ཕུགས་བསམ་གྱི་མེ་ཏོག་ཕ་ཡུལ་དུ་བཞད།
2018.05.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 67

ཟླ་བཞི་བ་ཚེས་ཡོད་ནའང་། ཡུས་ཧྲུའུ་རྩྭ་ཐང་དུ་དཔྱིད་ཀའི་རྣམ་པ་དེ་སྔར་བཞིན་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད།

ཐོག་དང་པོར་ཚེ་རིང་ཆོས་མཚོ་དང་འཕྲད་སྐབས། ནག་སྣུམ་གྱི་སྐྲ་ལོ་ཐུང་བ་དེ་ཐུར་དུ་དཔྱངས་ཤིང་། སྨད་ལ་དེང་རབས་ཀྱི་རྐང་སྣམ་དང་སྟོད་ལ་ལུས་རྩལ་པའི་ལྭ་བ་གྱོན་ཡོད་ལ། ཁྲ་རིག་རིག་གི་མིག་ཟུང་གཉིས་ནི་ཡུས་ཧྲུའུ་ཡི་ཉི་འོད་ཇི་བཞིན་བཀྲག་མདངས་རྣམ་པར་བཀྲ་འདུག  མིག་མདུན་གྱི་བོད་རིགས་བུ་མོ་དེ་ཕྱོགས་གང་ནས་བལྟས་ཀྱང་བོད་ཁམས་སུ་ས་ཁྱབ་རྡོ་ཁྱབ་དུ་གྱུར་པའི་མིང་གྲགས་ཐོན་རྫས་སྟེ། “རེ་བ”བོད་ཇའི་སྦྱིན་བདག་ཅིག་ཡིན་པ་སུས་ཀྱང་བློ་ཡིད་ལ་ཤར་མ་མྱོང་བ་ཞིག་རེད།

“རེ་བའི་”བོད་ཇ་དེ་གླེང་ཚེ་ས་གནས་མང་ཚོགས་ཀྱིས་མགྲིན་གཅིག་དུ་བྲོ་ཞིམ་འོ་ཇ་ཞེས་ཟེར།

ཚེ་རིང་ཆོས་མཚོའི་ཁྱིམ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་སྡེ་གསར་རྒྱ་ནག་མ་ཎི་ཡི་འགྲམ་དུ་ཡོད། ཐག་ཉེ་རིང་གི་གནས་མཇལ་བ་དང་ལྟ་སྐོར་བ་རྣམས་ཀྱིས་རྒྱ་ནག་མ་ཎི་ལ་སྐོར་བ་བརྒྱབ་ཚར་རྗེས་ཚང་མ་ཚེ་རིང་ཆོས་མཚོས་གཉེར་བའི་ཇ་ཁང་དུ་ཡོང་ནས་ངལ་གསོས་ནས་ཇ་འཐུང་བར་ཧ་ཅང་དགའ། ཡིན་ཡང་འོ་མ་གསར་བས་ཇ་སྐོལ་བར་ལས་ཚགས་ཧ་ཅང་ཆེ་སྟེ། དགུན་ཁར་ཇ་ཁང་ནང་དུ་ལས་བཟོ་བ་མི་འདང་བ་དང་དབྱར་དུས་འོ་མ་གསོག་འཇོག་བྱེད་དཀའ་བའི་གནད་དོན་མང་པོ་ཡོད།

ངས་ཀྱང་མཚམས་རེར་འོ་ཕྱེའི་སྐོལ་བའི་ཇ་འཐུང་བ་དང་། བོད་ཁམས་ཀྱི་མི་མང་པོ་ཞིག་ལ་འོ་ཇ་འཐུང་བའི་གོམས་སྲོལ་ཆགས་འདུག གལ་ཏེ་འོ་ཕྱེའི་རྣམ་པ་ཅན་གྱི་འོ་ཇ་ཞིག་བཟོ་ཐུབ་ཚེ་ཡར་མར་ལ་འཁྱེར་བར་སྟབས་བདེ་ཡིན་པར་མ་ཟད། བོད་མི་རིགས་ཀྱི་བཟའ་བཏུང་གི་གོམས་སྲོལ་ལའང་མཐུན། མ་འོངས་པར་ཇ་ཕྱེ་ཇེ་ལེགས་སུ་བཏང་ནས་བོད་མི་རིགས་ཀྱི་ཆེས་དགའ་བསུ་ཐོབ་པའི་མངར་ཇ་དང་ཡང་ན་རྩམ་དྲི་ཅན་གྱི་ཇ་ཞིག་ཏུ་བསྒྱུར་ཚེ།དེ་ལ་ཚང་མའི་དགའ་བསུ་ཆེན་པོ་ཐོབ་ངེས་ཡིན། རང་ཉིད་ཀྱིས་བོད་ཇའི་ཐོག་མའི་སེམས་འདུན་བརྗོད་ཚེ། ཚེ་རིང་ཆོས་མཚོའི་དྲིས་ལན་དང་མོའི་འཚོ་བ་རོལ་སའི་ས་གཞི་དེ་དང་འབྲེལ་བ་དམ་པོར་ཡོད།

“རེ་བ”ཞེས་པ་དེ་རྒྱ་ཡིག་གི་ནང་དོན་ཡང་རེ་བའི་དོན་ཡིན་ལ། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བ་བཅུ་གཅིག་པའི་ནང་དུ། ཚེ་རིང་ཆོས་མཚོའི་རེ་བའི་བོད་ཇ་དེ་དངོས་སུ་ཚོང་ར་དུ་འགྲེམ་འགོ་བརྩམས་སོང་བ་རེད།

མི་གཅིག་གི་ནུས་ཤུགས་ལ་ཚད་ཡོད་པས། དང་ཐོག་ཚོང་གི་ཕྱོགས་ལ་ཉམ་མྱོང་སྤུ་ཙམ་ཡང་མེད་པས་ང་རང་གིས་རང་གི་ཕུ་བོ་ཆེ་བ་ལྷ་ལུང་དང་མཉམ་འབྲེལ་བྱས་པ་ཡིན་ཟེར། ཚེ་རིང་ཆོས་མཚོས་བཤད་པའི་ཕུ་བོ་ཆེ་བ་དེ་ནི་བོད་ཁུལ་དུ་མིང་དུ་གྲགས་པའི་རེ་བའི་བོད་ལྭའི་མིང་གྲགས་ཐོན་རྫས་ཀུང་ཟིའི་འགོ་གཙོ་འཇམ་དབྱངས་པ་སངས་ལགས་རེད།ཁོང་གི་ཐོག་དང་པོར་སྲོལ་བཏོད་པའི་དེང་རབས་ཅན་གྱི་བོད་ལྭ་ཐོན་རྫས་གྲགས་ཅན་“རེ་བ”ནི། མངོན་གསལ་དོད་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་དེང་རབས་ཀྱི་ཁྱབ་རྒྱ་ཆེ་བའི་གོན་པའི་གཞི་རྒྱུ་གཅིག་ཏུ་བསྡུས་ཡོད་པས། བོད་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་མཆིས།

ཚེ་རིང་ཆོས་མཚོས་རང་ཉིད་ལ་བོད་ལུགས་ཀྱི་འོ་ཇ་ཐོན་སྐྱེད་བྱེད་པའི་བསམ་ཚུལ་ཡོད་པ་དེ་ཕུ་བོ་ཆེ་བར་བཤད་རྗེས། ཕུ་བོ་ཡང་འཐད་པ་བྱུང་ནས་མིང་སྲིང་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་རྒྱུའི་ཐག་བཅད། “རེ་བ་”རྟགས་ཅན་གྱི་བོད་ལྭར་བོད་ཁུལ་གྱི་ས་གནས་སོ་སོར་ན་ཡན་ལག་ཚོང་ཁང་སོ་བཞི་ལྷག་བཙུགས་ནས་ཕྱིར་འཚོང་བྱེད་སའི་རྟེན་གཞི་ཡོད་པར་མ་ཟད།ཕྱིར་འཚོང་བྱེད་སའི་ཚབ་གཉེར་ཚོང་པ་དང་སྡེབ་ཚོང་ཚོང་ར་མང་པོར་མཉམ་འབྲེལ་བྱས་ཡོད་པས། ཐོན་རྫས་ལེགས་པོ་ཡིན་ཚེ། རེ་བའི་བོད་ཇ་ལའང་ཚོང་ལམ་ཡོད་མེད་སེམས་ཁུར་གཏན་ནས་བྱེད་མི་དགོས།
གནའ་མིའི་ཁ་དཔེ་ལའང་། “མི་མང་པོའི་མེ་སྒྲོན་ན་ད་གཟོད་མེ་ལྕེ་མཐོ་རུ་འབར་ཐུབ་ཟེར་བའི་དཔེ་ལྟར།” མི་གཅིག་གི་སྒྲུབ་པ་ལས་མི་མང་པོའི་མཉམ་དུ་སྒྲུབ་ན་སྟོབས་ཤུགས་སྔར་ལས་ཆེ་བ་དང་། མཉམ་དུ་སྒྲུབ་ན་ད་གཟོད་མིང་གྲགས་ཅན་གྱི་བོད་ཇའི་ཐོན་རྫས་འདི་ཉིད་སྔར་ལས་ལྷག་པར་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཐུབ་ངེས་རེད། ཡིན་ནའང་ལས་ཀ་འདི་སྒྲུབ་ན་སེམས་སུ་དྲན་པ་ནང་བཞིན་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། དཀའ་ཁག་དང་གྱོང་རེག་པ་ནི་ཕལ་ཆེར་ངེས་པར་དུ་བརྒྱུད་དགོས་པའི་མྱོང་ཚོར་ཞིག་ཡིན་འདུག་པ་རེད།

དང་ཐོག་འགོ་རྩོམ་དུས་དྲ་ཐོག་ནས་རྒྱུ་ཆ་འདེམས་སྒྲིགས་བྱས་དང་། དེ་ནས་འགྲེམ་ཚོང་བར་འབྲེལ་གཏུག་བྱས་རྗེས་གཞི་ནས་འགོ་བརྩམས་པ་ཡིན། འོན་ཀྱང་རྒྱུ་ཆ་སྐུར་ཡོང་དུས་ད་གཟོད་ང་ཚོར་མཁོ་བ་དང་གཅིག་མཚུངས་མིན་པ་གཞི་ནས་ཤེས། དུས་ཚོད་ཡུད་ཙམ་ཞིག་ལ་ང་རང་ཅི་བྱ་གཏོལ་མེད་དུ་གྱུར། གཡས་ནས་ཚོང་བས་ཚོང་ཟོག་དགོས་ཞེས་ཁ་པར་གཏོང་བ་དང་། གཡོན་ནས་རང་ཉིད་ཀྱི་ཉམས་མྱོང་གི་མི་འདང་བའི་རྐྱེན་གྱིས་ལས་ཀ་མཚམས་འཇོག་དགོས་བྱུང་། གྱོང་རེག་པ་ནི་བཤད་མ་དགོས་པ་ཞིག་རེད། དོན་དག་དེའི་སླད་དུ་ཚེ་རིང་ཆོས་མཚོ་བྲེལ་བ་ལངས་ནས་ཁ་རོག་གེར་ཐེངས་འགར་ངུ་ཡང་མྱོང་།

ལས་སྐྲུན་གྱི་ཐོག་མའི་དུས་རིམ་གྱི་ཉིན་དེ་ཚོར་ཚེ་རིང་ཆོས་མཚོ་ཕལ་ཆེར་ཉིན་རྒྱུན་དུ་བཟོ་གྲྭའི་ནང་དུ་བསྡད་ཡོད་ལ། ནམ་ལངས་མ་ཐག་ཏུ་ལས་ཀ་སྒྲུབ་འགོ་རྩོམ་བཞིན་ཡོད་པ་དང་། འཛད་སྤྱོད་པས་སེམས་བདེ་བའི་ངང་འོ་ཇ་ཞིམ་པོ་འཐུང་ཆེད། ཁོ་མོ་དངོས་སུ་རོང་འབྲོག་ས་ཁུལ་དུ་སོང་ཏེ་ནས་ཉོས་རྗེས་མི་བཙལ་སྟེ་ནས་བརྔོས་ནས་རྩམ་པ་འཐགས་པ་ཡིན།

ཁྱིམ་མི་ཚོས་ངའི་ལས་ཀ་འདི་དག་ལ་རྒྱབ་སྐྱོར་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། ཨ་ཕས་ངའི་དཀའ་སྡུག་མཐོང་རྗེས། དུས་རྒྱུན་དུ་ཡོང་ནས་ང་ལ་ལས་ཀའི་ཐད་ནས་རོགས་རམ་འདེགས་བྱེད་པ་ཡིན། འོ་ཇའི་འོ་ཕྱེ་ཐོན་སྐྱེད་ནས་ཕྱི་ཐུམ་རྒྱག་པའི་བར་དང་། དེའི་རྗེས་ཐོན་རྫས་སུ་བཏང་ནས་ཚོང་རའི་འཚོང་ཡུལ་བར་བཅས་བརྒྱུད་རིམ་འདི་ཚང་མར་ཡང་ཁོ་ཞུགས་པ་ཡིན། དེ་ལས་གཞན་ལེགས་འགྲུབ་བྱུང་བའི་ཚོང་བ་དག་གི་ཉམས་མྱོང་ང་ལ་འདོན་སྤྲོད་བྱས།

“མི་ལ་བརྩོན་འགྲུས་ལྡན་གྱུར་ན། འཇིག་རྟེན་འདི་ན་དཀའ་བ་མེད། ”ཅེས་པའི་དཔེ་ལྟར་རེ་བའི་བོད་ཇ་ཐོག་དང་པོར་ཚོང་རར་ཞུགས་དུས། ཉོ་མཁན་མང་སྟབས་འཛད་སྤྱོད་པའི་དགོས་མཁོ་སྐོང་མ་ཐུབ། ན་ནིང་ནས་ད་ལྟའི་བར་དུ་ཕལ་ཆེར་ཇ་ཕོར་ཁྲི་བརྒྱ་ལྷག་ཕྱིར་འཚོང་བྱེད་ཐུབ་པ་བྱུང་། ད་ལྟ་མཚོ་སྔོན་གྱི་ཁུལ་དྲུག་དང་། སི་ཁྲོན། ལྷ་ས། ཀན་སུའུ་བཅས་སུ་རེ་བའི་བོད་ཇ་མངག་ཉོ་བྱེད་ཐུབ་པར་མ་ཟད། རྒྱལ་ས་པེ་ཅིན་དུའང་ཕྱིར་འཚོང་བྱེད་བཞིན་ཡོད།

གསར་གཏོད་ཀྱི་ལམ་བུར་བར་ཆད་མང་པོ་བརྒྱུད་ནས་ནར་སོན་པ་ཡིན་པས། ད་ལྟ་ཚེ་རིང་ཆོས་མཚོ་ནི་དོན་ཅི་ཞིག་སྒྲུབ་ནའང་སྔར་ལས་ཀྱང་བྱང་ཆུབ་པ་དང་གཟབ་ནན་ཅན་ཞིག་ཏུ་གྱུར་འདུག ཉིས་སྟོང་བཅོ་བརྒྱད་ལོར། ཚེ་རིང་ཆོས་མཚོའི་བསམ་ཚུལ་ནི་རེ་བའི་བོད་ཇ་འདི་ཉིད་བོད་ཁུལ་ཡོངས་ལ་ཁྱབ་པར་བྱེད་རྒྱུ་དེ་རེད།རང་ཉིད་ཀྱི་ལས་དོན་གླེང་ན། ཚེ་རིང་ཆོས་མཚོའི་ནམ་ཡང་དུས་རབས་ཀྱི་ཤར་རླུང་གཡུག་སོང་བར་བསམ་བཞིན་མཆིས། ང་ཚོར་གཅིག་མཐུན་ཡིན་ས་ནི་སློབ་གསོ་ལེགས་པོ་ཞིག་དང་ལེན་བྱེད་ཐུབ་སོང་བ་དང་། རང་རྐྱ་ཐུབ་པའི་བསམ་བློའི་ནུས་པ་གསོ་སྐྱོང་བྱས་པ་དེ་རེད། དུས་རབས་གསར་བའི་ང་ཚོ་ན་གཞོན་རྣམས་ལ་བོད་མི་རིགས་ཀྱི་རིག་གནས་འདི་ཉིད་རྒྱུད་འཛིན་དང་གསར་གཏོད་བྱེད་པའི་གོ་སྐབས་ཤིག་བསྩལ་བ་རེད་ཟེར། མཐའ་འཁོར་གྱི་མི་རྣམས་ཀྱིས་གསར་གཏོད་ཀྱི་བརྒྱུད་རིམ་དང་མྱོང་ཚོར་ལ་ཕྱིར་འདང་ཞིག་རྒྱབ་ན་དངོས་ནས་སེམས་འགུལ་ཟབ་མོ་ཐེབས་པ་ཞིག་རེད།

རེ་བའི་བོད་ཇའི་ཐོན་རྫས་གྲགས་ཅན་འདི་ཉིད་ལེགས་འགྲུབ་བྱུང་བ་དང་བསྟུན་ནས། ཁོ་མོས་ཀྱང་སྤྱི་ཚོགས་ལ་དྲིན་ལན་འཇལ་བར་བསམ་ནས་ན་གཞོན་རྣམས་ལ་རོགས་སྐྱོར་བྱེས་རྒྱུའི་སེམས་ཐག་བཅད་པ་དང་། དེ་ནི་“རེ་བའི”ན་གཞོན་ལས་སྐྲུན་མཁན་དག་གིས་ཐུན་མོང་གི་བསམ་བློ་རེད།

ན་ནིང་ནས་འགོ་བརྩམས་ཏེ། “རེ་བ་”ལོ་རེར་མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གྲྭ་ཁ་ཤས་ཤིག་ལ་དངོས་རྫས་ཞལ་འདེབས་སུ་འབུལ་བཞིན་ཡོད་པར་མ་ཟད། དགེ་སྒྲུབ་ཀྱི་འཁྲབ་སྟོན་འགའ་རེ་རྩ་འཛུགས་བྱས་ནས་ཧ་ཅང་དབུལ་བོའི་སློབ་མ་རྣམས་ལ་ཞལ་འདེབས་ཕུལ། གྲང་ངར་ཆེ་བའི་དགུན་ཁར་ཁོར་ཡུག་སྲུང་སྐྱོབས་ཀྱི་ལས་བཟོ་བར་ཚ་ལམ་ལམ་གྱི་འོ་ཇ་རེ་གནང་སྦྱིན་བྱས།

བོད་ཁུལ་གྱི་ན་གཞོན་སྔར་ལས་མང་བ་ཞིག་རྩྭ་ཐང་འདི་ལས་བརྒལ་ནས་ཕྱི་རོལ་གྱི་འཇིག་རྟེན་ལ་བལྟ་ཐུབ་པར་རེ་བ་ཡོད་ལ། རིག་གནས་དང་མཐོང་རྒྱ་ནམ་ཡིན་ཡང་ན་གཞོན་གསར་གཏོད་མཁན་ལེགས་འགྲུབ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པས། རྗེས་སུ་རང་གི་ཕ་ས་ཕ་ཡུལ་དུ་ཡོང་ནས་རང་ཉིད་ཀྱི་ཕུགས་བསམ་ལ་མེ་ཏོག་བཞད་དུ་འཇུག་དགོས་ལ། ནམ་ཡང་སྐལ་བཟང་མེ་ཏོག་བཞིན་དུ་བཀྲག་མདངས་རྣམ་པར་བཀྲ་བ་ཞིག་ཡིན་དགོས་ཞེས་ཚེ་རིང་ཆོས་མཚོས་སྐད་ཆ་འདི་བཤད་དུས་ཡང་བསྐྱར་གདོང་ལ་འཛུམ་གྱིས་ཁེངས་སོང་། 

ཡིག་བསྒྱུར་བ།  སྐར་མ་འཚོ།