ཧུའུ་ཀྲུའུ་རྫོང་གི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལ་ཞབས་འདེགས་ཞུ་བའི་རྣམ་འགྱུར་སྔར་ལས་བཟང་བ།
2018.08.20 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 64

“ཁྱེད་བདེ་མོ། ཁྱེད་ཀྱིས་དོན་དག་ཅི་ཞིག་བསྒྲུབ་དགོས་པ་ཡིན་ནམ།”“འོ། ང་རང་རྩ་འཛུགས་འབྲེལ་བ་ཞིག་སྤོ་བསྒྱུར་བྱེད་དུ་ཡོང་བ་ཡིན།” “འོ་ན་བཟང་གི། ཁྱོད་འདི་ནས་བཞུགས་དང་། ང་ཚོས་ད་ལྟ་མྱུར་དུ་བསྒྲུབ་པར་བྱའོ། །”ཞབས་ཞུ་རྣམ་འགྱུར་བཟང་པོ་དེས་འགྲོ་ལུགས་སྒྲུབ་མཁན་གྱི་ཏང་ཡོན་ལ་རང་དབང་མེད་པར་སེམས་འགུལ་ཆེན་པོ་ཞིག་ཐེབས་སུ་བཅུག་བྱུང་། ངོ་སྤྲོད་ཡི་གེ་འདི་ནི། ཏང་ཡོན་གྱིས་རང་གི་རྩ་འཛུགས་འབྲེལ་བ་ཞིག་སྤོ་བསྒྱུར་བྱེད་པའི་དངོས་དཔང་འཛིན་ཡིག་ཡིན་པར་མ་ཟད། ད་དུང་དེ་ལས་ལྷག་པར་ཏང་ཡོན་ལ་སློབ་གསོ་དོ་དམ་སྔར་ལས་ཤུགས་དྲག་བྱེད་པའི་ཐབས་ལམ་གོ་ཆོད་ནུས་ལྡན་ཞིག་ཀྱང་ཡིན་པ་རེད། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཏང་རྩ་འཛུགས་ཀྱིས་ཞབས་འདེགས་ཞུ་བའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཆ་འཕྲིན་གྱི་མ་ལག་འཐུས་སྒོ་ཚང་བར་བྱེད་པ། སྤོ་བསྒྱུར་གྱི་གོ་རིམ་ཚད་ལྡན་ལེགས་སྒྱུར་བྱེད་པ་སོགས་ཀྱི་བྱེད་སྟངས་གང་བཟང་བརྒྱུད་ནས། ཕྱི་ཕྱོགས་ལ་ཁ་གཏད་པའི་སྒེའུ་ཁུང་ཞབས་ཞུ་འདི་ཉིད་ལ། སྔར་ལས་ཀྱང་རྒྱ་ཆེའི་ཏང་ཡོན་ལ་ཞབས་འདེགས་ཞུ་བའི་རྣམ་འགྱུར་བཟང་པོ་ཡོད་པ་མཚོན་ཞིང་། བསམ་པ་དཀར་པོས་ཀུན་ལ་ཕན་འདོགས་པའི་ཞབས་འདེགས་ཞུ་བའི་ལྷག་བསམ་འོ་མའི“དྲོད་ཚད”ངེས་ཅན་ལྡན་དུ་བཅུག་ཡོད།

གདོང་གི་འཛུམ་མདངས་ཤིག་དང་ངག་གི་འཚམས་འདྲི་ཞིག ཇ་ཕོར་བ་གང་བཅས་སྤྲོ་སེམས་འཁོལ་བས་ཚུར་ཡོང་མགྲོན་པོ་དག་ལ་འབུལ་བ་ནི། ཧུའུ་ཀྲུའུ་རྫོང་གི་ཏང་རྩ་འཛུགས་བྱ་བ་སྒྲུབ་མཁན་གྱི་ལས་བྱེད་པ་ཚོའི་ཞབས་འདེགས་ཞུ་བའི་རྒྱུན་ལོབས་གོམས་སྲོལ་ཞིག་ཏུ་ཆགས་ཡོད། ལོ་འཁོར་མོ་རེ་རེའི་གཞི་རིམ་ཏང་དོན་བྱ་བ་སྒྲུབ་མཁན་ལ་ཆེད་དམིགས་ཀྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་བརྒྱུད་ནས། གསར་དུ་འཕར་སྣོན་བྱས་པའི་ཏང་ཡོན་མི་སྣ་ལ་སྤོ་བསྒྱུར་གྱི་གོ་རིམ་དང་བཀོལ་སྤྱོད་ཀྱི་སྒྲིག་སྲོལ་ཆ་ཚང་ལེགས་པར་ངེས་སུ་འཇུག་པ་དང་འགྲོ་ལུགས་སྒྲུབ་ཚུལ་ཆ་རྒྱུས་ཡོད་དུ་བཅུག་ནས། ཁོ་ཚོའི་འགན་འཁྲིའི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་བ་རེད། ནང་དུ་འཇུག་པའི་ཐབས་ལམ་ཞིབ་ཚགས་ནན་ཏན་བྱས་ནས། འབྲེལ་བ་སྤོ་བསྒྱུར་གྱི་རྒྱུ་མཚན་ཞིབ་མོ་འདྲི་བ་དང་། ཡིག་ཚགས་ཀྱི་རྒྱུ་ཆ་དེ་དག་རྒྱུན་སྲོལ་དང་མི་འདྲ་བ་ཡིན་མིན་ལ་ཞིབ་ལྟ་བྱེད་པ་དང་། ངོ་སྤྲོད་ཡི་གེའི་ནང་དོན་དང་མ་ལག་ནང་གི་ཆ་འཕྲིན་ནི་ཕན་ཚུན་གཅིག་གྱུར་ཡིན་མིན་ལ་ཞིབ་བཤེར་ནན་མོ་བྱས་ཏེ། རྫོང་ཐོག་ལ་ཡོང་བའི་མགོ་ཁུངས་འདི་ནས་ཏང་ཡོན་གྱི་ཆ་འཕྲིན་མཐའ་དག་འཆུག་པ་ནོར་བ་མེད་པ་ཞིག་ཡོང་བར་ཁག་ཐེག་བྱེད་པ་ཡིན་ལ། གློ་བུར་ཏང་ཡོན་སྐྱེད་སྲིང་འཕེལ་རྒྱས་གཏོང་བའི་གནས་ཚུལ་དང་ཡིག་ཚགས་རྫུན་མ་བཟོ་བའི་གནས་ཚུལ་ཅི་རིགས་ཡོད་ན་བློ་ཐག་རྦད་ཆོད་ཀྱིས་གཏན་འགོག་བྱེད་པ་ཡིན། ཕྱི་རུ་འགྲོ་བའི་ཐེམ་སྒོ་གཅུས་གཟེར་དམ་པོར་བསྡམས་ནས། ཐོག་མའི་དུས་ཚོད་དང་པོའི་ནང་དུ་སྤོ་བསྒྱུར་བྱེད་སའི་ཏང་ཨུ་ལ་འབྲེལ་འཛུགས་རྒྱུས་ལོན་གང་ལེགས་བྱས་ཏེ། ཏང་དངུལ་ཅི་ཙམ་སྤྲད་པའི་གནས་ཚུལ་ལ་ཞིབ་བཤེར་གྱིས་བདེན་དཔང་ར་འཕྲོད་ཡོང་བར་བྱེད་ཅིང་། གལ་སྲིད་ཏང་དངུལ་རྩིས་ལེན་སྤྲད་པར་སྒྲིག་སྲོལ་དང་འགལ་ཡོད་པའི་གནས་ཚུལ་ཆེ་ཆུང་ཅི་ཞིག་མཆིས་ན་གཟབ་ནན་གྱི་སྒོ་ནས་རྩད་ཞིབ་ཐག་གཅོད་བྱེད་པ་རེད། ཏང་སྲིད་ལས་ཁུངས་ནང་གི་ཏང་ཡོན་ལས་བྱེད་པ་ཚོའི་དབུལ་སྐྱོར་དཔུང་ཡ་སྒྲིག་པའི་བྱ་བའི་བླང་བྱ་དེ་ལ་དམིགས་ནས། དུས་ཐོག་ཏུ་དེ་དང་འབྲེལ་བ་ཡོད་པའི་རྩིས་སྤྲོད་ལེན་གྱི་ལས་དོན་སྒྲུབ་སྟངས་ཐམས་ཅད་ཁོང་དུ་ཆུད་པར་བྱས་ཤིང་། འདུག་གནས་གཏན་འཁེལ་མེད་པའི་ཡུལ་འཁྱར་བྱེས་འགྲོའི་ཏང་ཡོན་རྣམས་ཕྱི་རོལ་ཏུ་སོང་ནས་ལས་ཀ་གཉེར་བའི་དོན་དངོས་ལ་གཞིགས་ཏེ།“ལྔ་འཛིན་ལྔ་སྐུལ”གྱི་བྱ་བའི་བླང་བྱ་ལྟར། ཏང་ཡོན་གང་དུ་སོང་བའི་ཁ་ཕྱོགས་གང་ཡིན་གསལ་ལ་མ་ནོར་བར་ཡང་དག་པར་ཁོང་དུ་ཆུད་པར་བྱས་པ་དང་། རྩ་འཛུགས་འཚོ་བའི་དཔུང་སྡེ་གྲས་ནས་རྗེས་ལུས་མི་ཐེབས་པར་ཁག་ཐེག་ནན་མོ་བྱས་ཡོད་པ་རེད།

དཀའ་ཚེགས་འོ་བརྒྱལ་གཏད་ནས“ཏང་ཡོན་ལ་ལྷག་མ་ཐེངས་གཅིག་རྒྱུག་ཏུ་མི་འཇུག་པ”ཡི་ཞབས་ཞུ་འདུ་ཤེས་རྒྱུན་འཁྱོངས་བྱས་པར་མ་ཟད། རྒྱལ་ཡོངས་ཀྱི་ཏང་ཡོན་ཆ་འཕྲིན་དོ་དམ་མ་ལག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྩ་འཛུགས་འབྲེལ་བ་སྤོ་བསྒྱུར་འབྲེལ་མཐུད་བྱེད་པའི་ལས་ཕྱོད་མཐོར་འདེགས་བཏང་བས། རྫོང་ནང་ཁུལ་གྱི་རྩ་འཛུགས་འབྲེལ་བ་སྤོ་བསྒྱུར་བྱེད་པའི་དུས་ཚོད་ཐད་ནས་ཟད་གྲོན་གྱི་ཡུན་ནི་སྔོན་ཆད་ཉིན་བཅོ་ལྔ་ཙམ་དགོས་པ་ལས་ད་ལྟ་འགྲོ་ལུགས་སྒྲུབ་སྟངས་སོགས་སྟབས་བདེར་སོང་ནས་ཉིན་གཉིས་ཀྱི་ནང་འགྲུབ་ཐུབ་པར་དུས་ཚོད་ཐུང་ངུར་བཏང་ཡོད་ཅིང་། རྩ་འཛུགས་འབྲེལ་བ་སྤོ་བསྒྱུར་བྱེད་པའི་གོ་རིམ་སྟེང་ནས་གང་ལའང་མ་ཐེ་བར་ཤེས་མེད་ཚོར་མེད་ངང་བར་མ་བར་ནས་ཁུག་མའི་ནང་ལུས་ཏེ་བསྡད་པའི་ཁུག་མའི་ཏང་ཡོན་འབྱུང་བ་ལ་གཡོལ་གཟུར་བྱེད་ཆེད། ད་ཡོད་ཀྱི“ཀྲི་པུའུ་གཅིག་ལ་སྐད་འཕྲིན་ཚོགས་པ་གཅིག”ཅེས་པ་ཡོངས་སུ་ཁེབས་པར་བྱས་པའི་རྨང་གཞིའི་སྟེང་དུ། དོ་དམ་བདག་གཉེར་པས་ད་དུང་རང་འགན་དང་དུ་བླངས་ནས་སྤོ་བསྒྱུར་ནང་འཇུག་བྱས་པའི་ཏང་ཡོན་རྣམས་ཡང་བསྐྱར་རང་ཉིད་ཡོད་སའི་ཀྲི་པུའུ་དེའི་དོ་མཉམ་པའི་སྐད་འཕྲིན་ཚོགས་པའི་ནང་ལ་འཇོག་པ་དང་། ཏང་ཡོན་རྣམས་ལ་དུས་ཚོད་དང་པོའི་ནང་དུ་འཕྲལ་མ་མྱུར་དུ་ཏང་རྩ་འཛུགས་བཙལ་ནས་རྙེད་དུ་འཇུག་ལ། དུས་ལས་ཡོལ་བ་མེད་པར་དུས་བཅད་ནང་ལྟར་རྩ་འཛུགས་འཚོ་བ་རྒྱུན་ལྡན་དུ་སྤེལ་པ་ཡིན། 

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།