བརྩེ་བ་ཟབ་མོ་མཚོ་སྔོན་གྱི་ས་གཞི་ཆེན་མོར་བཅངས་པ།
2018.09.04 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 62

—རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་རིག་གནས་སམ་བདེ་ཐང་གཞི་རིམ་དུ་སྐྱེལ་བའི་བྱ་འགུལ་མཚོ་སྔོན་དུ་སྤེལ་བའི་སྐབས་ཀྱི་མཐོང་ཐོས་རགས་བཀོད།

མདོ་དབུས་མཐོ་སྒང་གི་ས་གཞི་མ་ལུས་སྔོ་ལྗང་ངེར་གནས་ཤིང་མེ་ཏོག་སྣ་ཚོགས་རྣམ་པར་བཞད་པའི་དབྱར་གཞུང་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ས་ཡ་ལྔ་དང་འབུམ་དགུ་ལ་ལེགས་སྐྱེས་ཐུན་མོང་མ་ཡིན་པ་ཞིག་བསྐྱེལ་ཡོང་བ་སྟེ། དེ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་རིག་གནས་སམ་བདེ་ཐང་གཞི་རིམ་དུ་སྐྱེལ་བའི་བྱ་འགུལ་མཚོ་སྔོན་དུ་སྤེལ་བ་དེ་རེད།

བྱ་འགུལ་དེ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་འ་ཞ་ཐང་ཆེན་དང་། ཟི་ལིང་གྲོང་ཁྱེར་གྱི་ཞིང་ཆེན་ལུས་རྩལ་ར་བ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་བཅས་ཡུལ་གང་ནས་ཀྱང་མང་ཚོགས་རྣམས་སྔ་མོ་ནས་ལུས་ལ་གཟབ་མཆོར་སྤྲས་ཏེ་ལྟད་མོ་བལྟ་རུ་ཡོང་། ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་སྔ་མོ་ནས་རིག་རྩལ་འཁྲབ་སྟོན་བྱེད་ཡུལ་དུ་བསྒྲིགས་པའི་ཨོང་སྟེགས་ཚང་མའི་སྟེང་དུ་ལྟད་མོ་བས་བཀང་བར་མ་ཟད། དེའི་མཐའ་འཁོར་དུའང་མང་ཚོགས་རྣམས་འཚང་ཁ་ཤིག་ཤིག་གིས་ཡར་ལངས་ནས་རིག་རྩལ་འཁྲབ་སྟོན་ལ་ལྟད་མོར་རོལ།

ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པས་འཁྲབ་པའི《སྤྲོ་སྐྱིད་ཀྱི་གར་སྟབས》ཞེས་པའི་གར་གྱི་སྟངས་སྟབས་དང་ལྟད་མོ་བ་རྣམས་ཀྱི་ཀུ་འབོད་དང་ཐལ་མོ་རྡེབ་སྒྲའི་ཁྲོད་ནས་འཁྲབ་སྟོན་བྱེད་མགོ་བརྩམས་སོང་།“མིའོ་རིགས་མེ་ཏོག”ཏུ་འབོད་པའི་དབྱི་ཏུའོ་ཡི《མིའོ་ལུང་མགྲོན་བསུ་གླུ་དབྱངས》ཞེས་པ་དང་། 2015ལོར་འཛམ་གླིང་ཡང་རྩེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་སྟེང་དུ་བྱ་དགའ་ཨང་དང་པོ་ཐོབ་པའི་ཐ་ཅི་ཁེ་རིགས་ཀྱི་གླུ་བ་ཨ་ཧུང་ཉི་ཁོ་ཡི《ཞིན་ཅང་རོལ་དབྱངས་མཉམ་ལེན》དང《ཕ་སྨི་ཨར་ནི་ངའི་ཕ་ཡུལ་ཡིན》ཞེས་པའི་གླུ་དབྱངས། བོད་རིགས་ཀྱི་གླུ་བ་ངག་དབང་གི《གནམ་ལམ》དང《གླུ་སྙན་མོ་དྲིན་ཅན་ཨ་མར་ལེན》ཞེས་པའི་གླུ་དབྱངས། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་གླུ་མ་དབྱང་ཆིན་ལེན་དང་གླུ་མ་ལིས་ཝེ་ཧོང་། གླུ་མ་ཆུས་པི་ཨ་བུའུ་གསུམ་གྱི་སོ་སོར《རྐེད་ཁྲ་མ》དང《ཀྲོང་རིགས་ཀྱི་སྤྲོ་གླུ》 《སོ་མ་མེ་ཏོག་བཞད་སོང》ཞེས་པའི་གླུ་དབྱངས། ཏ་ཝོར་རིགས་ཀྱི་ཐུན་མོང་ཞབས་བྲོ《གླུ་ལེན་ཞོར་དུ་བྲོ་འཁྲབ》དང་ཧ་ཉི་རིགས་ཀྱི《ལུང་ཁུག་གི་བྲག་ཅ》ཞེས་པའི་ཞབས་བྲོ། སོག་རིགས་ཀྱི《རྟ་མཆོག་ཡུལ་ལ་ལོག་པ》ཞེས་པའི་ཞབས་བྲོ་སོགས་གར་སྟེགས་སྟེང་དུ་རྒྱུན་དུ་མཐོང་དཀོན་པའི་གླུ་བ་གླུ་མ་མིང་གྲགས་ཅན་རྣམས་ཀྱིས་གླུ་བླངས་ཤིང་འཁྲབ་སྟོན་པ་རྣམས་ཀྱིས་བྲོ་འཁྲབ་པས། ཡུལ་དངོས་ཀྱི་སྟོང་བའི་མཁའ་དབྱིངས་སུ་དུས་ཚོད་གཉིས་ལྷག་གི་རིང་ལ་ལྟད་མོ་བ་རྣམས་ཀྱི་དགའ་བའི་འབོད་སྒྲ་དང་སྤྲོ་བའི་ཐལ་མོ་རྡེབ་སྒྲས་ཁེངས། ལེ་ཚན་དེ་དག་གིས་རང་རྒྱལ་གྱི་ས་གཞི་ཆེན་མོའི་ཕྱོགས་བཞི་མཚམས་བརྒྱད་དུ་གནས་པའི་གྲངས་ཉུང་མི་རིགས་ང་དྲུག་པོའི་ཡུལ་སྲོལ་གོམས་གཤིས་མཚོན་ལ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དུང་པ་ཟབ་མོ་མཚོ་སྔོན་གྱི་ས་གཞི་ཆེན་མོར་བཅངས་པའང་རེད།

“མི་རིགས་ཀྱི་ཕུལ་དུ་བྱུང་བའི་གླུ་བ་གླུ་མ་དང་འཁྲབ་སྟོན་པ་རྣམས་ཀྱིས་ལྟ་བས་ཆོག་མི་ཤེས་པའི་འདི་འདྲའི་ངོ་མཚར་ལྡན་པའི་འཁྲབ་སྟོན་བྱས་པར་ངེད་བཟའ་མི་གང་པོས་མཉམ་དུ་ལྟད་མོར་ལྟ་ཐུབ་པར་ངོ་མ་དགའ་བོ་བྱུང”ཞེས་ལག་ཏུ་སྐར་ལྔའི་དར་དམར་ཐོགས་པའི་ཧུའུ་ཀྲུའུ་རྫོང་ཝེ་ཡན་གྲོང་རྡལ་གྱི་ལིའུ་ཅ་ཡིས་གསར་འགོད་པར་དེ་ལྟར་བཤད་སོང་།

“མཚོ་ནུབ་ཁུལ་ནི་མི་རིགས་མང་པོ་མཉམ་དུ་སྡོད་པའི་ས་ཁུལ་ཞིག་ཡིན། མི་རིགས་སོ་སོའི་བར་གྱི་འབྲེལ་འདྲིས་ནི་ཧ་ཅང་འཆམ་མཐུན་ཡིན། ཐེངས་འདིའི་འཁྲབ་སྟོན་ལས‘མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ’ཞེས་པར་རྒྱུས་ལོན་ཇེ་ཟབ་ཏུ་བཏང་། ང་ཚོས་རྗེས་སུ་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ཏེ། མེས་རྒྱལ་དར་ཞིང་རྒྱས་པའི་སྨོན་འདུན་ཞུ་ངེས་ཡིན”ཞེས་གཏེར་ལེན་ཁ་གྲོང་ཁྱེར་གྱི་གཞིས་དམངས་ཀྲིན་ཧྥི་ལེན་གྱིས་འཁྲབ་སྟོན་གྱི་རྗེས་ནས་གསར་འགོད་པར་དེ་ལྟར་བཤད།

གསར་འགོད་པ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བདེ་ཐང་གཞི་རིམ་དུ་སྐྱེལ་བར་རྩ་འཛུགས་བྱས་པའི་པེ་ཅིན་ཆིན་ཧྭ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གི་ཆེད་མཁས་པ་རྣམས་དང་མཉམ་དུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་དུ་སོང་བ་ཡིན། ལས་ནས་གྲུབ་མ་ཐག་པའི་སྐབས་བསྟེན་ཐོག་ཁང་གི་སུམ་ཐོག་ནས་ཐེངས་འདིར་སྤེལ་བའི་བྱ་འགུལ་གྱི་མཛད་སྒོ་སྟབས་བདེ་ཞིག་སྤེལ་རྗེས། སྐབས་བསྟེན་ཐོག་ཁང་གི་ཁེར་ཐོག་གི་ནང་དུ་སོང་བ་ཡིན། དེ་རུ་རྨ་ལྷོ་ཁུལ་གྱི་རྫོང་བཞི་པོ་ནས་ཐོན་པའི་ནད་པ་རྒན་དར་གཞོན་གསུམ་སྔ་མོ་ནས་གྲལ་བསྒྲིགས་ཏེ་པེ་ཅིན་ནས་ཐོན་པའི་ཆེད་མཁས་པ་རྣམས་ལ་བསྒུགས་འདུག ཆེད་མཁས་པ་རྣམས་ཨོང་སྟེགས་སྟེང་དུ་ཙོག་མ་ཐག་ནད་པ་ཁ་ཤས་ཆེད་མཁས་པ་རྣམས་ཀྱི་མདུན་དུ་ཡར་འཚང་བ་ན། “ཁྱེད་རྣམས་འཚང་དགོས་དོན་མེད། ཆེད་མཁས་པ་རྣམས་ཀྱིས་ཉིན་བརྒྱད་ཀྱི་རིང་ལ་ང་ཚོའི་སྨན་ཁང་ནས་ནད་པ་གཅིག་ཀྱང་མ་ལུས་པར་བལྟ་རྒྱུ་ཡིན་པས། ནད་པ་གཅིག་ཀྱང་ལུས་སུ་མི་འཇུག”ཅེས་ཁུལ་སྨན་ཁང་གི་སྨན་པ་ཞིག་གིས་སྐད་གསང་མཐོན་པོས་ཡུལ་དངོས་ཀྱི་ནད་པ་རྣམས་ལ་དེ་ལྟར་བཤད།

“ཐེངས་འདིར་རྨ་ལྷོ་ཁུལ་ལ་ནད་བརྟག་ཏུ་ཐོན་པའི་པེ་ཅིན་ཆིན་ཧྭ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོའི་ཆེད་མཁས་པའི་ཚན་ཆུང་ནི་ཆེད་མཁས་པ་བདུན་ལས་གྲུབ་པ་དང་། ཁོ་ཚོ་ནི་སྙིང་ནད་དང་ཕྱི་བཅོས། མིག་ནད། ཀྲུང་ལུགས་སྨན་པ། མོ་ནད་དང་བུ་སྐྱེ། ཁོང་ནད་འཇུ་བྱེད། བྱིས་ནད་བཅས་ཀྱི་ཁྱབ་ཁོངས་ཀྱི་འབུམ་རམས་པ་དང་འབུམ་རམས་པ་གཞོན་པའི་སྨན་པ་རྐྱང་རྐྱང་ཡིན་པས། སོ་སོའི་ཁྱབ་ཁོངས་ཀྱི་ནད་རིགས་ངོས་འཛིན་དང་སྨན་བཅོས་ལ་བྱང་ཆ་ལྡན་ཞིང་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། ནད་བརྟག་གི་དུས་ཡུན་ཧ་ཅང་ཐུང་བས། ད་ཐེངས་རྨ་ལྷོ་ཁུལ་ལ་རོགས་རམ་གང་ཐུབ་བྱ་རྒྱུ་ཡིན་མོད། འོན་ཀྱང་། ང་ཚོས་ཐེངས་འདིའི་གོ་སྐབས་དམ་འཛིན་བྱས་ཏེ། འཇོན་མི་དཀོན་པ་དང་ལག་རྩལ་ཞན་པའི་རྨ་ལྷོ་ཁུལ་གྱི་སྨན་བཅོས་ལས་དོན་ལ་ཡུན་རིང་གི་རོགས་རམ་བྱེད་རྒྱུ་ཡིན། དཔེར་ན། སྨན་བཅོས་འཇོན་མི་རིན་པ་མེད་པར་སྐྱེད་སྲིང་བྱེད་རྒྱུ་དང་། རྒྱང་བསྟེན་ནད་བརྟག་བརྒྱུད་ནས་གསོ་རིག་གི་བསམ་བློ་བརྗེ་རེས་བྱེད་པ། ནད་ཀྱི་གནས་ཚུལ་ལ་བགྲོ་གླེང་བྱེད་པ། ད་རུང་དབུལ་ཕོངས་ཁྱིམ་ཚང་གི་ལྷན་སྐྱེས་སྙིང་ནད་བྱིས་པར་ལྗང་མདོག་བགྲོད་ལམ་གཏོད་པ་དང་། མིང་ཐོའང་མ་བཀོད་པར་ཐད་ཀར་སྨན་བཅོས་བྱས་ཆོག་ལ། འགྲོ་གྲོན་ཡང་ཕྱེད་ཀ་མ་གཏོགས་མི་བསྡུ”ཞེས་ཆིན་ཧྭ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོའི་འཕེལ་རྒྱས་གཞུང་ལས་ཁང་གི་ཀྲུའུ་རེན་མིའོ་ལི་ཡ་ཡིས་དེ་ལྟར་བཤད་བྱུང་།

རྨ་ལྷོ་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་ལང་ཁོ་ཡིས“རང་ཡུལ་གྱི་རྒྱ་ཆེའི་ནད་པ་མང་ཚོགས་ཀྱིས་ཁྱེད་ནད་བརྟག་ཆེད་མཁས་ཚན་ཆུང་ང་ཚོ་སྨན་ཁང་དུ་ཐོན་རྒྱུ་ཡིན་པ་ཤེས་རྗེས་སྔ་མོ་ནས་གྲལ་བསྒྲིགས་ཡོད། ནད་བརྟག་ཆེད་མཁས་ཚན་ཆུང་གིས་ང་ཚོའི་ནད་པ་རྣམས་ལ་སྨན་བཅོས་ལེགས་པོ་གནང་ངེས་པར་མ་ཟད། ང་ཚོའི་སྨན་པ་རྣམས་ལའང་འཕྲད་དཀའ་བའི་སློབ་སྦྱོང་གི་གོ་སྐབས་ཤིག་སྦྱིན་པ་ཡིན། རྗེས་ཕྱོགས་ཀྱི་ཉིན་བརྒྱད་ཀྱི་རིང་ལ་ནད་བརྟག་ཚན་ཆུང་དང་མཉམ་དུ་ནད་པའི་ནད་ལ་བརྟག་པ་དང་། ཁྱེད་ཚོའི་ཆེད་ལས་འཆད་ཁྲིད་ལ་མཉན་ནས། ཁྱེད་ཚོའི་བྱ་བ་སྒྲུབ་སྟངས་དང་བྱ་བའི་འདུ་ཤེས་ལ་སློབ་སྦྱོང་དང་དང་ལེན་བྱས་ཏེ། ང་ཚོ་སྨན་ཁང་གི་སྨན་པ་རྣམས་ཀྱི་སྨན་བཅོས་ལག་རྩལ་གྱི་ཕྱོགས་གང་ཐད་ནས་སྔར་བས་ཇེ་ལེགས་སུ་གཏོང་རྒྱུ་ཡིན”ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།