སྨན་པ་བཟང་བོ་རྩྭ་ཐང་གི་འབྲོག་པ་མང་ཚོགས་ཀྱི་ཉེ་འགྲམ་ན་ཡོད།
2018.09.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 47

ཕྱུག་མཚོས་ནད་ལ་བརྟག་དཔྱད་བྱས་འབྲས་ཀྱི་ཡི་གེ་བཟུང་ནས་ཁོ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ཐོན། འཕྲོད་བསྟེན་ཁང་གི་མགོ་གཙོ་ཉི་མ་ལྷ་མོས་ཕྱུག་མཚོའི་ནད་ལ་བརྟག་དཔྱད་བྱས་འབྲས་དེར་ཞིབ་ལྟ་ཞིག་བྱས་རྗེས། ནད་རྟགས་གཙོ་བོ་དེ་ཅི་ཞིག་ཡིན་པ་ངོས་འཛིན་བྱེད་མ་ཐུབ་པར་ལམ་སང་འཕྲོད་བསྟེན་ཁང་གི་རྒྱང་བསྟེན་ནད་བརྟག་མ་ལག་ལ་བརྟེན་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྨན་ཁང་གི“སྨན་པ་བཟང་བོར”ཁ་པར་བརྒྱབ་ནས་གྲོས་བསྡུར་བྱས།

ད་ལོ་ལོ་ན་སོ་གཅིག་ཡིན་པའི་ཕྱུག་མཚོ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་ཧ་སྐོར་སྡེ་བའི་སྡེ་མི་ཡིན་པ་དང་། ཐུམ་འབུའི་ནད་བྱུང་བའི་དབང་གིས་ཉིས་སྟོང་བཅུ་ལོར་ཐུམ་འབུའི་ནད་གཤགས་བཅོས་བྱས་ཤིང་། རྗེས་སུ་མུ་མཐུད་དུ་སྨན་འཐུང་ནས་ནད་བཅོས་བྱེད་ཀྱིན་ཡོད་པ་རེད།

ཉིན་ཤས་སྔོན་གྱི་ཉི་མ་ཞིག་ལ་ཕྱུག་མཚོ་རྟ་ལ་ཞོན་ནས་ཕྱུགས་འཚོ་སྐབས་སུ་སྟབས་མ་ལེགས་པར་ཁོ་མོ་རྟ་ཐོག་ནས་ལྷུང་།  དེའི་རྗེས་སུ་ཁོ་མོར་ལུས་པོ་དེ་འདྲ་མི་བདེ་བའི་སྣང་བ་ཞིག་སྐྱེས་པའི་དབང་གིས་སྨན་ཁང་དུ་སོང་ནསCTབརྟག་དཔྱད་བྱས་པ་རེད།  ཡིན་ནའང་དགའ་བདེ་རྫོང་སྨན་ཁང་གི་སྨན་པསCTསྤྱིན་ཤོག་ལ་བལྟས་རྗེས་ཕྱུག་མཚོའི་ནད་གཞིའི་གནས་ཚུལ་ལ་སྡོམ་ཚིག་གསལ་བོ་ཞིག་འགོད་མ་ཐུབ་པས་ཕྱུག་མཚོ་དོན་དེ་ལ་སུན་སྣང་གིས་མགོ་ན་བར་གྱུར། “ཐག་རིང་ཐུང་ལ་འདང་མི་རྒྱག་པར་ཁུལ་ཐོག་ཏུ་སོང་། གཙོ་བོ་ཆེད་ལས་སྨན་པ་ཞིག་གིས་ནད་ཀྱི་གནས་ཚུལ་ངོ་མ་དེ་ཐག་གཅོད་བྱེད་རྒྱུ་ཤིན་ཏུ་གལ་ཆེ་ནི་རེད།” དགའ་བདེ་རྫོང་སྨན་ཁང་གི་སྨན་པས་ཕྱུག་མཚོ་ལ་དེ་ལྟར་བཤད།

ཁོ་ཆུ་གྲོང་རྡལ་ཧ་སྐོར་སྡེ་བའི་འཕྲོད་བསྟེན་ཁང་གི་སྨན་པས་ཕྱུག་མཚོའི་དཀའ་ཁག་དངོས་དེ་ཤེས་རྗེས། “ཁྱོད་རང་ཁོ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་དུ་སོང་ནས་ཚོད་ལྟ་ཞིག་བྱོས་དང་དེ་ན་རྒྱང་བསྟེན་ནད་བརྟག་བྱེད་ས་ཡོད་ནི་རེད། ཁུལ་སྨན་ཁང་གི་ཆེད་མཁས་པར་སྔོན་ལ་དུས་ཆད་བྱས་ཆོག་པ་དང་། གལ་ཏེ་ཁུལ་སྨན་ཁང་གི་སྨན་པར་ཐབས་བཀོད་མེད་ན་ད་དུང་ཞིང་ཆེན་གྱི་ཆེད་མཁས་པ་དང་དེ་མིན་ཧྲང་ཧེ་གྲོང་ཁྱེར་གྱི་ཆེད་མཁས་པར་ཡང་སྔོན་ལ་དུས་ཆད་བྱས་ནས་རང་གི་ནད་རྟགས་བློ་འདྲི་བྱས་ན་ཆོག་ནི་རེད། དེར་ད་དུང་སྒོར་མོ་སྐར་མ་གཅིག་ཀྱང་སྟེར་དགོས་ནི་མ་རེད”ཅེས་བཤད།

འཕྲིན་བཟང་དེ་གོ་རྗེས་ཕྱུག་མཚོ་དགའ་སྤྲོའི་ངང་ཕྱིར་ཡུལ་དུ་ལོག་པ་དང་ཉིན་གཉིས་པར་ཁོ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་དུ་སོང་།

“CTསྤྱིན་ཤོག་ལ་བལྟས་པ་བརྒྱུད་ནས་ཐུམ་འབུའི་ཤ་སྐྲན་ད་དུང་ཕྲལ་མེད་ལ་ཆེ་ཆུང་ཡང་དེ་འདྲ་ཆེ་རྒྱུ་མེད་ཀི”  ཉི་མ་ལྷ་མོས་དེ་ལྟར་རྒྱང་བསྟེན་ནད་བཅོས་ཀྱི་སྣེ་གཅིག་ན་ཡོད་པའི་ཁུལ་སྨན་ཁང་གི་སྦྲིད་སྨན་ཚན་ཁག་གི་ཀྲུའུ་རིན་དང་ཕྱི་ནད་ཚན་ཁག་གི་ཀྲུའུ་རིན་གཉིས་ལ་ཕྱུག་མཚོའི་ནད་ཀྱི་རྩ་བའི་གནས་ཚུལ་སྐོར་མཚམས་སྦྱོར་བྱེད་ཀྱིན་འདུག

རྒྱང་བསྟེན་ནད་རྟགས་ཀྱི་སྣེ་གཅིག་ན་ཡོད་པའི་ཆེད་མཁས་པས་གྲོས་མོལ་བྱས་རྗེས་སུ། “ནད་པའི་ཐུམ་འབུའི་ནད་ཀྱི་ཤ་སྐྲན་ད་དུང་ཕྲལ་མི་འདུག་པས་སྔོན་དང་གཅིག་འདྲ་ཡིན་པས་དེར་གནད་དོན་ཆེན་པོ་མི་འདུག དེ་བས་སྔར་བཞིན་དུ་མུ་མཐུད་དུ་སྨན་འཐུང་ནས་སྨན་བཅོས་བྱེད་རྒྱུའི་རེ་བ་བཏོན་པ་ཡིན། དེ་ལྟར་བྱས་རྗེས་ཟླ་གསུམ་གྱི་རྗེས་སུ་ཡང་བསྐྱར་བརྟག་དཔྱད་ཐེངས་ཤིག་བྱེད་དགོས་པ་དང་།  དེ་དུས་ད་གཟོད་ཐུམ་འབུའི་ནད་ཀྱི་ཤ་སྐྲན་དེ་གཤགས་བཅོས་བྱས་ཏེ་གཅོད་ལེན་བྱེད་དགོས་མིན་ཐག་གཅོད་བྱེད”ཟེར།

ཆེད་མཁས་པའི་སྐད་ཆ་དེ་གོ་རྗེས་སུ་ཕྱུག་མཚོའི་སེམས་ཁུར་དེ་ཡང་གཞི་ནས་མེད་པར་གྱུར་སོང་།

“མ་ལག་འདིའི་ཁྲོད་དུ་ས་གནས་གཞན་པའི་ཆེད་མཁས་པ་རྣམས་ལ་ཐད་ཀར་དུ་ནད་ཀྱི་གནས་ཚུལ་སྐོར་ནས་བསམ་ཚུལ་བརྗེས་རེས་བྱས་ཆོག་པས་ཆེད་མཁས་པ་དེ་རང་གི་འགྲམ་དུ་ཡོད་པ་ལྟ་བུའི་སྣང་བ་ཞིག་སྟེར། འདི་ནི་ང་ཚོ་འབྲོག་པ་རྣམས་ལ་མཚོན་ན་དོན་དག་ཤིན་ཏུ་བཟང་བོ་ཞིག་རེད།” ཕྱུག་མཚོས་ཆེད་མཁས་པ་རྣམས་ཀྱི་དྲིས་ལན་ལ་ཉན་རྗེས་དེ་ལྟར་ཟེར་བཞིན་གདོང་ལ་ཡིད་སྤྲོ་བའི་འཛུམ་གྱིས་ཁེངས་འདུག

ཕྱུག་མཚོ་ནི་ཁོ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་གིས་རྒྱང་བསྟེན་ནད་བརྟག་མ་ལག་ཕྱེས་རྗེས་སུ་སྨན་ཁང་དེར་ཡོང་མཁན་གྱི་ནད་པ་དང་པོ་དེ་རེད། ཁོ་ཆུ་གྲོང་རྡལ་གྱིས་རྒྱང་བསྟེན་ནད་བརྟག་མ་ལག་མགོ་བརྩམས་པ་དེས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཞང་དང་གྲོང་རྡལ་བཞི་ཅུ་ཞེ་བཞི་ཡི་འཕྲོད་བསྟེན་ཁང་ལ་རྒྱང་བསྟེན་ནད་བརྟག་མ་ལག་གིས་ཡོངས་སུ་ཁྱབ་པར་བྱས་པ་དང་། རྒྱང་བསྟེན་ནད་བརྟག་མ་ལག་དེ་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་རིམ་པ་སོ་སོའི་སྨན་བཅོས་སྒྲིག་གཞི་ལ་སྦྲེལ་མཐུད་བྱས་ཡོད་པར་མ་ཟད། ད་དུང་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཧྲང་ཧེ་གྲོང་ཁྱེར་གྱི་སྨན་ཁང་དང་པེ་ཅིན་གྲོང་ཁྱེར་གྱི་སྨན་ཁང་སྐོར་ཞིག་ལ་ཡང་སྦྲེལ་མཐུད་བྱས་ཡོད་པ་རེད། དེ་བས་མི་དམངས་མང་ཚོགས་རྣམས་ཞང་དང་གྲོང་རྡལ་གྱི་ཕན་དུ་འགྲོ་མི་དགོས་པར་རྒྱུ་སྤུས་བཟང་ཞིང་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་ཀྱི་ཡོད་པ་རེད།

རྒྱང་བསྟེན་ནད་བརྟག་མ་ལག་དེ་མགོ་ལོག་ས་ཁུལ་ལ་མཚོན་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། “མཉམ་འབྲེལ་དྲ་རྒྱ་དང་སྨན་བཅོས་ནད་བརྟག་ལ་བརྟེན་ནས་ས་གནས་ཀྱི་སྨན་བཅོས་ཐོན་ཁུངས་དོ་མཉམ་མིན་པའི་གནད་དོན་དེ་ཕན་འབྲས་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ཏེ་ནད་པ་དཀྱིལ་སྙིང་དུ་འཛིན་པ་མངོན་འགྱུར་བྱས། གྲོང་ཁྱེར་གྱི་སྨན་བཅོས་ལག་རྩལ་གྱི་ཁྱད་སྟོབས་བཀོལ་སྤྱོད་བྱས་ཏེ་རྒྱང་རིང་མཐའ་འཁོབ་ས་ཁུལ་དང་དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་ལ་ཞབས་ཞུ་བསྒྲུབས་པ་དང་། སྨན་བཅོས་ཐོན་ཁུངས་ལེགས་པོ་མཉམ་སྤྱོད་བྱས་པ་བརྒྱུད་དེ་མགོ་ལོག་ཁུལ་གྱི་མི་དམངས་མང་ཚོགས་རྣམས་ཀྱིས་རང་ཁྱིམ་གྱི་སྒོ་ཁ་རུ་ཆེད་མཁས་རིམ་པའི་ལག་རྩལ་གྱི་སྨན་བཅོས་ལོངས་སུ་སྤྱོད་ཐུབ་པར་བྱས་པར་མ་ཟད།  ནད་པའི་སྨན་ཡོན་སོགས་ཁག་ཁུར་མང་པོ་ཞིག་གི་ཐད་སྟབས་བདེ་ཆེན་པོ་བཟོས་ཡོད་པས་མི་དམངས་མང་ཚོགས་ཀྱིས་ནད་སྟོན་དཀའ་བ་དང་སྟབས་མི་བདེ་བ་སོགས་ཀྱི་གནད་དོན་མང་པོ་ཞིག་ཐག་གིས་བཅད་ཡོད་པ་རེད”ཟེར།

“ད་ལོར་ང་ཚོས་མུ་མཐུད་དུ་རྒྱང་བསྟེན་ནད་བརྟག་བྱ་བ་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་དུས་ཚོད་དམ་འཛིན་བྱས་ཏེ། ད་ཡོད་ཀྱི་རྒྱང་བསྟེན་ནད་བརྟག་འཕྲིན་སྟེགས་དེས་ཞང་དང་གྲོང་རྡལ་ཞེ་བཞི་བོ་ཚང་མར་ཁྱབ་པར་བྱས་ཏེ། གཤགས་བཅོས་ཚོད་ལྟ་དང་ངོས་འཛིན་དཀའ་བའི་ནད་རིགས་ཐག་གཅོད་བྱེད་པ་སོགས་རྒྱང་བསྟེན་ཞབས་ཞུ་ལེགས་པོར་བསྒྲུབ་རྒྱུ་དང་། དེར་མ་ཟད་དེང་རབས་བརྡ་འཕྲིན་ལག་རྩལ་ལ་བརྟེན་ནས་དུས་ཚོད་དང་བར་སྟོང་གི་ཚོད་འཛིན་གྱི་བཀག་རྒྱ་གཏོར་ཏེ་རྒྱང་བརྟེན་ནད་བརྟག་བྱ་བའི་ཤུགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་བསྐྱེད་ནས། རྒྱང་བསྟེན་ནད་བརྟག་དེ་དངོས་ནས་མི་དམངས་མང་ཚོགས་ཀྱི་ཉེ་འགྲམ་གྱི་སྨན་བཅོས་ཆེད་མཁས་པར་འགྱུར་བར་བྱེད་དགོས།” མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མི་སྣས་དེ་ལྟར་ཟེར་བཞིན་རྒྱང་བསྟེན་ནད་བརྟག་གི་མ་འོངས་པའི་འཕེལ་རྒྱས་ཐད་ལ་ཡིད་ཆེས་ཀྱིས་ཁེངས་འདུག

རྒྱང་བསྟེན་ནད་བརྟག་མ་ལག་ནི་དངོས་གནས་མགོ་ལོག་རྩྭ་ཐང་གི་འབྲོག་པ་མང་ཚོགས་རྣམས་ཀྱིས་དུས་ཡུན་རིང་བོར་སེམས་གཏིང་ནས་རེ་སྒུག་བྱེད་བཞིན་པའི་དོན་དག་གལ་ཆེན་དེ་རེད།

                                                                                              ལོ་ཙཱ་བ། གཡང་འབུམ་རྒྱལ།