དམངས་ཕན་སྲིད་ཇུས་ལག་བསྟར་བྱས་པས། འབྲོག་པ་མང་ཚོགས་ཀྱི་སེམས་སུ་དྲོད་འཁོལ་སྦྱིན།
2018.09.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 68

སྟོན་གྱི་དུས་ཚིགས་འདིར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ནམ་ཟླ་ཅུང་འཁྱག་པ་ཞིག་རེད། ལྷ་མོ་སྐྱབས་ཀྱིས་རང་ཁྱིམ་གྱི་བར་ཁྱམས་སུ་སྣང་བ་སྐྱིད་པའི་སྒོ་ནས་འོ་ཇ་འཐུང་ཞོར་ཉི་མར་ལྡེ་བཞིན་ཡོད་ལ། ནད་ཀྱང་ཕལ་ཆེར་སང་དྲགས་སུ་གྱུར་ཡོད།

ད་ལོ་ལོ་ཉེར་གསུམ་ཡིན་པའི་ལྷ་མོ་སྐྱབས་ནི་རྨ་ཆེན་རྫོང་རྟ་བོ་ཞང་རི་རྒྱུད་སྡེ་བའི་ཡིན་ལ། ལོ་བཞིའི་སྔོན། ལྷ་མོ་སྐྱབས་ཀྱིས་མཐོ་འབྲིང་འགྲིམ་སྐབས་སུ། ཞིབ་བཤེར་བྱས་ཏེ་གཅིན་དུག་ནད་བྱུང་ཡོད་པ་ཤེས་ལ། དེ་ནི་སྤྱིར་བཏང་གི་འབྲོག་པ་ཁྱིམ་ཚང་ཞིག་ལ་མཚོན་ན་མགོ་ཐོག་ཏུ་གནམ་རྡིབ་པ་ལྟ་བུ་ཞིག་རེད། ནད་བརྟག་ངོས་འཛིན་བྱས་རྗེས། ལྷ་མོ་སྐྱབས་སློབ་མཚམས་བཞག་པ་དང་། རྒྱལ་ཡོངས་ཀྱི་སྨན་ཁང་ཆེན་པོ་དག་ཏུ་སོང་ཡང་ནད་གཞི་ཇེ་བཟང་དུ་མ་ཡོང་ལ། ཁྱིམ་གྱི་མ་དངུལ་ཚང་མ་བཀོལ་ཚར།

ན་ནིང་། ལྷ་མོ་སྐྱབས་ལ་ཁྲིན་ཏུའུ་ཧྭ་ཞི་སྨན་ཁང་དུ་མཁལ་མ་བརྗེ་བའི་གཤག་བཅོས་བྱས་པ་དང་། ཨ་མས་རང་ཉིད་ཀྱི་མཁལ་མ་གཅིག་ལྷ་མོ་སྐྱབས་ལ་བྱིན་པ་དང་། གཤག་བཅོས་ཀྱི་འགྲོ་གྲོན་སྒོར་ས་ཡ་གསུམ་ལྷག་ལ་སླེབས། དེ་ནི་ལྷ་མོ་སྐྱབས་ཚང་ལ་མཚོན་ན་གནམ་དཔྱད་ཀྱི་གྲངས་ཀ་ཞིག་རེད། སྒོར་མོ་དེ་དག་ཇི་ལྟར་ཐག་གཅོད་དགོས་ཞེ་ན། ལྷ་མོ་སྐྱབས་ཀྱི་ཨ་མས་ག་ས་གང་དུ་སྒོར་མོ་བསྐྱིས་པ་དང་། སྡེ་བའི་ནང་དུ་རྩ་འཛུགས་བྱས་ཏེ་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་གསུམ་ཞལ་འདེབས་སུ་ཕུལ་བ་དང་། མཐར་མཇུག་སྒོར་མོ་འཛོམས་པས། གཤག་བཅོས་བྱས་པ་ཧ་ཅང་ལེགས་འགྲུབ་རེད།

གཤག་བཅོས་བྱས་ཚར་རྗེས། རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་དང་དམངས་སྲིད་ཀྱི་རོགས་སྐྱོར། ཚོང་ལས་ཉེན་ཚབ་སོགས་དམངས་ཕན་སྲིད་ཇུས་རབ་དང་རིམ་པར་བརྟེན་ནས། གཤག་བཅོས་གྲོན་དངུལ་སྒོར་ས་ཡ་གཅིག་དང་འབུམ་བདུན་རྩིས་ཞུ་བྱས་པ་དང་། སྤྱིར་བཏང་གི་འབྲོག་པ་ཁྱིམ་ཚང་དེའི་འགན་ཁུར་ཅུང་ཇེ་ཡང་དུ་བཏང་།

དེ་ལས་ཀྱང་དགའ་འོས་པ་ཞིག་ནི། ཉེན་ཁང་བསྒྱུར་བཀོད་ཀྱི་ལས་གཞིའི་ཁྲོད། ལྷ་མོ་སྐྱབས་ཚང་ཉེན་ཁང་བསྒྱུར་བཀོད་ཀྱི་ལས་གཞིའི་གྲས་སུ་བཞག་ཡོད།

2010ལོར། འབྲོག་པའི་གཏན་སྡོད་བཟོ་སྐྲུན་ཁྲོད། ལྷ་མོ་སྐྱབས་ཚང་མཁར་གྲོང་དུ་གནས་སྤོར་བྱས་པ་དང་། ཁང་གསར་ནང་སྡོད་ཐུབ་པ་བྱུང་། འོན་ཀྱང་། ལོ་འགའ་འགོར་རྗེས། ཁང་བ་རྙིང་པར་གྱུར་ཡོད། ན་ནིང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་གཉིས་དང་སྟོང་ལྔ་བྱིན་ནས། ལྷ་མོ་སྐྱབས་ཚང་གི་ཁང་བ་སླར་གསོ་བྱས་པ་དང་། ཡང་བསྐྱར་ཁང་བའི་མཐིལ་ཤིང་བརྗེ་བ་དང་ཁྱམས་རར་ཤེལ་ཁང་ལས་ལ། ཁང་ཀླད་ལ་ཡང་ལྕགས་ཀྱི་རྒྱུ་ཆ་བཞག་ནས་སྲ་བརྟན་དུ་བཏང་བས། ལྷ་མོ་སྐྱབས་བཟའ་མི་གང་བོ་ཡང་བསྐྱར་ཁང་གསར་ནང་དུ་འདུག་ཐུབ་པ་བྱུང་།

ལྷ་མོ་སྐྱབས་ཀྱིས་གདོང་ལ་མཆི་མ་འཁོར་བཞིན་བཤད་རྒྱུར། “ད་ལྟ་དམངས་ཕན་སྲིད་ཇུས་འདི་འདྲ་མང་ལ། ང་ཚོའི་འབྲོག་པའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད། ངས་ནད་རྩ་བ་ནས་དྲགས་རྗེས། ང་ད་དུང་ཕྱིར་སློབ་གྲྭར་སོང་ནས་སློབ་ཆེན་དུ་རྒྱུགས་སྤྲོད་རྒྱུ་ཡིན་ལ། དེ་ལྟར་བྱས་ན་ད་གཟོད་ང་ལ་རོགས་སྐྱོར་བྱས་པའི་མི་རྣམས་ཀྱི་རེ་བ་གཏོང་ཟད་དུ་མི་གཏོང་བ་དང་། དམངས་ཕན་སྲིད་ཇུས་འདི་འདྲ་མང་པོའི་རེ་བ་ཆུད་ཟོས་སུ་མི་གཏོང”ཟེར།

དངོས་གནས་དེ་འདྲ་ཡིན་ལ། འབྲོག་ཁུལ་གྱི་དམངས་ཕན་སྲིད་ཇུས་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ལོ་རེ་ནས་ལོ་རེར་ཇེ་བཟང་རེད། སྡོད་ཁང་དང་སློབ་གསོ། སྨན་བཅོས་སོགས་ཀྱི་དམངས་ཕན་སྲིད་ཇུས་རྩྭ་ཐང་དུ་ལག་བསྟར་བྱས་པས། དེ་ནི་རྩྭ་ཐང་གི་ཉི་མ་དང་འདྲ་ལ། འབྲོག་པ་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་འོད་སྣང་སྦྱིན་བཞིན་ཡོད།

ཁྱད་ཆོས་ལྡན་པའི་ཉིས་ཐོག་ཅན་གྱི་ཁང་བ་ཕྲེང་ལྟར་བསྒྲིགས་ཡོད་ལ། ཁྱིམ་ཚང་རེ་རེའི་སྒོའི་སྟེང་དུ་ཏང་དར་དང་རྒྱལ་དར་རླུང་གིས་ལྷབ་ལྷུང་བསྐྱོད་བཞིན་ཡོད། གལ་ཏེ་མི་ཞིག་གིས་མཚམས་སྦྱོར་མ་བྱས་ན། མི་རྣམས་ཀྱི་གནས་དེ་ནི་འབྲོག་པའི་སྡོད་ཁུལ་གསར་བ་ཡིན་པ་ཡིད་ལ་ཡང་ཤར་མི་ཐུབ་ལ། གནས་དེ་ནི་དར་ལག་རྫོང་གླིང་དཀར་སྡོད་ཁུལ་ཡིན་པ་དང་། དར་ལག་རྫོང་གི་ས་གནས་གཞན་ལ་སྤར་བའི་འདུས་སྡོད་གནས་རེད།

དར་ལག་རྫོང་རྒྱུད་སྨད་གྲོང་རྡལ་བྲག་ཆར་སྡེ་བའི་ཚེ་རྒྱམ་གྱི་ཁྱིམ་དུ་བཟའ་མི་དྲུག་ཡོད་པ་དང་། སྡེ་བའི་ནང་གི་ཡིག་ཚགས་བཙུགས་ནས་བྱང་བུ་ལས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ཡིན་ལ། དེ་སྔོན་སྡེ་བའི་ནང་དུ། ལོ་གཅིག་གི་ཡོང་སྒོ་ནི་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་དང་མི་གཞན་ལ་ཕྱུགས་རྫི་བྱེད་པ་ལས་བཙལ་བ་རེད། ལོ་གཅིག་གི་ནང་སྒོར་མང་པོ་བཙལ་མི་ཐུབ་ལ། བྱིས་པ་གཉིས་སློབ་གྲྭར་འགྲོ་བ་སྟབས་མི་བདེ་ལ། རྒན་པ་ནད་ལ་སྟོན་པར་ཡང་སྟབས་མི་བདེ།

2016ལོའི་ལོ་མཇུག་ཏུ། ས་གནས་གཞན་ལ་གནས་སྤོར་བའི་སྲིད་ཇུས་ཁྲོད་ཚེ་རྒྱམ་ཚང་རྒྱུད་སྨད་གྲོང་རྡལ་གླིང་དཀར་སྡོད་ཁུལ་དུ་གནས་སྤར་ནས་འཚོ་བ་རོལ་མགོ་བརྩམས་པ་དང་། ཉིས་ཐོག་ཅན་གྱི་ཁང་བའི་ནང་སྡོད་ཐུབ་པ་བྱུང་ལ། རང་གིས་སྐར་གང་ཡང་བྱིན་མེད། གྲོང་ཁྱེར་དུ་གནས་སྤར་རྗེས། ཚེ་རྒྱམ་སྡོད་ཁུལ་གྱི་དོ་དམ་པར་གྱུར་བ་དང་། ལོ་གཅིག་ལ་སྒོར་ཁྲི་གཉིས་ཡས་མས་ཀྱི་ཡོང་སྒོ་ཡོད། ཚེ་རྒྱམ་གྱིས་ད་ལྟའི་འདི་ལྟར་འདུག་འདོད་མེད་པར། ཚེམ་བཟོའི་ལག་རྩལ་སྦྱངས་ནས་བཟོ་ཁང་ཆུང་བ་ཞིག་འབྱེད་འདོད་ཡོད་ལ། བོད་ལྭ་བཟོས་ནས་ཡོང་སྒོ་འཕར་སྣོན་གཏོང་འདོད་ཡོད།

ཡངས་ཤིང་རྒྱ་ཆེ་བའི་འགྲུལ་ཁང་དུ། ཚེ་རྒྱམ་གྱིས་གདོང་ལ་བདེ་སྐྱིད་ཀྱི་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། ཁང་བ་འདི་འདྲའི་བཟང་བོ་ཞིག་གི་ནང་དུ་འདུག་ཐུབ་པ་ཡིད་ལ་ཡང་ཤར་མ་མྱོང་ལ། གྲོང་ཁྱེར་གྱི་མིས་འཚོ་བ་རོལ་ཐུབ་བྱུང་བས། སློབ་གྲྭར་འགྲོ་བ་དང་འཕྲིན་གཏོང་། འགྲིམ་འགྲུལ། ནད་ལ་སྟོན་པ་སོགས་ཕྱོགས་གང་ཐད་ནས་སྟབས་ཇེ་བདེ་སོང་ཡོད་ལ། ལས་ཞུགས་ཀྱི་གནད་དོན་ཡང་ཐག་གཅོད་བྱས་པས། རྗེས་ཕྱོགས་ཀྱི་སེམས་ཁྲལ་མེད་པར་གྱུར་བ་དང་། ང་ཚོ་འབྲོག་པ་མང་ཚོགས་ཀྱིས་དམངས་ཕན་སྲིད་ཇུས་མང་པོ་རོལ་མྱོང་བྱེད་ཐུབ་ཡོད་ཟེར།

ཚེ་རྒྱམ་དང་འདྲ་བར་ས་གནས་གཞན་ལ་གནས་སྤར་ནས་ཁང་བ་གསར་བའི་ནང་བསྡད་ཡོད་པའི་འབྲོག་པ་མང་པོ་ཡོད། དར་ལག་རྫོང་དུ2016ལོར་གནས་སྤོར་བྱས་པའི་ཁྱིམ་ཚང་དྲུག་བརྒྱ་སོ་གཅིག་དང་མི་གྲངས་སྟོང་གཉིས་སུམ་བརྒྱ་བཞི་བཅུ་ཡོད། 2017ལོར་གནས་སྤར་བའི་ཁྱིམ་ཚང་བརྒྱད་བརྒྱ་བདུན་ཅུ་དང་མི་གྲངས་སྟོང་བཞི་ཉིས་བརྒྱ་དོན་གཅིག་ཡོད་ལ། ད་ལོར་གནས་སྤར་བའི་ཁྱིམ་ཚང་བཞི་བརྒྱ་ང་དགུ་དང་མི་གྲངས་སྟོང་གཅིག་དང་སུམ་བརྒྱ་ཞེ་གསུམ་ཡོད། མིག་སྔར། དར་ལག་རྫོང་གི་ཡིག་ཚགས་བཙུགས་ནས་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་ཡོངས་ཀྱི་ཁང་བ་མེད་པ་དང་ཉེན་ཁ་ཡོད་པའི་ཁང་བའི་གནད་དོན་ཐག་གཅོད་བྱས།

མགོ་ལོག་ཁུལ་གྱིས་འབྲོག་པའི་སྡོད་ཁང་གི་གནད་དོན་དེ་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཞིག་ཏུ་དམ་འཛིན་བྱེད་བཞིན་ཡོད་པ་དང་། ཕྱོགས་ཡོངས་ནས་སྡོད་གནས་ཡོད་པའི་བཟོ་སྐྲུན་ལ་སྐུལ་འདེད་བྱས་པས། 2017ལོར་སྤྱིལ་ཁྱིམ་ཁུལ་བསྒྱུར་བཀོད་ཀྱི་ཁང་བ་སྟོང་གཅིག་དང་དགུ་བརྒྱ་དགུ་བཅུ་དང་། ད་ལོར་ཁང་བ་དྲུག་བརྒྱ་ཞེ་ལྔ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། 2014ལོ་ནས་ད་ལྟའི་བར། ཁུལ་ཡོངས་ཀྱིས་རོང་འབྲོག་པའི་ཉེན་ཁང་ཁྲི་གཉིས་དང་སྟོང་གཉིས་བརྒྱ་དང་ཞེ་དགུ་བསྒྱུར་བཀོད་བྱས།

དར་ལག་རྫོང་གི་དུས་སྐབས་དང་པོའི་དབུལ་སྐྱོར་ཐོན་ལས་ར་བ་རུ་ཐོན་པ་ན། རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་བཅུ་གཉིས་ཀྱི་བྱིས་པས་གསོ་སྦྱོང་བྱེད་བཞིན་ཡོད་ལ། བྱིས་པ་རྣམས་ཀྱིས་དམག་ལྭ་གོན་ནས་དམག་སྦྱོང་བྱེད་བཞིན་ཡོད་པ་དང་། སྦྱོང་བརྡར་བྱས་རྗེས། བྱིས་པ་རྣམས་ལ་རང་ཉིད་དང་མཚམས་པའི་རྩལ་ནུས་ཤེས་སུ་འཇུག་རྒྱུ་རེད།

ད་ལོ་ལོ་ཉེར་གཉིས་ཡིན་པའི་གཡུ་སྒྲོན་ནི་དར་ལག་རྫོང་སྟག་ཐོག་ཞང་ཁོ་ཆུ་སྡེ་བའི་ཡིན་ལ། ཁྱིམ་དུ་མི་བརྒྱད་ཡོད། གཡུ་སྒྲོན་ལ་ནུ་བོ་ལྔ་ཡོད་ལ། ན་ནིང་གཡུ་སྒྲོན་གྱིས་ཧུའུ་པེ་དཔལ་འབྱོར་སློབ་གླིང་དུ་རྒྱུགས་འཕྲོད་པ་དང་། སྲིད་གཞུང་གིས་བྱ་དགའི་རོགས་དངུལ་སྒོར་སྟོང་ལྔ་བྱིན། སྒོར་སྟོང་ལྔ་ནི་གཡུ་སྒྲོན་ལྟ་བུའི་དབུལ་ཕོངས་ཁྱིམ་ཚང་ལ་མཚོན་ན་དགའ་འོས་པའི་དོན་ཞིག་ཡིན་མོད། འོན་ཀྱང་། གཡུ་སྒྲོན་གྱི་ཁྱིམ་དུ་ཡོང་སྒོ་བཙལ་མཁན་ཨ་ཕ་གཅིག་པུ་མ་གཏོགས་མེད་ལ། མོའི་ཨ་ཕར་མཐོ་སྒང་གི་དལ་བའི་རང་བཞིན་གྱི་ནད་ཡོད་པས། ལས་ཀ་ལྗིད་མོ་ལས་མི་ཐུབ་པ་དང་། ཁྱིམ་དུ་ཕྱུགས་ཟོག་ཀྱང་མེད་པས། ལོ་གཅིག་གི་ཡོང་སྒོ་རྩྭ་སའི་ཁ་གསབ་ཁོ་ནར་བརྟེན་བཞིན་ཡོད། གཡུ་སྒྲོན་གྱི་སློབ་ཆེན་གྱི་སློབ་སྐབས་གཅིག་གི་སློབ་ཡོན་དང་འཚོ་བའི་གྲོན་དངུལ་སྒོར་ཁྲི་གཉིས་ཡས་མས་ཡིན་པས། ཁོ་ཚང་གིས་སྒོར་མོ་དེ་འདྲ་མང་པོ་དང་ལེན་བྱེད་མི་ཐུབ་པས། སློབ་སྐབས་གཅིག་གི་རྗེས་སུ་གཡུ་སྒྲོན་སློབ་གྲྭ་ལས་ཕྱིར་བུད་ནས། ཕྱི་རུ་ཞོར་ལས་སུ་སོང་ནས་ཁྱིམ་གྱི་འཚོ་བར་ཁ་གསབ་བྱས།

ཕྱིར་རང་ཡུལ་དུ་ལོག་རྗེས། རྫོང་གིས་དབུལ་ཕོངས་ཁྱིམ་ཚང་གི་ལས་ཀ་བ་རྣམས་ལ་རྩལ་ནུས་གསོ་སྦྱོང་བྱེད་བཞིན་ཡོད་ལ། གཡུ་སྒྲོན་གྱིས་མིང་ཐོ་བཀོད་ནས་ཟབ་ཞུགས་བྱས། དང་ཐོག་གསོ་སྦྱོང་བྱེད་པ་ནི་སྒྲིག་ཁྲིམས་འདུ་ཤེས་དང་མཐུན་སྒྲིལ་གྱི་འདུ་ཤེས་ཡིན་ལ། གསོ་སྦྱོང་བྱས་རྗེས་རང་ཉིད་ཀྱི་དགའ་ཕྱོགས་ལྟར་རྩལ་ནུས་སློབ་སྦྱོང་བྱེད་དུ་འཇུག་བཞིན་ཡོད། གསོ་སྦྱོང་བྱས་ཚར་རྗེས། སྲིད་གཞུང་གིས་གཅིག་གྱུར་སྒོས་ལས་ཞུགས་ལས་གནས་འདོན་སྤྲོད་བྱེད་བཞིན་ཡོད།

གཡུ་སྒྲོན་གྱི་བསམ་ཚུལ་ལྟར་ན། མོ་ནི་མགྲོན་ཁང་ཆེན་མོ་ཞིག་གི་ཞབས་ཞུ་བ་བྱེད་འདོད་ཡོད་ཟེར།

ལས་ཞུགས་ནི་དམངས་ཚིས་ཀྱི་གཞི་རྩ་ཡིན། མགོ་ལོག་ཁུལ་གྱིས་སྲིད་ཇུས་ལག་བསྟར་བཟང་བོ་བྱས་ཏེ། སྤྱི་ཞབས་པ་དང་ལས་དོན་ལས་ཁུངས་སུ་ཡོངས་བསྒྲགས་རྒྱུགས་ལེན་བྱེད་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་མི་སྣ་བསྡུ་བ། དམིགས་བསལ་ལས་རྐང་གི་དགེ་རྒན། མཚོ་སྔོན་ལྷོ་ཕྱོགས་ཀྱི་འཆར་འགོད། འདེམས་མངག་སློབ་མ། “ཞིང་སྡེ་དང་སློབ་གསོ། སྨན་བཅོས་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་། དབུལ་སྐྱོར་བྱེད་པ།”མྱུར་བགྲོད་གཞུང་ལམ་གྱི་དངུལ་ལེན་མི་སྣ་བསྡུ་བ་སོགས་ཀྱི་འབྲེལ་ལམ་བརྒྱུད་ནས། སློབ་ཆེན་དང་འབྲིང་རིམ་ཆེད་ལས་མཐར་ཕྱིན་མི་སྣའི་ལས་ཞུགས་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས།

ན་ནིང་། ཁུལ་ཡོངས་སུ་གསར་དུ་ལས་ཞུགས་བྱས་པའི་མི་གྲངས་སྟོང་གཅིག་དང་སུམ་བརྒྱ་ཉེར་དགུ་ཡོད་པ་དང་། མཁར་གྲོང་གི་ལས་ཤོར་མི་སྣས་ཡང་བསྐྱར་ལས་ཞུགས་བྱས་པའི་མི་གྲངས་སུམ་བརྒྱ་བཅུ་གཉིས། མཁར་གྲོང་གི་ལས་ཞུགས་དཀའ་བའི་མི་སྣའི་ལས་ཞུགས་བྱས་པའི་མི་གྲངས་ང་ལྔ། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ས་གནས་གཞན་དུ་ཞོར་ལས་སུ་སོང་བའི་མི་གྲངས་ཁྲི་གཅིག་དང་སྟོང་གསུམ་བརྒྱ་ཡོད་པ་དང་། ལས་ཞུགས་ཀྱི་ཡོང་སྒོ་སྒོར་བྱེ་བ་ལྔ་དང་ས་ཡ་གཉིས་འབུམ་ལྔ་ཁྲི་དགུ་ཡོད།

ཏན་ཏན་ཏིག་ཏིག་གིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དེ། མཐར་གཏུགས་ན་ཐབས་རྒྱ་ཇུས་སྟོང་གིས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་རྒྱུ་དེ་ཡིན་ལ། སྲོལ་རྒྱུན་གྱི་སྐྱེ་ཁམས་ཕྱུགས་ལས་ནས་མགོ་རྩོམ་དགོས།

དགའ་བདེ་རྫོང་གངས་ལུང་ཞང་གངས་ལུངས་སྡེ་བས་འབྲོག་པ་ཀ་བསམ་གྱིས་རང་ཁྱིམ་གྱི་ནོར་ལྔ་བཅུ་དང་། སྤྱི་ཆིང་བརྒྱ་དང་སོ་གསུམ་ཡོད་པའི་རྩྭ་ས་མ་རྐང་བྱས་ཏེ་གངས་ལུང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་ཞུགས་པ་དང་། ཀ་བསམ་དང་ཆུང་མ་ཚེ་སྒྲོན་གཉིས་མཉམ་ལས་ཁང་དུ་ཡོང་ནས་ཕྱུགས་རྫི་དང་འོ་མ་བཞོ་མཁན་བྱས་ཏེ། ཟླ་རེར་གླ་ཕོགས་ལེན་བཞིན་ཡོད། ན་ནིང་། ཀ་བསམ་གྱིས་མཉམ་ལས་ཁང་དུ་བཞག་པའི་མ་རྐང་ལ་ཡོང་སྒོ་བགོ་བཤའ་སྒོར་ཁྲི་གཅིག་དང་སྟོང་གཅིག་ཉིས་བརྒྱ་བྱིན་པ་དང་། ཀ་བསམ་གྱིས་ཟླ་རེར་ཕྱུགས་འཚོས་ན་སྒོར་སྟོང་གཅིག་དང་ལྔ་བརྒྱ་ཡོད་ལ། ཆུང་མས་འོ་མ་བཞོས་ན་ཟླ་རེར་སྒོར་སྟོང་གཅིག་ཡོད་པས། ན་ནིང་ལོ་གང་བོར། ཀ་བསམ་ཚང་གི་ཡོང་སྒོ་ཆེས་ཉུང་ན་ཡང་སྒོར་ཁྲི་གསུམ་ལ་སླེབས་ཡོད། དེའི་ཁྲོད་རྩྭ་སའི་ཁ་གསབ་སོགས་སྲིད་ཇུས་རང་བཞིན་གྱི་ཡོང་སྒོ་འདུས་མེད།

གངས་ལུང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལྟ་བུ་རྩྭ་ས་དང་ནོར་ལུག་བརྒྱ་ཆའི་བརྒྱ་མ་རྐང་དུ་བཞག་པའི་མཉམ་ལས་ཁང་མགོ་ལོག་ཁུལ་དུ་མང་པོ་མེད། འབྲོག་པ་མཉམ་ལས་ཁང་དུ་ཞུགས་རྗེས། ངལ་རྩོལ་བྱེད་མི་དགོས་པ་དང་ཆབས་ཅིག ད་དུང་ཚན་རིག་ལྟར་གསོ་སྤེལ་བྱས་པས། ཡོང་སྒོ་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་བ་དང་། ན་ནིང་སྒོར་ས་ཡ་གཉིས་དང་འབུམ་དྲུག་བགོ་བཤའ་རྒྱབ་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་བྱས་ན་སྒོར་ཁྲི་གཅིག་ཡས་མས་ཡོད།

དམངས་ཚིས་བཟོ་སྐྲུན་མང་པོ་ལག་བསྟར་བྱེད་བཞིན་ཡོད་ལ། འབྲོག་པ་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ལྡན་ཚད་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། དམངས་ཕན་སྲིད་ཇུས་ཀྱི་ཉི་འོད་ལྟར་རྩྭ་ཐང་གི་ག་ས་གང་དུ་ཁྱབ་ཡོད་ལ། འབྲོག་པ་ཁྱིམ་ཚང་རེ་རེའི་སེམས་སུ་དྲོད་འཁོལ་སྦྱིན་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།