མཐོ་སྒང་སྟེང་གི་དབུལ་སྐྱོར་ཐོན་ལས་ཀྱི་ཁྲོམ་ར་ཞིག
2018.09.25 ཁུངས། ཀློག་གྲངས། 38

སྟོན་མགོར་སྐྱེ་རྒུའི་སྲང་ལམ་དུ་འཆམ་འཆམ་དུ་སོང་བ་ན། ནམ་མཁའ་ནི་གཡའ་དྭངས་ཤིང་སྔོ་སེང་སེང་དུ་སྣང་། འབའ་ཐང་གཙང་བོའི་འགྲམ་གྱི་རྩི་ཤིང་ནི་སྔོ་ལྗང་ལྗང་དུ་འདུག་ལ། མཛེས་སྡུག་ཡིད་གར་འོང་བའི་ཉི་འོད་དེ་ཡུས་ཧྲུའུ་གྲོང་གསར་ཡོངས་སུ་འོད་འོད་ཆེམ་ཆེམ་དུ་འཕྲོས་ཚེ་ཉམས་དགའ་བའི་སྣང་བ་ཞིག་སྟེར་ངེས།

ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། སྒྲོལ་མའི་གཉེར་བཞིན་པའི་ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་མཚོ་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཚོང་ཁང་དུ་བྲེལ་འཚུབ་ཀྱི་རྣམ་པ་ཞིག་གིས་ཁེངས་འདུག   ཡུས་ཧྲུའུ་ས་གནས་ཀྱི་ཤ་སྐམ་དང་ཤ་མོ། གྲོ་མ། མར། ཞོ། ཆུར་བ་སོགས་ཐོན་རྫས་ལས་སྣོན་དང་ཐོན་སྐྱེད། བདག་གཉེར་སོགས་བྱེད་པའི་མཉམ་ལས་ཁང་དེའི་ཉིན་རེའི་ལས་གཉེར་གྱི་ཡོང་སྒོ་མ་མཐའ་ཡང་སྒོར་སྟོང་གསུམ་ལ་སླེབས་ཡོད་པ་དང་།མཉམ་ལས་ཁང་དེས་འདི་སྐྱེ་རྒུ་གྲོང་རྡལ་དང་རོང་པོ་མཚོའི་སྡེ་བ་ཁ་ཤས།སྡོད་ཁུལ་བཅས་སུའང་ཐོན་རྫས་ཕྱིར་འཚོང་བྱེད་བཙུགས་ཡོད། ད་ལྟ་མཉམ་ལས་ཁང་དེའི་ནང་དུ་ལས་བཟོ་བ་ཞེ་ལྔ་ཡོད་པ་དང་། དེའི་ནང་གི་ལས་བཟོ་བ་ཉེར་གསུམ་ནི་ཡིག་ཚགས་ལས་ཏེ་བྱང་བུ་བཟོས་པའི་ཁྱིམ་ཚང་ཡིན། ད་ལྟ་སྒོར་མོས་འགྲོ་གྲོན་མེད་པར་ཡུས་ཧྲུའུ་གྲོང་ཁྱེར་ནང་ཁུལ་གྱི་དབུལ་སྐྱོར་ཐོན་ལས་ཀྱི་ཁྲོམ་རའི་ནང་དུ་འདུག་ཐུབ་པ་དེས་མཉམ་ལས་ཁང་གི་འཕེལ་རྒྱས་ལ་གོ་སྐབས་བཟང་པོ་ཞིག་བསྐྲུན་ཐུབ་པར་ང་ཚོར་ཡིད་ཆེས་ཆེན་པོ་ཡོད་ཅེས་སྒྲོལ་མའི་ཕྱོགས་གཅིག་ནས་མགྲོན་པོར་རྒྱ་མའི་སྟེང་གི་ཤ་མོ་ལ་ཐུམ་རྒྱག་ཞོར་དང་། ཕྱོགས་གཅིག་ནས་གསར་འགོད་པར་མཉམ་ལས་ཁང་གི་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་ཡོད།སྒྲོལ་མ་ཡོད་སའི་ཡུས་ཧྲུའུ་དབུལ་སྐྱོར་ཐོན་ལས་ཀྱི་ཁྲོམ་ར་དེའི་རྒྱ་ཁྱོན་ལ་ཕལ་ཆེར་སྨིད་གྲུ་བཞི་མ་སྟོང་དྲུག་ལྷག་ཡོད་པ་དང་། དེ་གྲོང་ཁྱེར་གཅིག་དང་རྫོང་ལྔའི་ཚོང་བའི་ཁྱིམ་ཚང་བརྒྱ་ལྷག་ལ་ཁེབས་པར་བྱས་ཡོད་ལ།ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་རིག་གནས་ཐོན་རྫས་དང་དེ་མིན་དབུལ་བོའི་ཁྱིམ་ཚང་ནས་ཉོས་པའི་ལས་སྣོན་མ་བྱས་པའི་ཐོན་རྫས་དང་ཞིང་ཕྱུགས་ཐོན་རྫས་ལྷག་མ་བཅས་ཐོན་རྫས་སྣ་ཁ་དགུ་བརྒྱ་ལྷག་ཕྱིར་འཚོང་བྱེད་བཞིན་ཡོད་པ་དེས་གོ་རིམ་མེད་པའི་འཕེལ་རྒྱས་དང་ངོ་བོ་གཅིག་མཚུངས་ཅན་གྱི་འགྲན་རྩོད་མི་ལེགས་པ་འབྱུང་བར་སྔོན་འགོག་བྱ་ཆེད། སྲིད་གཞུང་གིས་ཐོན་རྫས་ཀྱི་ཚད་གཞི་དང་རིན་གོང་གཅིག་གྱུར་བྱས་ཏེ། ཚོང་ཁང་སོ་སོའི་ཐོན་རྫས་ཀྱི་རྣམ་གྲངས་ཕྱོགས་བསྡུས་བྱས། ཚོང་ཁང་གི་སྤྱིའི་བདག་གཉེར་གསལ་བོར་བྱས་ཏེ། ཁྲོམ་ར་དེ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་བརྟན་པོ་བཏང་། གདུག་རྩུབ་ཆེ་བའི་རང་བྱུང་ཆ་རྐྱེན་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ། ནང་གནས་སྒུལ་ཤུགས་ནུས་མི་འདང་བ་སོགས་ཕྱོགས་མང་པོའི་གནད་དོན་ལ་གདོང་གཏད་ནས་ཡུས་ཧྲུའུ་གྲོང་ཁྱེར་གྱི་དབུལ་སྐྱོར་མཁྲེགས་གཏོར་ལ་རིགས་སྣ་མང་པོའི་དབུལ་ཕོངས་ཀྱི་ཁྱད་ཆོས་ཤིག་མངོན་འདུག ཆབ་སྲིད་ཀྱི་རོགས་འདེགས་དང་རོང་འབྲོག་མང་ཚོགས་ཀྱི་རྒྱབ་སྐྱོར་གྱི་འཕེལ་རྒྱས་འདུ་ཤེས་ལ་བརྩི་སྲུང་བྱས་པ་དང་བསྟུན་ནས། ཡུས་ཧྲུའུ་ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཚད་ཡོད་ནོར་སྲིད་དང་པེ་ཅིན་གྱི་རོགས་སྐྱོར་མ་དངུལ་ཁྲོད་ནས་སྒོར་མོ་བྱེ་བ་གཉིས་དང་འབུམ་དྲུག་ཁྲི་གཉིས་ལྷག་ཕྱིར་དུ་བླངས་ནས། ཧུར་ཐག་གིས་དབུལ་སྐྱོར་ཐོན་ལས་ཀྱི་ཁྲོམ་ར་དེ་ཡུས་ཧྲུའུ་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་ལྔའི་དབུལ་སྐྱོར་ཐོན་རྫས་ཕྱིར་འཚོང་གི་གར་སྟེགས་གལ་ཆེན་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱས་ཏེ། ཁེ་ལས་དང་དབུལ་ཕོངས་ཁྱིམ་ཚང་ལ་གི་ཁེ་ཕན་གཉིས་ཟུང་དུ་སྦྲེལ་བ་དང་།དབུལ་ཕོངས་ཁྱིམ་ཚང་ལ་ཁེ་བཟང་རེག་ཏུ་འཇུག་པ་དང་དབུལ་བོ་ལས་ཐར་བའི་དམིགས་འབེན་དུ་སླེབས་པ་མངོན་འགྱུར་བྱུང་ཡོད།ཁྲོམ་རར་སྡོད་པའི་ཡུས་ཧྲུའུ་གཙང་གསུམ་གཡང་ཊི་ལས་སྣོན་ཕྱིར་འཚོང་ཚད་ཡོད་ཀུང་ཟིས་ཡིག་ཚགས་ལས་ཏེ་བྱང་བུ་བཟོས་པའི་དབུལ་བོའི་ཁྱིམ་ཚང་གཙོ་བོར་བཟུང་ནས། ཕྱོགས་སོ་སོ་ནས་མ་དངུལ་གྲབས་གསོག་བྱས་ནས་འཕྲུལ་ཆས་ཉོ་བ་དང་། ལས་སྣོན་དགེ་རྒན་གདན་འདྲེན་ཞུས་ནས་རྡོ་ལ་ཞིབ་བལྟ་དང་གཡང་ཊི་ལས་སྣོན་གཙོ་ཁྲིད་དུ་བཟུང་ནས།ཚོང་རའི་ནང་དུ་ལག་དཀྲིས་དང་།ལག་གདུབ།ཕྲེང་བ་སོགས་ལས་སྣོན་རྒྱན་ཆ་འཚོང་བཞིན་ཡོད་པས་ཚོང་ར་ཅན་གྱི་བགྲོད་ལམ་སྟེང་དུ་བསྐྱོད་འགོ་ཚུགས་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཡུས་ཧྲུའུ་གཙང་གསུམ་གཡང་ཊི་ལས་སྣོན་ཕྱིར་འཚོང་ཚད་ཡོད་ཀུང་ཟི་བཙུགས་ནས་དབུལ་སྐྱོར་ཐོན་ལས་ཀྱི་ཁྲོམ་རར་གནས་སྡོད་བྱས་པ་དེས་ཡུས་ཧྲུའུ་གཡང་ཊིའི་ཚོང་ར་ཅན་གྱི་བདག་གཉེར་སྟོང་ཆ་བསྐངས་པ་མ་ཟད། རོང་འབྲོག་མང་ཚོགས་ཀྱི་དབུལ་ཐར་ཕྱུགས་བསྒྱུར་གྱི་ཐད་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན། ཡུས་ཧྲུའུ་གྲོང་ཁྱེར་གྱི་འགོ་གཙོ་གཞོན་པ་ཅིན་ཀོན་པུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། སྲིད་གཞུང་གིས་བསྟུན་མུར་ཐོན་ལས་འཕེལ་རྒྱས་ཐད་ལ་དངུལ་གཏོང་བར་སྣེ་ཁྲིད་བྱས་ཏེ།ཁྲོམ་ར་དེར་སྡོད་པའི་རོང་འབྲོག་མང་ཚོགས་ཀྱི་མཉམ་ལས་ཁང་ཡོད་ཚད་ལ་ལོ་གཉིས་ཀྱི་རིང་ལ་ཁང་གླ་མི་ལེན་པ་དང་། ཁྲལ་མི་བསྡུ་བའི་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་པ་དེས། རོང་འབྲོག་མང་ཚོགས་ཀྱི་ཚད་ཡོད་ཐོན་རྫས་དེ་ཚོང་ར་ཅན་དུ་བསྒྱུར་བ་དང་། རྒྱུན་མཐུད་ངང་རོང་འབྲོག་པའི་ཐོན་རྫས་ཀྱི་ཁ་སྣོན་རིན་ཐང་ཇེ་མཐོར་གཏོང་བར་ཁྲིད་སྟོན་བྱེད་འདོད་པ་དེ་རེད། བྱེད་ཐབས་ཅི་ཡོད་བཏོན་ནས་སྔོན་ཆད་རོང་འབྲོག་མང་ཚོགས་ལ་ཐོན་རྫས་ཡོད་ཀྱང་ཚོང་རྫས་མེད་པ་དང་། ཐོན་རྫས་ཡོད་ཀྱང་ཚོང་ལམ་མེད་པ།  ཐོན་སྐྱེད་ཡོད་ཀྱང་ཁེ་ཕན་མེད་པའི་རྣམ་པ་བསྒྱུར་ནས། དུས་ཡུན་རིང་པོར་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བ་མངོན་འགྱུར་བྱེད་ཆེད་སྤུས་ལེགས་ཞབས་ཞུའི་ཚོང་གཉེར་སྟེགས་བུ་ཞིག་འདོན་སྤྲོད་བྱས། ཀྲུང་གོའི་སྤྱི་ཚོགས་དབུལ་སྐྱོར་དྲ་བའི་གཙང་གསུམ་ཡུས་ཧྲུའུ་ཡན་ལག་སྐུད་འོག་ཞབས་ཞུ་དྲ་ཚིགས་ཀྱང་ཡུས་ཧྲུའུ་དབུལ་སྐྱོར་ཐོན་ལས་ཀྱི་ཁྲོམ་རའི་ནང་དུ་ཞུགས་པ་དང་། ཡན་ལག་དྲ་ཚིགས་ཚོང་གཉེར་ལ་སྲུང་སྐྱོང་དང་ཡིག་ཚགས་ལས་ཏེ་བྱང་བུ་བཟོས་པའི་དབུལ་བོའི་ཁྱིམ་ཚང་ལ་རོགས་རམ་བྱས་ནས་རོགས་སྐྱོར་དགོས་མཁོ་ཞབས་ཞུ་ས་ཚིགས་ཁྱབ་བསྒྲགས་བྱ་རྒྱུའི་འགན་འཁུར།

ཀྲུང་གོའི་སྤྱི་ཚོགས་དབུལ་སྐྱོར་དྲ་བའི་གཙང་གསུམ་ཡུས་ཧྲུའུ་ཡན་ལག་སྐུད་འོག་ཞབས་ཞུའི་དྲ་ཚིགས་ཀྱི་འགན་འཁུར་བ་ཉི་མ་རྟ་མགྲིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།ང་ཚོའི་གཙང་གསུམ་ཡུས་ཧྲུའུ་ཡན་ལག་དེ་ནི་ཟླ་དྲུག་པའི་ཟླ་སྨད་ལ་དངོས་སུ་ལས་འགོ་ཚུགས། དྲ་ཚིགས་ཀྱི་དྲ་ངོས་སུ་བརྩེ་སེམས་རོགས་སྐྱོར་དོན་དངོས་ཀྱིས་གཞི་གྲངས་དང་དབུལ་བོའི་ཁྱིམ་ཚང་ལ་ཁྱབ་བསྒྲགས་བྱས་པའི་རོགས་སྐྱོར་དགོས་མཁོ་གསལ་བོར་མངོན་ཡོད་པ་དང་།དབུལ་སྐྱོར་མང་ཚོགས་ཀྱིས་གྲབས་གསོག་བྱས་པའི་ལས་གཞིའི་ལེ་ཚན་དང་། རིག་གནས་དབུལ་སྐྱོར། སྐྱེ་ཁམས་དབུལ་སྐྱོར། གློག་རྡུལ་ཉོ་ཚོང་དབུལ་སྐྱོར། ཡུལ་སྐོར་དབུལ་སྐྱོར། དབུལ་སྐྱོར་གནས་ཚུལ་སོགས་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བའི་ལེ་ཚན་གསར་འཛུགས་བྱས་ཡོད་པ་དང་།  མིག་སྔར་ཡན་ལག་དྲ་ཚིགས་བཙུགས་ནས་ད་ལྟའི་བར་དུ་བསྡོམས་པའི་དབུལ་བོའི་ཁྱིམ་ཚང་ཁྲི་གསུམ་དང་སྟོང་དྲུག་བརྒྱ་དང་གྱ་གསུམ་ཐོ་འགོད་བྱས་པ་དང་།རོགས་སྐྱོར་དགོས་མཁོ་སྟོང་གཅིག་དང་བདུན་བརྒྱ་ཞེ་གཅིག་ཁྱབ་བསྒྲགས་བྱས་པ་དང་།  དབུལ་ཁྱིམ་བརྒྱ་དང་དོན་གཉིས་ལ་སྦྲེལ་མཐུད་བྱེད་པ་ལེགས་འགྲུབ་བྱུང་།བསྡོམས་པས་སྒོར་ཁྲི་བརྒྱད་དང་སྟོང་གསུམ་བརྒྱད་བརྒྱ་རེ་བདུན་ཞལ་འདེབས་སུ་ཕུལ། གོང་གི་གཞི་གྲངས་དག་ཆ་སྙོམས་ཀྱིས་དོན་དངོས་གཞི་གྲངས་སྦྲེལ་མཐུད་བྱས་པའི་ཚན་བྱང་སྟེང་དུ་མངོན་པར་བྱས་ཡོད་ཟེར།

ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་པར་ཁྲོམ་རར་མགོ་བརྩམས་པ་ནས་ད་ལྟའི་བར་དུ། ཡུས་ཧྲུའུ་དབུལ་སྐྱོར་ཐོན་ལས་ཀྱི་སྲང་ལམ་འདིས་སྲང་ཁུལ་གྱི་ཞབས་ཞུ་རྣམ་པ་འཐུས་ཚང་དུ་བཏང་བ་དང་། རོང་འབྲོག་པའི་ཐོན་རྫས་ཀྱི་སྤུས་ཀ་མཐོར་འདེགས་སུ་བཏང་། དྲ་ཚིགས་ཀྱི་ལེགས་ཆ་བཀོལ་སྤྱོད་ལེགས་པོ་བྱས་ནས་སྲང་ཁུལ་དུ་སྡོད་པའི་རིགས་སོ་སོའི་མཉམ་ལས་ཁང་དང་ཁེ་ལས། གློག་རྡུལ་ཉོ་ཚོང་གར་སྟེགས་སོགས་བསྡོམས་པའི་ཐད་ཀར་དུ་དབུལ་བོའི་ཁྱིམ་ཚང་གི་མི་སྣ་ལྔ་བརྒྱ་ལྷག་གི་ལས་རྐང་བསྡུ་ལེན་བྱས་ལ། མི་རེར་ཆ་སྙོམས་ཀྱི་ལོ་རེའི་ཡོང་སྒོ་སྒོར་ཁྲི་གཉིས་གཡས་གཡོན་ཡོད་པ་དང་། དབུལ་བོའི་ཁྱིམ་ཚང་སྟོང་དྲུག་དང་སུམ་བརྒྱ་ལྷག་ལ་སྐུལ་ཁྲིད་བྱས་ནས། མི་གྲངས་ཉིས་ཁྲི་ཉིས་སྟོང་གི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་བདུན་བརྒྱ་དང་བཅུ་འཕར་སྣོན་བྱུང་།

འོད་སྟོང་འབར་བའི་གྲུབ་འབྲས་གཞི་གྲངས་ཡིན་ནའང་འདྲ། དབུལ་བོའི་ཁྱིམ་ཚང་གི་བརྟན་འཇགས་ཡོང་སྒོའི་གྲངས་ཀ་ཡིན་ནའང་འདྲ། ཡུས་ཧྲུའུ་དབུལ་སྐྱོར་ཐོན་ལས་ཀྱི་ཁྲོམ་ར་དེས་དབུལ་བོའི་ཁྱིམ་ཚང་རེ་རེ་འབྱོར་འབྲིང་གི་གསེར་གྱི་ཕོར་བ་རེ་སྦྱིན་པ་མ་ཟད། མུ་མཐུད་དུ་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་ཆེན་སྟེང་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པར་རོགས་འདེགས་བྱས།
                                                                                                                              ལོ་ཙཱ་བ། སྐར་མ་མཚོ།