ཆི་ལེན་རྫོང་གི་གནས་སྐོར་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ།
2018.09.28 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 46

“དག་ཞིང་མདོ་ལར”གྲགས་པའི་ཆི་ལེན་རྫོང་གི་སྣང་ཡུལ་གང་ལ་བལྟས་ཀྱང་འཕེལ་རྒྱས་ཀྱི་ཉམས་ཤིག་རང་བཞིན་གྱིས་འདྲེན་བྱེད་མེ་ལོང་གི་ངོར་འཆར་ཡོང་ལ། དེ་ལས་ཀྱང་མགྲོན་ཁང་ཆེ་ཆུང་དང་གནས་སྐོར་ཞབས་ཞུ་ཀུང་སི་སྣ་ཚོགས་རྫོང་མཁར་གྱི་སྲང་ལམ་དང་གྲུ་ག་གང་སར་ཁྱབ་ཡོད་པ་དེས་ཆི་ལེན་རྫོང་གི་གནས་སྐོར་ལས་རིགས་ཀྱི་འཕེལ་ཁ་དར་ཡོད་པ་ངང་གིས་ཚོར་ཐུབ།

ང་ཚོ་གསར་འགོད་ཚོགས་པ་ཆི་ལེན་རྫོང་གནས་སྐོར་ཅུའུ་རུ་སོང་ནས་བཅར་འདྲི་བྱས་པ་ན། ཅུའུ་ཀྲང་མཱ་ཅིན་གོ་ཡིས་ང་ཚོར་གྲངས་འདྲེན་དང་བཅས་ཏེ། “ད་ལོའི་ཟླ8པའི་ཟླ་མཇུག་བར་དུ། ང་ཚོ་རྫོང་གིས་གནས་སྐོར་པ་མི་ཐེངས་ཁྲི193.85སྣེ་ལེན་བྱས་པ་དང་། གནས་སྐོར་གྱི་ཕྱོགས་བསྡུས་ཡོང་སྒོ་སྒོར་དུང་ཕྱུར8.41བླངས་འདུག མིག་སྔར། རྫོང་ཡོངས་སུ་དངོས་སུ་སྒོ་ཕྱེས་ཏེ་གནས་སྐོར་པ་སྣེ་ལེན་བྱེད་ཀྱིན་པའི་ལྗོངས་ཁུལ6དང་། གནས་སྐོར་སྒྱུ་རྩལ་འཁྲབ་སྟོན་གླིང་གཅིག གནས་སྐོར་སྤྱོད་ཁང61(དེར་སྐར་མ་རིམ་པ་དང་ཆུ་བཤལ་བརྒྱབ་ཆོག་པ39འདུ) གཞི་ཁྱོན་ངེས་ཅན་ལྡན་པའི་མགྲོན་ཁང131(དེར་སྐར་རིམ་མགྲོན་ཁང13འདུ)ཡོད། རོང་འབྲོག་ཁྱིམ་གྱི་སྤྲོ་གསེང་ཁང134(དེར་སྐར་མ་རིམ་པའི་སྤྲོ་གསེང་ཁང24འདུ)ཙམ་དར་སྤེལ་བཏང་ཡོད་ལ། བསྡོམས་པས་མལ་ཁྲི16000ལྷག་ལ་སླེབས། གནས་སྐོར་ཚོང་རྫས་བདག་གཉེར་ཁང32དང་། རྫོང་ཡོངས་སུ་གནས་སྐོར་ལས་རིགས་ལ་འཇུག་པའི་མི11800ལ་སླེབས་ཡོད། དེས་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་གྱི21%ཟིན་ཡོད། ལོ་འདི་དག་གི་རིང་ལ། ཆི་ལེན་རྫོང་གི་གནས་སྐོར་ཐད་དགའ་འོས་པའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཅིང་། ‘དག་ཞིང་མདོ་ལ’ཡི་སྙན་གྲགས་ཀྱང་ཕྱོགས་བཞིར་མཆེད་པས། གནས་སྐོར་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་བྱུང”ཞེས་བཤད།

ཆི་ལེན་རྫོང་གི་གཞུང་ལམ་གང་རུང་དེད་ནས་ལན་གཅིག་བསྐྱོད་པས་ཀྱང་། གངས་རི་དང་ལུང་ཁོག ནགས་ཚལ་དང་རྩྭ་ཐང་། རྫ་བྲག་དང་འཁྱག་རོང་སོགས་གདོད་མའི་སྐྱེ་ཁམས་ཀྱི་རྣམ་པ་མང་པོ་བདེ་ལེགས་ངང་དཀྱུས་གཅིག་ཏུ་མྱོང་ཐུབ་ལ། མིའི་ཡིད་སེམས་དབང་མེད་འདྲེན་པར་བྱེད་པའི་རང་བྱུང་མཛེས་སྡུག་གིས་ཀུན་ནས་ཕྱུག་པས། དེ་ནི་གནས་སྐོར་གྱི་ཡུལ་མཆོག་ཅིག་ཏུ་འགྱུར་དོན་ཡང་བཤད་མི་དགོས་བཤམས་འདུག་པའི་ཚུལ་དུ་མཐོང་། རྒྱུས་ལོན་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། ཆི་ལེན་རྫོང་ཏང་ཨུ་དང་སྲིད་གཞུང་གིས་རང་ས་གནས་ཀྱི་ཕུན་སུམ་ཚོགས་པའི་གནས་སྐོར་གྱི་ཐོན་ཁུངས་ལ་གཞི་བྱས་ཐོག “གནས་སྐོར་ལ་བརྟེན་ནས་རྫོང་དར་སྤེལ་གཏོང་བའི”འཕེལ་རྒྱས་ཀྱི་འཐབ་ཇུས་བཏོན་པ་དང་། གནས་སྐོར་ལས་རིགས་དེ་གཙོ་རྒྱུགས་ཐོན་ལས་ཀྱི་གྲས་སུ་གཏན་འཁེལ་བྱས་པས། ཆི་ལེན་རྫོང་ནི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་ཐོག་མའི་གྲས་སུ་ཚུད་པ་དང་། བཙུན་མོ་སྒང་དང་ཨ་མྱེས་སྟོང་སོ་ལྗོངས་ཁུལ་གཉིས་རྒྱལ་ཁབ་གནས་སྐོར་ཅུའུ་དང་ཁོར་སྲུང་པུའུ་ཡིས་རྒྱལ་ཁབ་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ་དུ་གཏན་འཁེལ་བྱས། 2016ལོར། རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་ཆི་ལེན་རྫོང་རྒྱལ་ཁབ་ཀྱི་རྫོང་ཁོངས་ཡོངས་རྫོགས་གནས་སྐོར་ཡུལ་ལྗོངས་སུ་གསར་འཛུགས་བྱེད་ཆོག་པའི་དཔེ་སྟོན་སྡེ་ཁག་ཐོག་མའི་གྲས་སུ་གཏན་འཁེལ་བྱས། 2017ལོར་བཙུན་མོ་སྒང་དང་ཨ་མྱེས་སྟོང་སོ་ལྗོངས་ཁུལ་གཉིས་ལ་རྒྱབ་ཁབ་གནས་སྐོར་ཅུས་ཀྱི་ལྗོངས་ཁུལ་བརྟག་ཞིབ་ཆེད་མཁས་པས་བརྟག་ཞིབ་བྱས་ཏེ། 5Aརིམ་པའི་ལྗོངས་ཁུལ་གསར་སྐྲུན་གྱི་མིང་ཐོའི་ནང་ཚུད། མིག་སྔར་ཆི་ལེན་རྫོང་གིས་ཧུར་ཐག་གིས་རྒྱལ་ཁབ་རིམ་པའི་གནས་སྐོར་ལས་རིགས་བཅོས་བསྒྱུར་གསར་སྐྲུན་གྱི་སྔོན་སྐྱོད་ཁུལ་སྐྲུན་པའི་རེ་ཞུ་འབུལ་བཞིན་ཡོད། ཆི་ལེན་རྫོང་གི་གནས་སྐོར་ལས་རིགས་ལ་འཕེལ་ཁ་མྱུར་བའི་རྣམ་པ་མངོན་ཞིང་། གནས་སྐོར་གྱི་ཕྱོགས་བསྡུས་ཕན་འབྲས་ཀྱང་བསྟུད་མར་ཇེ་མཐོར་འགྲོ་བཞིན་ཡོད་པས། “དག་ཞིང་མདོ་ལ”ཡི་ཤན་ཤུགས་དང་མཚན་སྙན་ཡང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད།

མཱ་ཅིན་གོ་ཡིས“བཙུན་མོ་སྒང་ལྗོངས་ཁུལ་གཅིག་པུར་དཔེ་བཞག་ནས་བཤད་ན་ཡང་། མིག་སྔའི་བར་དུ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3.3བཏང་ཟིན་པ་དང་། དེ་ལས་སྲིད་གཞུང་ནོར་སྲིད་ཀྱིས་བསྡོམས་པས་མ་དངུལ་སྒོར་ཁྲི3168བཏང་ནས། ལྗོངས་ཁུལ་གྱི་གཞུང་ལམ་དང་དོ་དམ་ཁང་པ། ཤིང་གི་འཕྲང་ལམ། མཆོད་རྟེན། རླངས་འཁོར་འཇོག་ས། དེ་མིན་ལྗོངས་ཁུལ་ལ་ཆུ་དང་གློག་འཐེན་པ་སོགས་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་བཙུགས་པ་རེད”ཟེར། ཁོས་བཤད་པ་ལྟར་ན། 2011ལོའི་ཟླ4པའི་ཚེས25ཉིན། རྫོང་སྲིད་གཞུང་གིས་དངོས་སུ་ཡུས་ལིན་གནས་སྐོར་གསར་སྤེལ་ཚད་ཡོད་ཀུང་སི་དང་བཙུན་མོ་སྒང་ལྗོངས་ཁུལ་འགན་ལེན་བདག་གཉེར་གྲོས་ཆིངས་བཞག་སྟེ། ལྗོངས་ཁུལ་གྱི་དོ་དམ་དང་བདག་གཉེར་ཚོང་ར་ཅན་དུ་བསྒྱུར་མགོ་ཚུགས་ཤིང་། ཀུང་སི་དེ་གས་ཀྱང《ཆི་ལེན་རྫོང་བཙུན་མོ་སྒང་ལྗོངས་ཁུལ་གྱི་འཛུགས་སྐྲུན་རང་བཞིན་གྱི་གཏན་འཁེལ》དང་བསྟུན་ནས། སྔ་ཕྱིར་གནས་སྐོར་པའི་ཞབས་ཞུ་ལྟེ་གནས་དང་། ར་དོང་ཐང་དང་དམར་ཝོར་འགག་གི་རླངས་འཁོར་འཇོག་ས། བཙུན་མོ་སྒང་བཟའ་བཏུང་ཁྲོམ་ར། བཙུན་མོ་སྒང་ལྗོངས་ཁུལ་གྱི་སྒོ་ཆེན་སོགས་རྨང་གཞིའི་སྒྲིག་བཀོད་མང་པོ་འཛུགས་སྐྲུན་བྱས་ཤིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3ལྷག་བཏང་། 2017ལོའི་བར་དུ། ལྗོངས་ཁུལ་དེ་གས་གནས་སྐོར་པ་མི་ཐེངས་ཁྲི72.6ལྷག་སྣེ་ལེན་བྱས་པ་དང་། སྤ་སེ་བཙོངས་པ་ཁོ་ནའི་ཡོང་སྒོ་ཡང་སྒོར་ཁྲི4800ལ་སླེབས་ཡོད།

བཙུན་མོ་སྒང་ལྗོངས་ཁུལ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་བསྟུན་ནས། ལྗོངས་ཁུལ་གྱི་མང་ཚོགས་ལ་ཡང་དཔལ་འབྱོར་གྱི་གོ་སྐབས་སྔར་ན་མེད་པ་ཞིག་བསྐྲུན་ཡོད་དེ། བཙུན་མོ་གྲོང་རྡལ་ར་དོང་ཐང་དུ་ཡོད་པའི་མདོ་ལ་གངས་ལྗོངས་མགྲོན་ཁང་གི་སྤྱི་གཉེར་བ་གུ་རུས“ཆི་ལེན་ལ་གནས་སྐོར་དུ་ཡོང་མཁན་ལོ་རེར་ཇེ་མང་ནས་ཇེ་མང་རེད། དེ་བཞིན་དུ་མགྲོན་ཁང་དང་ཟ་ཁང་། སྤྲོ་གསེང་ཁང་སོགས་གཉེར་ནས་མགྲོན་པོ་སྣེ་ལེན་བྱེད་པ་དང་། དེ་ལ་བརྟེན་ནས་ཡོང་སྒོ་འཚོལ་མཁན་ཡང་ཇེ་མང་ནས་ཇེ་མང་རེད། ད་སྐབས་ང་ཚོ་ས་ཆའི་མི་མ་ཟད་རྫོང་དང་ཁུལ། ཐ་ན་ཞིང་ཆེན་གཞན་པ་ནས་འདིར་གནས་སྐོར་ལས་གཉེར་བྱེད་དུ་ཡོང་མཁན་ཡང་མང་པོ་འདུག དེ་ནི་ང་ཚོ་ཆི་ལེན་གྱི་གནས་སྐོར་འཕེལ་བ་ལས་བྱུང་བའི་གོ་སྐབས་ཤིག་རེད་ལ། གོ་སྐབས་དེ་དང་བསྟུན་ནས་འགྲན་རྩོད་ཀྱང་ཇེ་ཆེར་སོང་ཡོད་པས། ང་ཚོ་མདོ་ལ་གངས་ལྗོངས་མགྲོན་ཁང་གིས་ད་ལོ་ནས་བཟུང་སྟེ་མགྲོན་པོ་སྡོད་སའི་ཁོར་ཡུག་ལེགས་བཅོས་སུ་བཏང་ནས། གཞིས་བྲང་ལུགས་ཀྱི་ཁང་པ་འགའ་གསར་དུ་ལས་ཡོད། དེ་ནི་ང་ཚོའི་མགྲོན་ཁང་གི་ཁྱད་ཆོས་ཤིག་ཡིན་ལ། གཞན་དང་འགྲན་རྩོད་བྱེད་སྤྱད་ཀྱི་ལེགས་ཆ་ཞིག་ཀྱང་ཡིན”ཞེས་བཤད་བཞིན། ཁོའི་མགྲོན་ཁང་ང་ཚོ་ལ་ངོམ་པར་བྱེད། དེ་ལ་གསར་འགོད་པས་སྔོན་དང་བསྡུར་ན་ཁྱོད་ཚོའི་ཕ་ཡུལ་དང་ཡུལ་མི་རྣམས་ལ་དཔལ་འབྱོར་གྱི་ཕྱོགས་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་ལས་གཞན་འགྱུར་བ་ཆེ་ཤོས་དེ་གང་ཡིན་ནམ་ཞེས་དྲིས་པར། ཁོས་བསམ་བློ་ཕྲན་ཙམ་བཏང་རྗེས་གཟབ་ནན་གྱིས་འདི་སྐད་བཤད།

“འགྱུར་བ་ཆེ་ཤོས་དེ་ནི་གཙོ་བོ་མི་རྣམས་ཀྱི་བསམ་བློ་གཏོང་སྟངས་ཡིན་རྒྱུ་རེད། སྔོན་ཆད་ཞིང་ལས་དང་ཕྱུགས་ལས་ཙམ་གཉེར་ནས་འཚོ་བ་རོལ་བཞིན་ཡོད་པས། མི་རྣམས་ཀྱི་སེམས་ཁུར་གཙོ་བོ་ནི་སོ་སོའི་སྒོ་མཐའི་ས་ཞིང་དང་ཕྱུགས་ཟོག་ལ་སད་སེར་གོད་ཆག་མི་འབྱུང་བར་རེ་བ་བྱེད་རྒྱུ་དེ་རེད། ད་སྐབས་གནས་སྐོར་ལས་རིགས་ཀྱི་སྒོ་ཕྱེས་པས། རོང་འབྲོག་མང་ཚོགས་ཀྱི་བསམ་བློའི་སྒོ་ཡང་ཕྱེས་ཏེ། གནས་སྐོར་ཞབས་ཞུའི་ལས་རིགས་སྣ་མང་ལ་འཇུག་བཞིན་ཡོད་པ་རེད། དེ་ནི་གོ་སྐབས་ཤིག་ཡིན་ལ། གལ་ཏེ་གོ་སྐབས་དེ་དམ་འཛིན་མ་བྱས་ན་སོ་སོའི་བསམ་བློའི་ཁོད་རྒྱ་ཡངས་པར་བསྐྱེད་མི་ནུས་ལ། མི་རང་རང་གི་དཔལ་འབྱོར་ཡོང་སྒོ་དང་མཐོང་རྒྱ་ཤེས་རྒྱ། ཉམས་མྱོང་དང་འཇོན་ནུས་གང་ལ་ཡང་འཕེལ་རྒྱས་ཆེན་པོ་འབྱུང་སྲིད་པ་མ་རེད། །”