གངས་རིའི་སྐོར་ཞིབ་ཀྱི་ལམ་དུ།
2018.08.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 54

 

ཉེ་ལམ།  གསར་འགོད་པ་ཡང་བསྐྱར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རྨ་ཆེན་གངས་རི་སྲུང་སྐྱོབ་ས་ཚིགས་ཀྱི་སྐོར་ཞིབ་རླངས་འཁོར་དུ་བསྡད་ནས། རྨ་ཆེན་གངས་རི་ལ་སྐོར་བ་རྒྱག་པའི་ལམ་དུ་ཆས།

ཞོགས་པའི་ཉི་ཟེར་འཇམ་པོ་ས་ཆེན་གྱི་གདོང་ལ་ལྷོད་ཀྱིས་འཕྲོས་པས་གནམ་ས་གཉིས་དབྱེར་མེད་དུ་འདྲེས་ཤིང་ཡངས་པའི་རྩྭ་ཐང་གི་ཕ་མཐའ་རྒྱང་རིང་གི་གནམ་སའི་མཐའ་ལ་བརྐྱངས། གསར་འགོད་པ་ཐེངས་སྔོན་མར་སྲུང་སྐྱོབ་ས་ཁུལ་དུ་ཡོང་བའི་འདས་ཟིན་པའི་ཟླ་བ་ལྔའི་ཚུན་དུ། གནས་འདིའི་ནགས་ཚལ་གྱི་གཡུ་ལོ་རབ་ཏུ་རྒྱས་ཤིང་རྩེ་མོ་མཁའ་ལ་བསྙེགས་པས་རྨ་ཆེན་གངས་རིའི་རྩྭ་ཐང་ལྗང་མདོག་དཔལ་གྱིས་ཁེངས་འདུག

ང་ཚོ་སྡོད་པའི་རླངས་འཁོར་ཟེགས་ལམ་བརྒྱུད་ནས་འགྲོ་དུས། ལམ་འགྲམ་གཉིས་སུ་ལྷུང་ལྷུང་འབབ་པའི་སྔོ་ཐིང་ཐིང་གི་གཙང་བོ་ནི་མཛེས་ལྗོངས་ཀྱི་ལམ་ཐིག་ཅིག་དང་འདྲ་ཞིང་། ལམ་འགྲམ་གྱི་སྤང་ཐང་ན་རྒྱུ་བའི་ལུག་ཁྱུ་དང་རྐྱང་ཁྱུ།  ད་དུང་ཆུའི་ཕར་ངོགས་ན་རང་དགར་འཁོར་བའི་བྱ་རྒོད་ཀྱི་ཁྱུ་ཚོགས་བཅས་ནི་དུས་དང་མཚམས་མེད་པར་ང་ཚོའི་མིག་ལམ་དུ་རྒྱུ་བར་བྱེད། “རེམ་མ་ལྟོས་དང་། བྱ་དབང་སྔོན་པོ། ” རླངས་འཁོར་གློ་བུར་དུ་བསྡད་བྱུང་། རྨ་ཆེན་གངས་རི་སྲུང་སྐྱོབ་ས་ཁུལ་གྱི་མགོ་གཙོ་ཚེ་བརྟན་རྒྱལ་གྱིས་དེ་ལྟར་ཚང་མར་སྐད་རྒྱག་ཞོར་དུ་གཡས་ཕྱོགས་ཀྱི་རི་ལྡེབས་སུ་མཛུབ་མོ་ཀེར་ནས“གཅིག  གཉིས།  གསུམ།   སྡོམ་པས་དྲུག་ཡོད་ཀི”དེ་སྐད་སྨྲ་ཞོར།     བྱ་དབང་སྔོན་པོའི་གྲངས་ཀ་བརྩི་ཞོར་དུ་ཕྱོགས་གཅིག་ནས་པར་རྒྱག་ཞིང་ཕྱོགས་གཅིག་ནས་ཟིན་བྲིས་དེབ་བླངས་ཏེ་ཟིན་བྲིས་སུ་འགོད་ཀྱིན་འདུག

“ང་ཚོས་ར་བ་བསྐོར་བ་དང་འགོག་གསོའི་ཉེན་བརྡའི་རྡོ་རིང་བསླངས་བ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་ནས། ད་ལྟ་མིས་གནོད་འཚེ་གཏོང་ཚད་ཇེ་ཉུང་དུ་སོང་བས་སྔོ་ཁེབས་ཀྱི་ཚད་གཞི་མཐོར་འདེགས་བྱུང་བ་དང་། བརླན་སའི་རྒྱ་ཁྱོན་ཡང་སྔར་ལས་འཕར་སྣོན་བྱུང་བས་འདི་དང་འདི་ལྟ་བུའི་གཅེས་སུ་འོས་པའི་སྲོག་ཆགས་རྣམས་ཁྱུ་དང་ཁྱུ་བྱས་ནས་རང་དབང་སྒོས་རང་རང་གི་ཁ་ཟས་འཚོལ་བའི་རྣམ་པ་དེ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག  གནས་ཚུལ་དེས་རི་སྐྱེས་སྲོག་ཆགས་ཀྱི་སྣ་མང་རང་བཞིན་དེ་རིམ་བཞིན་སླར་གསོ་འབྱུང་བཞིན་པ་གསལ་བཤད་བྱེད་ཀྱིན་འདུག”  ཚེ་བརྟན་རྒྱལ་གྱིས་གསར་འགོད་པ་རྣམས་ལ་དེ་ལྟར་བཤད། “རྨ་ཆེན་གངས་རི་སྲུང་སྐྱོབ་ས་ཁུལ་དེར་རྨ་ཆེན་རྫོང་གི་ཁོངས་གཏོགས་སུ་སའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་སུམ་ཅུ་སོ་ལྔ་དང་གྲངས་ཆུང་བདུན་བདུན་བརྒྱད་ཡོད་པ་རེད། ས་ཁུལ་དེ་རུ་སོ་སོར་གསའ་དང་རྫ་ཁའི་གོང་མོ། གླ་བ། ཤ་བ་ཁ་སྐྱ། ཤ་བ། རི་རྐྱང་། དོམ་དྲེད།  གནའ་བ། བྱ་ཝང་སྔོན་པོ་སོགས་རི་སྐྱེས་སྲོག་ཆགས་མང་པོ་ཞིག་ཡོད་པ་དང་སྐོར་ཞིབ་བྱེད་པའི་ལས་འགན་ཡང་ཧ་ཅང་ལྕི། ང་ཚོ་སྲུང་སྐྱོབ་ས་ཚིགས་ཀྱིས་ད་དུང་གཙོ་བོ་ཞིན་ཧེ་རྫོང་གི་ས་མཚམས་ཀྱི་ནགས་ཁུལ་དང་རྨ་སྟོད་རྫོང་གི་ས་མཚམས་བཅས་སུ་སྐོར་ཞིབ་བྱེད་དགོས།” གསར་འགོད་པའི་འགྲམ་དུ་བསྡད་ཡོད་པའི་སྐོར་ཞིབ་པ་ཚེ་རིང་བཀྲ་ཤིས་ཀྱིས་ཚེ་བརྟན་རྒྱལ་གྱི་སྐད་ཆར་རམ་འདེགས་ཀྱི་ཚུལ་དུ་དེ་ལྟར་བཤད།

སྐབས་དེར་གསར་འགོད་པའི་མིག་ལམ་དུ་སྣང་བ་ནི་སྲུང་སྐྱོབ་ས་ཁུལ་དུ་སྔོན་ཆད་ས་ནག་ཏུ་གྱུར་བའི་རྩྭ་ས་མང་པོ་ཞིག་གི་སྟེང་དུ་ད་ལྟ་སླར་ཡང་ལྗང་མདོག་གིས་ཁེངས་ནས་ཡོད་པ་དང་། རྒྱང་ཐག་རིང་བའི་མཚོ་དང་མཚེའུ་དག་ནི་མཐའ་ཡས་པའི་རྩྭ་ཐང་དུ་བཏབ་པའི་ཕ་ལམ་སྔོན་པོའི་ཕྲ་རྒྱན་ཞིག་དང་འདྲ་ལ་ཉི་འོད་ཀྱི་ངོགས་སུ་འོད་ལམ་མེར་འཚེར་བཞིན་པ་དེ་རེད།

“ང་ཚོ་སྲུང་སྐྱོབ་ས་ཁུལ་གྱི་སྐོར་ཞིབ་པའི་རུ་མི་རྣམས་ཉིན་རེར་བཞིན་ཉུང་མཐར་ཡང་སྤྱི་ལེ་བཅུ་ནས་ཉི་ཤུ་ལྷག་གི་ལམ་ཐག་ཏུ་སྐོར་ཞིབ་དུ་འགྲོ་དགོས་ཀྱི་ཡོད་པར་མ་ཟད། ད་དུང་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་མཁན་རྣམས་སྔོན་འགོག་བྱེད་པའི་འགན་ཁུར་ལེགས་འགྲུབ་བྱེད་དགོས་པ་དང་། དེ་མིན་ད་དུང་ནགས་ཚལ་ལ་མེ་སྐྱོན་འབྱུང་བའི་ཉེན་ཁ་སྣ་ཚོགས་ཀྱང་སྔོན་འགོག་བྱེད་དགོས། གཟའ་ཉི་མའི་ངལ་གསོའི་དུས་ཚོད་ནི་ང་ཚོ་ལ་མཚོན་ན་དུས་རྒྱུན་དང་ཁྱད་པར་གཅིག་ཀྱང་མེད། རྒྱུ་མཚན་ནི་སྲུང་སྐྱོབ་ས་ཁུལ་ལ་སྐོར་ཞིབ་བྱེད་རྒྱུ་ནི་ཉིན་གཅིག་ལའང་རྒྱུན་ཆད་མི་རུང་སྟེ། གཙང་གསུམ་འབྱུང་ཁུངས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན།” ཚེ་བརྟན་རྒྱལ་གྱིས་ཡང་བསྐྱར་གསར་འགོད་པར་དེ་ལྟར་བཤད་བྱུང་།

ང་ཚོ་གསར་འགོད་པ་དང་མཉམ་དུ་འགྲོ་བཞིན་པའི་སྐོར་ཞིབ་པ་དཔལ་མགོན་དང་བསོདནམས་གཉིས་ནི་ས་གནས་དེའི་འབྲོག་པ་ཡིན་ཞིང་། ནགས་སྲུང་གི་བྱ་བ་ལོ་མང་གཉེར་བའི་རིང་ལ་མཚོན་རྟགས་རང་བཞིན་ལྡན་པའི་ལས་གོས་དང་རྒྱང་ཤེད་སོགས་ནི་ཁོ་ཚོས་དུས་རྒྱུན་བཀོལ་སྤྱོད་བྱེད་པའི་རྨང་གཞིའི་ཡོ་བྱད་ཉག་ཅིག་ཡིན། ནགས་སྲུང་བ་ཞིག་བྱེད་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་གཏན་ནས་མིན་ཏེ། དུས་རྒྱུན་དུ་ཕྱི་རོལ་གྱི་ནགས་ཁུལ་དུ་སོང་ནས་སྐོར་ཞིབ་བྱེད་དགོས་པས་ལུས་ཕུང་བདེ་ཐང་ཡིན་དགོས་པར་མ་ཟད་ད་དུང་འཕྲུལ་རྟ་དང་རྟ་ལ་བྱོན་ཐུབ་དགོས་མཁན་ཞིག་ཀྱང་ཡིན་དགོས། སྐབས་རེར་མི་མེད་ལུང་སྟོང་གི་རི་ཀླུང་དང་ནགས་ཁུལ་སོགས་སུ་སོང་ནས་ཞག་སྡོད་བྱེད་དགོས་དུས་ཀྱང་ཡོད། དེ་དུས་སྐོམ་ཚེ་ཆུ་འཐུང་བ་དང་དར་འཁྱགས་བཟའ་དགོས་ལ་ལྟོགས་དུས་ཀ་ར་གོ་རེ་དང་སྟབས་བདེ་ཐུག་པ་འཐུང་དགོས།

དུས་ཡུན་ཐུང་ཐུང་ཞིག་གི་སྐོར་ཞིབ་བྱ་བའི་ཁྲོད་དུ་ང་ཚོས་སྲུང་སྐྱོབ་ས་ཁུལ་གྱི་ནང་ཁུལ་དུ་ཆུའི་ཐོན་ཁུངས་ཕར་སྣོན་འབྱུང་བཞིན་པ་གསལ་བོར་རྟོགས་བྱུང་། དུས་རབས་སྔོན་མའི་དུས་མཇུག་ཏུ་གཙང་གསུམ་འབྱུང་ཁུངས་སུ་གཏན་མེད་དུ་གྱུར་བའི་མཐོ་སྒང་གི་མཚེའུ་སྟོང་ཕྲག་ལ་ཉེ་བ་དང་བརླན་ས་མང་པོ་ཞིག་ད་ལྟ་སླར་ཡང་མངོན་ཞིང་རི་སྐྱེས་སྲོག་ཆགས་མང་པོ་ཞིག་ཀྱང་མངོན་གསལ་སྒོས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ལྷག་པར་དུ་མཐོ་སྒང་གི་རྣམ་ཤེས་སུ་འབོད་པའི་རི་དྭགས་གཙོད་ཀྱི་གྲངས་ཀ་དེ་ཤིན་ཏུ་ཇེ་མང་ལ་འགྲོ་བཞིན་པ་མངོན་གསལ་དོད་པོ་རེད།

ཉིན་གུང་དུ་བསླེབ་ལ་ཉེ་བའི་སྐབས་ཤིག་ལ་སྐོར་ཞིབ་ཚོགས་པ་ཆུ་ཕྲན་ཞིག་གི་འགྲམ་དུ་བསྡད་ནས་རླངས་འཁོར་ནང་གི་མེ་འགོག་དྲིལ་སྒྲོག་བྱང་བུ་བླངས་ནས་སྡོང་བོའི་སྟེང་དུ་སྦྱར་ཏེ།   ས་གནས་དེའི་མང་ཚོགས་རྣམས་ལ་མེ་སྐྱོན་སྔོན་འགོག་བྱེད་པར་མཉམ་འཇོག་བྱེད་དགོས་པའི་གསལ་འདེབས་བྱས།

ཚེ་རིང་བཀྲ་ཤིས་ཀྱིས་ང་ཚོར་བཤད་རྒྱུར། “ནམ་རྒྱུན་ང་ཚོ་སྐོར་ཞིབ་ཀྱི་ལམ་དུ་རྨས་སྐྱོན་ཕོག་པའི་རི་སྐྱེས་སྲོག་ཆགས་ལ་འཕྲད་སྐབས། སྲུང་སྐྱོབ་ས་ཁུལ་གྱི་ལས་བྱེད་མི་སྣ་རྣམས་ཀྱིས་ཁོ་ཚོ་སྲུང་སྐྱོབ་ས་ཁུལ་ལ་ཁྱེར་ནས་ཡོང་བ་དང་།  ཕྱུགས་ནད་སྨན་པ་བོས་ནས་སྨན་བཅོས་བྱས་རྗེས་ལན་རེར་སྐོར་ཞིབ་པའི་ཁྱིམ་དུ་འཇོག་པ་དང་། ཁྱིམ་ནས་ཟླ་བ་གསུམ་བཞི་ཙམ་ལ་གསོ་སྐྱོང་བྱས་རྗེས་རི་སྐྱེས་སྲོག་ཆགས་དེ་ཚོ་ཕྱིར་རང་བྱུང་ཁམས་ཆེན་མོའི་པང་བར་གཏོང་ཀྱིན་ཡོད”ཟེར།

ཐེངས་འདིའི་སྐོར་ཞིབ་ཀྱི་ལམ་དུ་རྩྭ་ཐང་གི་ཕྲ་རྒྱན་ལྟ་བུའི་འབྲོག་པའི་སྦྲ་གུར་དང་བག་ཡངས་ངང་གར་དུ་རྩེན་པའི་རི་སྐྱེས་སྲོག་ཆགས་སྣ་ཚོགས།  ད་དུང་སྙན་ངག་དང་འདྲ་ལ་རི་མོ་དང་ཡང་མཚུངས་པའི་མཚེའུ་སྣ་ཚོགས། རླུང་ཁ་ན་ལྷབ་ལྷུབ་ཏུ་བསྐྱོད་བཞིན་པའི་དར་ལྕོག་སོགས་ཀྱིས་མིའི་སེམས་སུ་འཇའ་ཚོན་ལྟ་བུའི་མཛེས་སྡུག་གི་རི་མོ་ཞིག་ངང་གིས་བཀོད་བྱུང་།

གནའ་བོའི་རྨ་ཆེན་གངས་རིའི་གངས་སྐོར་གྱི་ལམ་དུ། འབྲོག་པ་ཚོས་ཆེས་སྟབས་བདེ་ཡི་འགྲོ་ཆས་དང་བཟའ་ཆས་ཙམ་ལ་བརྟེན་ནས་བརྗིད་ཆགས་པའི་གངས་རི་དེའི་མཐའ་སྐོར་ན། མི་ཕྱེད་སེམས་ཀྱི་དད་པ་དེ་རང་རང་གི་རྐང་རྗེས་ཀྱི་རི་མོར་དཔར་ནས་འགྲོ།

རྒྱང་རིང་ནས་རྨ་ཆེན་གངས་རིའི་ཕྱོགས་སུ་བལྟས་ཚེ། གཅིག་ཏུ་འབྲེལ་བའི་རི་རྒྱུད་ཀྱི་རྩེ་མོ་གངས་ཀྱིས་གཡོགས་ཤིང་། འབྲོག་པའི་རྟ་ནོར་ལུག་གསུམ་གྱིས་གནམ་སའི་བར་མཚམས་ཁེངས་བའི་རབ་མཛེས་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཀྱིས་རང་དབང་མེད་པར་མི་སེམས་བཟི་བར་བྱེད།

                                                                                                   ལོ་ཙཱ་བ། གཡང་འབུམ་རྒྱལ།