིང་རིམ་ཆེད་ལས་ལག་རྩལ་ཐོབ་ཐང་དཔྱད་ཞིབ་ཏུ་ཞུགས་ཆོག

དྲུག ནང་སྙིང་གོང་སྤེལ་དུ་བཏང་ནས། གསོ་སྐྱོང་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏང་དགོས།

(བཅུ་དྲུག)ཚན་རིག་དང་མཐུན་པའི་གསོ་སྐྱོང་དང་སློབ་ཁྲིད་ལག་བསྟར་བྱ་དགོས། བྱིས་པའི་ལུས་སེམས་ཡར་རྒྱས་ཀྱི་ཆོས་ཉིད་བརྩི་སྲུང་དང་ནི་སྒེར་གྱི་བར་ཁྱད་བརྩི་མཐོང་བྱས་ཏེ། རོལ་རྩེད་ནི་གཞི་རྩའི་སློབ་ཁྲིད་བྱ་འགུལ་ཡིན་པ་རྒྱུན་འཁྱོངས་དང་། བྱིས་པའི་ལུས་སེམས་ཕྱོགས་ཡོངས་ནས་བདེ་ཐང་ངང་ཡར་རྒྱས་འགྲོ་བར་ཁག་ཐེག་བྱ་དགོས། བྱིས་སྐྱོང་ཁང་དུ་སློབ་ཆུང་གི་ལོ་རིམ་དམའ་བའི་སློབ་དེབ་བཀོལ་མི་ཆོག་ལ། སྔོན་ནས་སློབ་ཆུང་གི་སློབ་གསོའི་ནང་དོན་འཁྲིད་པ་གཏན་འགོག་བྱས་ཏེ། “སློབ་ཆུང་ཅན”དུ་ཕྱོགས་པར་ཏན་ཏིག་གིས་སྔོན་འགོག་དང་དག་བཅོས་བྱ་དགོས། རྫོང་རེ་སྡེ་ཚན་དུ་བྱས་ཏེ་ཆེད་ལས་དང་ཞོར་གཉེར་གྱི་སློབ་ཁྲིད་ཞིབ་འཇུག་པའི་དཔུང་ཁག་སྒྲིག་འཛུགས་བྱེད་པ་དང། སློབ་ཁྲིད་ཞིབ་འཇུག་དང་མཛུབ་སྟོན་གྱི་རྐྱེན་སྲོལ་འཛུགས་པ་དང་། མངའ་ཁོངས་ཀྱི་སློབ་ཁྲིད་ཞིབ་འཇུག་དང་བྱིས་སྐྱོང་ཁང་གི་སློབ་ཁྲིད་ཞིབ་འཇུག་ལག་བསྟར་བྱ་དགོས། ས་གནས་སོ་སོས་ཞིང་ཆེན་རིམ་པ་དང་གྲོང་ཁྱེར(ཁུལ)རིམ་པའི་དཔེ་སྟོན་བྱིས་སྐྱོང་ཁང་གསར་སྐྲུན་ལ་སྐུལ་མ་བཏང་སྟེ། མུ་མཐུད་དུ་སློབ་གསོའི་ཐོན་ཁུངས་ལེགས་སྒྱུར་བྱེད་པ་ཇེ་ཆེར་གཏང་དགོས། དཔེ་སྟོན་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆ་རྐྱེན་ཞན་པའི་བྱིས་སྐྱོང་ཁང་བར་གྱི་ཁ་གཏད་རོགས་སྐྱོར་བྱ་བར་སྐུལ་འདེད་གཏིང་ཟབ་བྱེད་པ་དང། ཞོར་དང་ཟུར་གྱི་སྐུལ་འཁྲིད་བྱེད་ནུས་འདོན་སྤེལ་བྱས་ནས། རིམ་པ་སོ་སོ་དང་རིགས་སོ་སོའི་བྱིས་སྐྱོང་ཁང་གི་གསོ་སྐྱོང་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏང་དགོས།

(བཅུ་བདུན) མི་རིགས་ས་ཁུལ་གྱི་བྱིས་སྐྱོང་ཁང་གི་གསོ་སྐྱོང་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏང་དགོས། «བྱིས་སྐྱོང་ཁང་གི་བྱ་བའི་སྒྲིག་རིམ»དང«མཚོ་སྔོན་ཞིང་ཆེན་གྱི་བྱིས་སྐྱོང་ཁང་གི་གཞི་རྩའི་སྒྲུབ་གཉེར་ཚད་གཞི»དང་ཚད་རིམ་ཞིབ་དཔྱད་གཏན་འབེབས་བྱེད་ཐབས་བཅས་གཞིར་བཟུང་ནས། མི་རིགས་ས་ཁུལ་གྱི་སྔོན་འགྲོ་སློབ་གསོའི་གོང་སྤེལ་གྱི་ཕྱོགས་གསུམ་པའི་དཔྱད་དཔོག་སྤེལ་བར་འཚོལ་ཞིབ་དང་། བྱིས་སྐྱོང་ཁང་སྒྲུབ་པའི་བྱ་སྤྱོད་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་པ་དང། སློབ་སྔོན་གྱི་གསོ་སྐྱོང་དང་སློབ་ཁྲིད་ཀྱི་བྱ་འགུལ་ཚད་ལྡན་དུ་བཏང་སྟེ། གསོ་སྐྱོང་དང་སློབ་ཁྲིད་ཀྱི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏང་དགོས། མི་རིགས་ས་ཁུལ་ཏུ་རྣམ་པ་མི་འདྲ་བ་མང་པོ་བརྒྱུད་དེ་སྔོན་འགྲོ་སློབ་གསོའི་དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་བྱེད་པར་སྐུལ་མ་གཏོང་དགོས་པ་དང། སྔོན་འགྲོ་སློབ་གསོའི་དགེ་རྒན་དག་ཞིང་ཆེན་ནང་ཁུལ་གྱི་ཤར་རྒྱུད་ས་ཁུལ་དང་ཞིང་ཆེན་ཕྱི་རུ་ཆེད་ལས་གསོ་སྦྱོང་ལ་འགྲོ་བར་རྒྱབ་སྐྱོར་བྱ་དགོས། མི་རིགས་ས་ཁུལ་གྱི་སྔོན་འགྲོ་སློབ་གསོའི་རོགས་སྐྱོར་མཛུབ་སྟོན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང། ཁ་གཏད་རོགས་སྐྱོར་བྱས་ཏེ་མི་རིགས་ས་ཁུལ་གྱི་བྱིས་སྐྱོང་ཁང་ཚད་གཞི་ལོངས་ཤིང་རིམ་པ་འཕར་བར་བྱས་ཏེ། མི་རིགས་ས་ཁུལ་གྱི་སྔོན་འགྲོ་སློབ་གསོ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས།

(བཅོ་བརྒྱད) སློབ་སྔོན་གྱི་དམིགས་བསལ་སློབ་གསོ་འཕེལ་རྒྱས་སུ་གཏང་དགོས། བྱིས་སྐྱོང་ཁང་དཀྱུས་མས་བྱིས་པ་དབང་བོ་སྐྱོན་ཅན་བསྡུ་ལེན་བྱེད་པར་རྒྱབ་སྐྱོར་བྱ་དགོས། དམིགས་བསལ་སློབ་གསོའི་སློབ་གྲྭ་དང་ཆ་རྐྱེན་འཛོམས་པའི་བྱིས་པའི་ཕན་བདེ་ལས་ཁུངས། བྱིས་པ་དབང་བོ་སྐྱོན་ཅན་བདེ་སོས་ལས་ཁུངས་བཅས་སུ་སློབ་སྔོན་ཁག་གམ་ཡང་ན་ཟུར་བཙུགས་བྱིས་སྐྱོང་ཁང(འཛིན་གྲྭ)ཁ་སྣོན་བྱ་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་ཆེད་དུ་བྱིས་པ་དབང་བོ་སྐྱོན་ཅན་བསྡུ་ལེན་བྱེད་པའི་དམིགས་བསལ་བྱིས་སྐྱོང་ཁང་སྒྲིག་འཛུགས་བྱ་དགོས། དམིགས་བསལ་སློབ་གསོའི་ཐོན་ཁུངས་བསྡུ་རུབ་བྱས་ཏེ། ཆ་རྐྱེན་དང་འཚམ་པའི་བྱིས་པ་དབང་བོ་སྐྱོན་ཅན་ལ་བྱེད་ནུས་དཔྱད་དཔོག་དང་སྦྱོང་བརྡར། བདེ་སོས་རོགས་སྐྱོར་ཡོ་ཆས་སོགས་གཞི་རྩའི་བདེ་སོས་ཞབས་ཕྱི་འདོན་སྤྲོད་བྱེད་དགོས་པ་དང་། བྱིས་སྐྱོང་ཁང་གི་དམིགས་བསལ་སློབ་གསོའི་འཛིན་གྲྭའི་བྱིས་པ་དབང་བོ་སྐྱོན་ཅན་ལ་ཉིན་ཕྱེད་ལམ་ལུགས་དང་དུས་ཚོད་ལམ་ལུགས། མ་བུ་མཉམ་སྦྱོང་སོགས་ཀྱི་སྔ་དུས་བདེ་སོས་སློབ་གསོའི་ཞབས་ཕྱི་རྣམ་པ་སྣ་ཚོགས་འདོན་སྤྲོད་བྱེད་པར་འཚོལ་ཞིབ་བྱ་དགོས།

བདུན། འགན་སྲུང་བྱེད་ཐབས།

(བཅུ་དགུ)གཅིག་གྱུར་བཀོད་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ། འགན་འཁྲི་གསལ་བོར་གཏན་འཁེལ་བྱ་དགོས། “ཞིང་ཆེན་དང་གྲོང་ཁྱེར(ཁུལ)རིམ་པ་གཉིས་ཀྱིས་གཅིག་གྱུར་བཀོད་འདོམས་དང་མཐུན་སྦྱོར་སྐུལ་ཁྲིད་བྱེད་ཅིང། རྫོང་རིམ་པ་གཙོ་བྱེད་པའི”སྔོན་འགྲོ་སློབ་གསོའི་དོ་དམ་སྒྲིག་གཞི་ལག་བསྟར་བྱས་ཏེ། རྫོང་རིམ་པའི་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་དང། གྲོང་རྡལ་སྲིད་གཞུང་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་དགོས། སློབ་གསོའི་སྡེ་ཁག་གིས་གཙོ་གཉེར་བྱེད་ཅིང་འབྲེལ་ཡོད་སྡེ་ཁག་གིས་ལས་བགོས་ལྟར་འགན་འཁུར་བའི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ཏེ། རང་འགན་རང་འཁུར་དང་མཉམ་འཛིན་མཉམ་སྐྱོང་གི་སྒོ་ནས་སྔོན་འགྲོ་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་མཉམ་དུ་སྐུལ་འདེད་བྱ་དགོས། སློབ་གསོ་སྡེ་ཁག་གིས་འབྲེལ་ཡོད་སྲིད་ཇུས་ཐབས་བཀོད་སྔར་བས་འཐུས་ཚང་དུ་བཏང་ནས། ལྟ་སྐུལ་དོ་དམ་དང་ཚན་རིག་གིས་མཛུབ་སྟོན་བྱེད་ཤུགས་ཇེ་དྲག་དང་། གསོ་སྐྱོང་དང་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་བཏང་ནས། བདེ་འཇགས་ངང་བྱིས་སྐྱོང་ཁང་སྒྲུབ་པར་ཁག་ཐེག་བྱ་དགོས། སྒྲིག་གཞིའི་སྒྲིག་ལུགས་སྡེ་ཁག་གིས་གཞུང་གཉེར་བྱིས་སྐྱོང་ཁང་གི་སྒྲིག་ལུགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ལས་དོན་སྒྲིག་ལུགས་ཀྱི་སྤྱི་འབོར་ནང་ཚུན་ནས་སྙོམ་སྒྲིག་འོས་འཚམ་བྱ་དགོས། གོང་སྤེལ་བཅོས་སྒྱུར་སྡེ་ཁག་གིས་སྔོན་འགྲོ་སློབ་གསོ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་འཆར་འགོད་ནང་བཞག་སྟེ། བྱིས་སྐྱོང་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས། ནོར་སྲིད་སྡེ་ཁག་གིས་ནོར་སྲིད་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང། ཆེད་སྤྱོད་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། སྲིད་གཞུང་གི་ཞབས་ཕྱི་ཉོ་བའི་ཁྱབ་ཁོངས་ཇེ་ཆེར་གཏང་དགོས། གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་སྡེ་ཁག་གིས་སྔོན་འགྲོ་སློབ་གསོའི་འཛུགས་སྐྲུན་འཆར་འགོད་དེ་ས་གནས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཕྱིའི་ལེ་ལག་སྒྲིག་བཀོད་འཆར་འགོད་ནང་འཇོག་དགོས། རྒྱལ་དབང་ས་ཁོངས་ཐོན་ཁུངས་སྡེ་ཁག་གིས་སྔོན་འགྲོ་སློབ་གསོའི་འཛུགས་སྐྲུན་འཆར་འགོད་ཀྱི་སྤྱོད་ས་དེ་ས་གནས་ས་ཞིང་བཀོལ་སྤྱོད་ཀྱི་སྤྱིའི་འཆར་འགོད་ནང་བཞག་སྟེ། བྱིས་སྐྱོང་ཁང་གི་འཛུགས་སྐྲུན་སྤྱོད་སའི་དམིགས་ཚད་སྔོན་འཇོག་བྱ་དགོས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་བྱིས་སྐྱོང་ཁང་གི་དགེ་བཟོ་བའི་སྤྱི་ཚོགས་འགན་སྲུང་དང་གླ་ཕོགས་ཐོབ་ཆ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱེད་པའི་འགན་འཁུར་དགོས། ཕྱོགས་བསྡུས་བཅོས་སྐྱོང་དང་སྤྱི་བདེ། འཕྲོད་བསྟེན། དམངས་སྲིད། བཟོ་ཚོང་། སྤུས་ཚད་ཞིབ་བཤེར། ཟས་རིགས་དང་སྨན་རྫས། བུད་མེད་ལྷན་ཚོགས། དབང་བོ་སྐྱོན་ཅན་ལྷན་ཚོགས་སོགས་སྡེ་ཁག་གིས་འགན་འཁྲི་ལས་བགོས་གཞིར་བཟུང་ནས་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་དགོས།

(ཉི་ཤུ) མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་སྟེ། རོགས་སྐྱོར་དང་སྣེ་འཁྲིད་བྱ་དགོས། ས་གནས་སོ་སོས་སྔོན་འགྲོ་སློབ་གསོའི་གྲོན་དངུལ་ནོར་སྲིད་སྔོན་རྩིས་ནང་འགོད་པ་དང། ནོར་སྲིད་མ་དངུལ་གཏོང་ཚད་དངོས་གནས་ཇེ་མང་དུ་བཏང་སྟེ། ནོར་སྲིད་རང་བཞིན་གྱི་སྔོན་འགྲོ་སློབ་གསོའི་གྲོན་དངུལ་གྱིས་རིམ་པ་དེ་གའི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་ལས་སྡུར་ཚད་འོས་འཚམ་ཟིན་ཐུབ་པ་བྱ་དགོས། སྔོན་འགྲོ་སློབ་གསོར་གྲོན་དངུལ་གཏོང་ཚད་བརྟན་འཇགས་ངང་འཕར་སྣོན་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། ས་གནས་སོ་སོས་དོན་དངོས་གནས་ཚུལ་ལྟར་ཞིབ་འཇུག་བྱས་ནས་རང་ས་ཁུལ་གྱི་གཞུང་གཉེར་བྱིས་སྐྱོང་ཁང་གི་སློབ་མའི་ཆ་སྙོམས་ཀྱི་གྲོན་དངུལ་ཚད་གཞི་དང་སློབ་མའི་ཆ་སྙོམས་ཀྱི་ནོར་སྲིད་དངུལ་གཏོང་ཚད་གཞི་གཏན་འབེབས་བྱ་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱེད་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་གཏོང་ཚད་ཇེ་ཆེ་མང་དུ་བཏང་སྟེ། ཚད་ཆེས་མཐོན་པོའི་སྒོ་ནས་ཞིང་སྡེ་དང་དབུལ་ཕོངས་དང་མི་རིགས་ས་ཆ་སོགས་ཆ་རྐྱེན་ཞན་པའི་ས་ཁུལ་དུ་གསེག་གཞོལ་བྱ་དགོས། གྲོང་ཁྱེར(ཁུལ)དང་རྫོང་གཙོ་བོར་འཛིན་པ་དང་ཞིང་ཆེན་རིམ་པས་ཁ་གསབ་རོགས་སྐྱོར་འོས་འཚམ་བྱེད་པའི་རྩ་དོན་གཞིར་བཟུང་ནས། ཞིང་ཆེན་ཡོངས་ཀྱི་སྔོན་འགྲོ་སློབ་གསོའི་ཁ་གསབ་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏང་དགོས། བྱ་དགའི་ཁ་གསབ་རྐྱེན་སྲོལ་འཛུགས་པ་དང་། སྔོན་འགྲོ་སློབ་གསོ་གོང་སྤེལ་གཏོང་བའི་སྔོན་ཐོན་རྫོང་གསར་སྐྲུན་བྱེད་པའི་བྱ་འགུལ་སྤེལ་ནས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སྔོན་འགྲོ་སློབ་གསོ་གོང་སྤེལ་དུ་གཏོང་བའི་ཧུར་བརྩོན་བྱེད་སེམས་མཐོར་འདེགས་སུ་གཏང་དགོས།

(ཉེར་གཅིག) དཔྱད་དཔོག་དང་སྐུལ་ཁྲིད་བྱས་ཏེ། འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། བྱིས་སྐྱོང་ཁང་གི་ཆོག་འཐུས་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཆོག་མཆན་ཐོབ་མེད་པར་སྡེ་ཚན་དང་མི་སྒེར་གང་གིས་ཀྱང་བྱིས་སྐྱོང་ཁང་གཉེར་མི་ཆོག་ལ། འཛིན་ཡིག་མེད་པའི་བྱིས་སྐྱོང་ཁང་མེད་པར་གཏང་དགོས། ལྟེ་བའི་བྱིས་སྐྱོང་ཁང་ལ་གཞི་བཅོལ་བའི་ལས་སྒོའི་དོ་དམ་མ་དཔེ་འཚོལ་ཞིབ་བྱེད་པ་དང། མཐའ་འཁོབ་ཀྱི་བྱིས་སྐྱོང་ཁང་དང་སློབ་སྐྱོར་བྱེད་གནས་ཀྱི་གསོ་སྐྱོང་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བར་མཛུབ་སྟོན་དང་རོགས་སྐྱོར་བྱ་དགོས། སྡེ་ཁུལ་དང་ཁྱིམ་བདག་ཐེ་ཞུགས་བྱེད་པའི་བྱིས་སྐྱོང་ཁང་གི་དོ་དམ་དང་ལྟ་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། དམངས་གཙོའི་དོ་དམ་དང་ནུས་ལྡན་གྱི་ལྟ་སྐུལ་ཡོད་པ་མངོན་འགྱུར་བྱ་དགོས། སྔོན་འགྲོ་སློབ་གསོའི་དོ་དམ་སྟོབས་ཤུགས་སྔར་བས་ཕུན་སུམ་ཚོགས་པར་བཏང་སྟེ། བྱིས་སྐྱོང་ཁང་གཉེར་བའི་བབ་ཐོབ་དང་དགེ་རྒན་གྱི་ཀུན་སྤྱོད། དགེ་རྒན་གྱི་ཐོབ་ཐང་། སྒྲུབ་གཉེར་བྱ་སྤྱོད། ནོར་སྲིད་དོ་དམ། སློབ་རའི་བདེ་འཇགས་སོགས་ཐད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱག་དགོས། གཞུང་གཉེར་བྱིས་སྐྱོང་ཁང་གི་ལོ་འཁོར་དཔྱད་ཞིབ་ལམ་ལུགས་དང་དམངས་གཉེར་བྱིས་སྐྱོང་ཁང་གི་ལོ་བཤེར་ལམ་ལུགས་ལག་བསྟར་བྱས་ཏེ། དཔྱད་ཞིབ་དང་ཞིབ་བཤེར་བྱས་འབྲས་དུས་ཐོག་ཏུ་སྤྱི་ཚོགས་ལ་བསྒྲགས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས། རིམ་པ་སོ་སོའི་སྲིད་གཞུང་གི་སློབ་གསོ་སྐུལ་ཁྲིད་སྡེ་ཁག་གིས་སྔོན་འགྲོ་སློབ་གསོའི་བྱ་གཞག་གོང་སྤེལ་དང་། གྲོན་དངུལ་གཏོང་འཇོག ཚད་གཞི་ཅན་གྱི་སྒོ་ནས་བྱིས་སྐྱོང་ཁང་སྒྲུབ་གཉེར། དགེ་རྒན་སྒྲིག་སྦྱོར། དགེ་རྒན་གྱི་ཐོབ་ཆ་སོགས་ཀྱི་ཐད་ལ་སྐུལ་ཁྲིད་ཞིབ་བཤེར་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས།

(ཉེར་གཉིས) དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་ནས། ཁོར་ཡུག་གི་སྣང་ཚུལ་ལེགས་པོ་བསྐྲུན་དགོས། དྲ་རྒྱ་དང་བརྙན་འཕྲིན། ཚགས་པར་དུས་དེབ་སོགས་སྨྱན་བྱེད་བཀོལ་སྤྱོད་གང་ལེགས་བྱེད་པ་དང། རྣམ་པ་མི་འདྲ་བ་མང་པོ་བརྒྱུད་ནས་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་སྟེ་སྔོན་འགྲོ་སློབ་གསོའི་འབྲེལ་ཡོད་སྲིད་ཇུས་ཁྲིམས་སྲོལ་དང་། སྔོན་འགྲོ་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་དོན་སྙིང་གལ་ཆེན། ཕུལ་བྱུང་དཔེ་སྟོན་གྱི་བྱིས་སྐྱོང་ཁང་སྒྲུབ་གཉེར་ཉམས་མྱོང་དང་སྔོན་འགྲོ་སློབ་གསོའི་ཆོས་ཉིད། ཚན་རིག་དང་མཐུན་པའི་བྱིས་སྐྱོང་ཤེས་བྱ་སོགས་རྒྱ་ཆེར་དྲིལ་སྒྲོག་བྱས་ནས། སྤྱི་ཚོགས་དང་ཁྱིམ་བདག་གི་སྔོན་འགྲོ་སློབ་གསོར་གོ་རྟོགས་ལོན་ཚད་ཇེ་མཐོ་རུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་སྔོན་འགྲོ་སློབ་གསོའི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་གི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་དགོས།

  བསམ་འཆར་འདི2018ལོའི་ཟླ1པོའི་ཚེས30ཉིན་ནས་ལག་བསྟར་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་ནས། 

2017ལོའི་ཟླ12པའི་ཚེས31ཉིན།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།