མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་དུ། སྙན་པའི་གྲགས་པ་ཡུལ་ཕྱོགས་ཉེ་རིང་ཀུན་ལ་གྲགས་པའི་སྡེ་བ་འབྱོར་ཕྱུག་ལྡན་པ་ཞིག་ཡོད་ལ། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཚན་ཁག་གི་སྣེ་ཁྲིད་འོག་ཁོ་ཚོའི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བྱུང་སྟེ། སྡེ་དམངས་ཀྱི་འཚོ་བར་ལེགས་བཅོས་ཆེན་པོ་བྱུང་ཞིང་། སྡེ་བ་དེ་ནི་རྫོང་མཁར་དང་བར་ཐག་སྤྱི་ལེ་ཞེ་གསུམ་ཡོད་པའི་དགོན་གོང་མ་སྡེ་བ་རེད།
དབྱར་གཞུང་གི་དུས་ཚིགས་འདིར། གསར་འགོད་པ་མཚོ་ངོས་ལས་མཐོ་ཚད་སྨི་སྟོང་གསུམ་ཡོད་པ་དང་། ཁྱིམ་ཚང་བཞི་བརྒྱ་ང་དགུ་དང་མི་འབོར་སྟོང་གཉིས་བརྒྱད་དང་གྱ་བརྒྱད་ཡོད་པའི་ཕྱུགས་ལས་སྡེ་བ་ཆུང་ཆུང་དེར་འབྱོར། ཁོ་ཚོའི་དཔལ་འབྱོར་གྱི་དངོས་ཤུགས་ཆེན་པོ་དང་སྣ་མང་གི་ཐོན་ལས་འཕེལ་རྒྱས་ཀྱིས་གསར་འགོད་པ་ལ་ཧ་ལས་སུ་བཅུག་བྱུང་།
མིག་མདུན་གྱི་ལོག་དཀར་མེ་ཏོག་སེར་ལམ་ལམ་བྱེད་ལ་དུས་ཚོད་ངེས་ཅན་ཞིག་འགོར་རྗེས་ཡོང་འབབ་བསྡུ་ཆོག་ཅིང་དེ་ནི་ཁོ་ཚོའི“ཁྱིམ་ཚང་ཕྱུག་པོར་གཏོང་བ”ཡི་མ་རྩ་རེད།
མིག་སྔར། དགོན་གོང་མ་སྡེ་བས་སྡེ་བའི་ནང་དུ་ཁྲོམ་ར་ཞིག་བཙུགས་པ་དང་། གྲོང་རྡལ་དུ་མགྲོན་ཁང་ཞིག་དང་། རྡོ་ཆས་བཟོ་གྲྭ་ཞིག སྣུམ་བཙིར་ཁང་ཞིག་ལས་པར་མ་ཟད། ད་དུང་རྫོང་ཐོག་ཏུ་མགྲོན་བསུ་སྣེ་ལེན་ཁང་གསུམ་དང་ཕྱོགས་བསྡུས་ཁྲོམ་ར་ཆེ་གྲས་ཤིག་ཕྱེས་ཡོད་པ་དང་། སྡེ་བའི་ཐུན་མོང་གི་གཏན་འཇགས་མ་རྩ་སྒོར་མོ་བྱེ་བ་གསུམ་ལྷག་ཏུ་སླེབས་ཡོད།
སྔོན་ཆད་ཕྱུགས་ཟོག་འཚོ་སྐྱོང་བྱེད་པ་ཁོ་ནར་བརྟེན་ནས་འཚོ་བ་རོལ་བའི་ཕྱུགས་ལས་སྡེ་བ་ཆུང་ཆུང་འདིའི་ཐུན་མོང་དཔལ་འབྱོར་ཇི་ལྟར་གོམ་པ་གང་རེ་གང་རེ་སྤོས་ཏེ་དེ་རིང་གི་གཞི་རྒྱ་འདི་ལྟ་བུ་ཞིག་ཏུ་གོང་འཕེལ་སོང་བ་ཡིན་ནམ། གསར་འགོད་པའི་སེམས་སུ་དྲིས་ལན་ཤེས་འདོད་པའི་རེ་སྒུག་གིས་ཁེངས་འདུག
དགོན་གོང་མ་སྡེ་བའི་ཀྲུའུ་རེན་རིན་ཆེན་ནི་ལོ་ན་སུམ་ཅུ་ལྷག་ལ་བུད་པའི་མཐོ་འབྲིང་མཐར་ཕྱིན་པའི་བོད་རིགས་ཕོ་རྒོད་ཅིག་ཡིན་ལ། རིག་གནས་ཀྱི་རྨང་གཞི་ངེས་ཅན་ཞིག་དང་བསམ་ཕོད་པ་དང་སྒྲུབ་ཕོད་པའི་གཤིས་ཀ་ཞིག་ཡོད་སྟབས་སྡེ་དམངས་རྣམས་ཀྱིས་ཁོ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས། “སྡེ་བའི་ཀྲུའུ་རེན་གྱི་འགན་ཁུར་རྗེས། ང་ལ་གནོན་ཤུགས་ཆེན་པོ་ཞིག་ཡོད་པས་ལྷོད་གཡེང་ཅུང་ཙམ་ཡང་བྱེད་མི་ཕོད་པར་ང་ཚོའི་སྡེ་བའི་ཐུན་མོང་དཔལ་འབྱོར་སྔར་ལས་སྐས་ཐེམ་གསར་པ་ཞིག་ཏུ་སྤོ་ཐུབ་རྒྱུའི་དོན་དེ་ཁོ་ན་ཡིད་ལ་དྲན།”ཚེ་རིང་གིས་ཡིད་ཆེས་ཀྱིས་ཁེངས་ནས་དེ་ལྟར་བཤད།
ཉིས་སྟོང་ལྔ་ལོའི་ཡར་སྔོན་དུ། དགོན་གོང་མ་སྡེ་བར་སྤྱི་ཆིང་སྟོང་གཅིག་དང་བཞི་བརྒྱ་དང་སོ་གསུམ་ཅན་གྱི་ཐུན་མོང་རྨོ་ཞིང་ཙམ་ལས་མེད། སྐབས་དེའི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཚན་ཁག་གིས་སྤོབས་པ་ཆེན་པོའི་སྒོ་ནས་བསམ་ཚུལ་ཞིག་བཏོན། དེ་ནི་སྤྱི་ཆིང་ཉིས་བརྒྱ་དང་ཉི་ཤུ་ཡི་ས་ཞིང་ཚང་མར་སྡེ་བའི་ཞིང་ལས་རུ་ཁག་གིས་ལོག་དཀར་འདེབས་པ་དང་། དེ་ལས་གཞན་པའི་ས་ཞིང་ཕྱི་ལ་བོགས་མར་བཏང་། དེ་ནས། སྡེ་བའི་ནང་གི་ཆེས་ཐོག་མའི་ཁེ་ལས་ཏེ་དཔལ་དགེ་གྲོང་རྡལ་དུ་ཡོད་པར་གྱུར་ཞིང་། དེ་ནི་གཞི་རྒྱ་ཆུང་བའི་སྣུམ་བཙིར་ཁང་ཡིན་ལ་དེའི་ཐོན་རྫས་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོར་ཕྱིར་འཚོང་བྱས་པས་དགོན་གོང་མ་སྡེ་བར་ཐུན་མོང་གི་མ་རྩ་གསོག་འཇོག་ཐོག་མ་ཡོད་བྱུང་།
ས་ཞིང་རྨོ་འདེབས་བྱེད་པར་འཕྲུལ་ཆས་དགོས་ཤིང་། ཐོག་དང་པོའི་ཡོང་སྒོ་ཡོད་པའི་དབང་གིས་ཅང་མ་འགོར་བར་སྡེ་བའི་ནང་དུ་འཕྲུལ་ཆས་རུ་ཁག་ཅིག་བཙུགས། ལོ་ཏོག་བརྔ་བསྡུ་འཕྲུལ་འཁོར་དང་འདྲུད་འཐེན་འཁོར་ལོ་བཅུ་ལྷག་ཡོད་ལ་དེ་ནི་སྐབས་དེའི་འབྲོག་ཁུལ་ལ་མཚོན་ན་གཞི་རྒྱ་མི་ཆུང་བ་ཞིག་ཏུ་གྱུར་ཟིན། ཞིང་ལས་འཕྲུལ་ཆས་དེ་དག་ལ་རྒྱལ་ཁབ་ཀྱི་ལས་གཞིའི་མ་དངུལ་གྱི་ཁ་གསབ་སྒོར་འབུམ་དྲུག་ལྷག་ལོངས་སུ་སྤྱོད་ཐུབ་བྱུང་། འཕྲུལ་ཆས་རུ་ཁག་གིས་སྡེ་བའི་ས་ཞིང་རྨོ་འདེབས་བྱས་པ་ལས་གཞན་ད་དུང་ཕྱི་ཕྱོགས་སུ་ཚོང་གཉེར་བྱས་པས་སྡེ་བར་ཡང་བསྐྱར་ཡོང་སྒོ་མི་ཉུང་བ་ཞིག་ཡོད་པར་གྱུར།
རྗེས་ནས་བྱ་བ་ལམ་ལྷོངས་བྱུང་བས་དགོན་གོང་མ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་ཇེ་ཆེ་ནས་ཇེ་ཆེར་གྱུར།
ཉིས་སྟོང་དྲུག་ལོར་ཙོང་གི་ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཉིས་སྟོང་བརྒྱད་ལོར་མཉམ་ལས་ཁང་གི་ཡན་ལག་ཁང་བཙུགས་ཤིང་། མིག་སྔའི་བར་དུ་ཁྱོན་བསྡོམས་ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་བཅོ་བརྒྱད་ཡོད་པ་དང་། ན་ནིང་གི་ཡོང་སྒོ་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་རེད།
ཉིས་སྟོང་བཅུ་བཞི་ལོར། རྫོང་མཁར་གྱི་བྱང་སྲང་ཆེན་མོ་རུ་མཚོ་སྐོར་ས་ཁུལ་དུ་གཞི་རྒྱ་ཆེས་ཆེ་བ་དང་། བྱེད་ནུས་ཆེས་འཐུས་ཚང་ཡིན་པ། ཁྱབ་འཕྲོའི་ངོས་ཆེས་ཆེ་བའི་ཕྱོགས་བསྡུས་ཚོང་འདུས་ཤིག་འཛུགས་སྐྲུན་བྱས་ཤིང་། ན་ནིང་གི་བོགས་དངུལ་ཡོང་འབབ་སྒོར་ས་ཡ་གཅིག་དང་འབུམ་དྲུག་རེད།
ཉིས་སྟོང་བཅུ་དྲུག་ལོར། དཔལ་དགེ་གྲོང་རྡལ་གྱི་མཁར་གྲོང་ཆུང་བ་འཛུགས་སྐྲུན་བྱེད་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་གྲོང་རྡལ་དུ་ཉོ་ཚོང་སྲང་ལམ་གཉིས་འཛུགས་སྐྲུན་བྱས་ཤིང་སྨི་གྲུ་བཞི་མ་སྟོང་དགུ་དང་བདུན་བརྒྱ་ཡོད། རྒྱལ་ལམ་སུམ་བརྒྱ་དང་བཅོ་ལྔ་པའི་འགྲམ་དུ་སོ་སོར་མགྲོན་ཁང་དང་ཚོང་ཁང་གྱན་ཉེར་བཞི་འཛུགས་སྐྲུན་བྱས་ཤིང་། མིག་སྔར་བཟོ་འགོད་གཉིས་ཀྱི་གཙོ་གཞིའི་སྒྲིག་གཞི་ཚང་མ་འགྲུབ་ཟིན་པ་དང་། སྔོན་དཔག་བྱས་ན་ལོ་མཇུག་ཏུ་ཡོངས་སུ་འགྲུབ་ཐུབ།
“ན་ནིང་ང་ཚོའི་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་སྒོ་སྒོར་ས་ཡ་དྲུག་དང་འབུམ་བཞི་ཁྲི་བདུན་ལྷག་ལ་སླེབས། ཡོང་སྒོའི་གྲུབ་ཆའི་ནང་དུ་གོང་དུ་སྨོས་པ་དེ་དག་ལས་གཞན་ད་དུང་སྣུམ་བཙིར་ཁང་གི་ལོ་ཧྲིལ་པོའི་ཡོང་སྒོ་སྒོར་འབུམ་གཉིས་དང་། རྨོ་བསྐྱུར་ས་ཞིང་སྤྱི་ཆིང་ཉིས་བརྒྱ་དང་དྲུག་དང་། ཁ་གསབ་མ་དངུལ་སྒོར་འབུམ་གཉིས་དང་ཁྲི་བདུན་དང་། སྤྱི་པའི་རྨོ་ཞིང་སྤྱི་ཆིང་སྟོང་གཅིག་དང་བརྒྱ་དང་གོ་དྲུག་ཡི་ལོ་རེའི་བོགས་དངུལ་སྒོར་ས་ཡ་གཉིས་དང་འབུམ་དྲུག་བཅས་འདུས་ཡོད།”ཅེས་རིན་ཆེན་གྱི་སེམས་སུ་སྡེ་བའི་རྩིས་ཐོ་བློ་ན་གསལ་བོར་བཟུང་ཡོད་པས་རང་ཁྱིམ་གྱི་རྒྱུ་ནོར་བརྩི་བ་དང་འདྲ།
སྡེ་བའི་ཐུན་མོང་ལ་མ་དངུལ་ཇེ་མང་ནས་ཇེ་མང་དུ་གྱུར་ཞིང་། མ་དངུལ་དེ་དག་བཏང་སྟེ་ཡོང་སྒོ་འཚོལ་བ་ལས་གཞན། གཙོ་བོར་ཐབས་བཀོད་འཐེན་ཏེ་སྡེ་དམངས་རྣམས་ལ་འབྱོར་ཕྱུག་གི་འཚོ་བ་རོལ་བའི་ཕྱོགས་སུ་བཏང་།
“སྡེ་བ་ཡོངས་སུ་ཁྱིམ་ཚང་བཞི་བརྒྱ་ང་དགུ་དང་མི་འབོར་སྟོང་གཉིས་དང་བརྒྱད་བརྒྱ་ཡོད་ཅིང་། སྡེ་བར་གཏོགས་པའི་ཁེ་ལས་སུ་ཟླ་ཕོགས་ལེན་བཞིན་པའི་མི་བཞི་བརྒྱ་དང་སུམ་བཅུ་ཡོད་པ་དང་། དོ་དམ་པའི་ཟླ་རེའི་ཡོང་སྒོ་སྒོར་སྟོང་གཅིག་དང་བརྒྱད་རྒྱ་དང་། ལས་མི་དཀྱུས་མ་ཞིག་གི་ཟླ་རེའི་ཡོང་སྒོ་སྒོར་སྟོང་གཅིག་དང་ལྔ་བརྒྱ་ཡིན། ལོ་མཇུག་ཏུ་སླེབས་པ་ན། སྡེ་དམངས་ཚང་མས་ཁེ་སྤོགས་སྒོར་སྟོང་གཉིས་ལོངས་སྤྱོད་བྱེད་ཐུབ།”རིན་ཆེན་གྱིས་སྤོབས་དང་བཅས་པའི་སྒོ་ནས་དེ་ལྟར་བཤད།
སྡེ་བའི་ཐུན་མོང་དཔལ་འབྱོར་བརྟན་བརླིང་ངང་འཕར་བ་དང་མཉམ་དུ། “ང་ཚོས་སྡེ་བ་ཡོངས་ཀྱི་སྡེ་དམངས་རྣམས་ལ་ཞིང་སྡེའི་སྨན་བཅོས་འགན་སྲུང་དང་། རྒན་གསོའི་འགན་སྲུང་ཉོས་པ་དང་། གཅིག་གྱུར་སྒོས་ཆུ་རིན་དང་། ཕྱུགས་ནད་འགོག་བཅོས་ཀྱི་སྨན་རིན་སོགས་སྤྲད་པ་ཡིན་ལ། ལོ་རེའི་བགོ་བྱའི་ཁེ་སྤོགས་སྒོར་ཁྲི་བརྒྱ་དང་ལྔ་ཅུ་ལྷག་ཡོད་པ་དང་། ཉིས་སྟོང་བཅུ་དྲུག་ལོར་སྡེ་བ་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང8ཚང་མ་དབུལ་ཐར་མངོན་འགྱུར་བྱུང་། ”
ལྷག་པར་དུ་ཉིས་སྟོང་བཅོ་ལྔ་ལོར་གནད་ཁེལ་དབུལ་སྐྱོར་བྱ་བ་བསྒྲུབས་པའི་ཚུན་ལ། དགོན་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཡིས་འཐབ་འཛིང་གི་བཙན་རྫོང་ལྟ་བུ་དང་ཏང་ཡོན་གྱི་སྔོན་ཐོན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་བྱ་བ་གང་ལེགས་བསྒྲུབས་པ་དང་། སྡེ་བས་ཐུན་མོང་ཡོང་སྒོའི་ནང་ནས་ལོ་ན་དྲུག་ཅུ་ཡན་གྱི་མི་རེ་ལ་ཟླ་རེར་འཚོ་བའི་ཁ་གསབ་སྒོར་ཉིས་བརྒྱ་བྱིན་པ་དང་། སྡེ་བ་དེའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དང་རྩྭ་ས་མེད་པའི་ཁྱིམ་ཚང་། ཕྱུགས་ཟོག་ཉུང་བ་དང་མེད་པའི་ཁྱིམ་ཚང་གི་མི་ཉིས་བརྒྱ་དང་བཅུ་དགུ་ལ་ཟླ་རེར་ཁ་གསབ་མ་དངུལ་སྒོར་བཞི་བརྒྱ་བྱིན་པ་དང་། ལོ་རེར་མ་དངུལ་སྒོར་ཁྲི་བཞི་བཅུ་བཏང་སྟེ། དབུལ་སྐྱོར་འཁོར་རྒྱུག་འབྲི་མོ་བརྒྱ་དང་། མ་མོ་སྟོང་གཅིག་ཉོས་ཏེ། དབུལ་ཕོངས་མང་ཚོགས་རེ་རེར་དངོས་སུ་ཏང་ཀྲི་པུའུ་ཡི་བྱམས་བརྩེ་ཚོར་དུ་བཅུག་པ་རེད། །
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ས་ཡ་གཅིག་ལྷག་བཏང་སྟེ།སྔ་གཞུག་ཏུ་ཀྲུང་དབྱང་སྤང་ལྗོངས་དང་གཞུང་ལམ་ལྗང་སྒྱུར་སོགས“ཡང་བསྐྱར་ལྗང་སྒྱུར་བྱེད་པ”ཡི་བཟོ་འགོད་རབ་དང་རིམ་པ་ཞིག་ལེགས་འགྲུབ་བྱུང་སྟེ། སྔོན་ཆད་ཀྱི་མཐོ་སྒང་གི་གྲོང་ཁྱེར་ཆུང་བ་དེར་སྐྱེ་སྟོབས་ཀྱི་དཔལ་འབར་དུ་བཅུག མིག་སྔའི་བར་དུ། གྲོང་ཁྱེར་གྱི་ནེའུ་གསིང་སྤང་ལྗོངས་ཀྱི་རྒྱ་ཁྱོན་སྤྱི་ཆིང་དགུ་བརྒྱ་དང་བཅུ་བཞི་ལ་སླེབས་པ་དང་། གྲོང་ཁྱེར་འཛུགས་སྐྲུན་གྲུབ་པའི་ས་ཁུལ་གྱི་ལྗང་སྒྱུར་ཁེབས་ཚད་བརྒྱ་ཆའི་སོ་དྲུག་དང་གྲངས་ཆུང་གསུམ་དུ་སླེབས་ཡོད་ལ། མི་རེའི་ཆ་སྙོམས་ཀྱི་སྤྱི་གླིང་སྤང་ལྗོངས་རྒྱ་ཁྱོན་སྨི་གྲུ་བཞི་མ་བཅུ་དང་གྲངས་ཆུང་དགུ་གཉིས་རེད། འདི་ནི་པ་དབྱིན་ཆུ་བོའི་འགྲམ་དུ་ལྗོན་པའི་བསིལ་གྲིབ་ཀྱིས་གཡོགས་འདུག་པའི་ཚུལ་རེད།
རྩོམ་སྒྲིག་པ། སྐར་མ་མཚོ།