ཐུན་ཏེ་རྫོང་གིས་རོང་འབྲོག་པའི་ཏང་ཡོན་རྣམས་ལ“སྦྲ་གུར་སློབ་གྲྭ”གསར་དུ་བཙུགས་པ།
2018.09.28 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 61

ད་ལོ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་རོང་འབྲོག་པའི་ཏང་ཡོན་རྣམས་རང་རང་སར་ཁ་ཐོར་དུ་གནས་པ་དང་། མཉམ་འཛོམས་གཅིག་བསྡུས་ཀྱིས་སློབ་སྦྱོང་བྱེད་པར་དཀའ་ཁག་ཡོད་པ། གསོ་སྦྱོང་གི་ཕན་འབྲས་འགན་སྲུང་བྱེད་དཀའ་བ་བཅས་ཀྱི་གནད་དོན་ལ་དམིགས་ནས། ཞང་གྲོང་སྡེ་ཚན་དུ་བྱས་ཤིང་། དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། རོང་འབྲོག་པའི་ཏང་ཡོན་རྣམས་ལ“སྦྲ་གུར་སློབ་གྲྭ”ཞིག་གསར་འཛུགས་བྱས་པ་དང་། རོང་འབྲོག་པའི་ཏང་ཡོན་རྣམས་གཅིག་བསྡུས་ཀྱིས“སློབ་ཁྲིད་ལ་སྐྱེལ”བའི་གསོ་སྦྱོང་སྤེལ་ཏེ། གཞི་རིམ་གྱི་ཏང་ཡོན་རྣམས་མཉམ་གཅིག་ཏུ་འཛོམས་མི་ཐུབ་པ་དང་། གསོ་སྦྱོང་བྱེད་དཀའ་བའི་གནད་དོན་ཐག་གིས་བཅད།

དུས་རྒྱུན་གྱི་བྱ་བའི་ཁྲོད་དུ། ཞང་དང་གྲོང་རྡལ་སོ་སོས་རོང་འབྲོག་པའི་ཏང་ཡོན་རྣམས་རང་རང་སར་ཁ་ཐོར་དུ་སྡོད་པའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས། གསོ་སྦྱོང་གི་ཇུས་གཞི་གང་ལ་གང་མཐུན་བཟོས་ནས་གཏན་འབེབས་བྱས་པ་དང་། སྡེ་བ་སོ་སོའི་འགྲིམ་འགྲུལ་གནས་ཚུལ་ལ་བསམ་གཞིག་བཏང་ནས། ལུགས་མཐུན་སྒོས་གསོ་སྦྱོང་གི་ས་གནས་འོས་ཤིང་འཚམ་པ་ཞིག་བདམས་ཤིང་གཏན་འཁེལ་བྱས་ཏེ། གཟའ་འཁོར་གཅིག་ཡས་མས་ཀྱི་དུས་ཚོད་བེད་སྤྱད་ནས། རོང་འབྲོག་པའི་ཏང་ཡོན་རྣམས་ལ་གོ་ཆོད་པའི“སྦྲ་གུར་སློབ་གྲྭ”ཞིག་གསར་འཛུགས་བྱས་པར་མ་ཟད། ད་དུང་སྡེ་བའི་ཏང་ཀྲི་པུའུ་གཅིག་ནི་འཛིན་གྲྭ་གཅིག་ཡིན་པའི་བདག་དོམ་རྣམ་པ་སྤྱད་པའི་ཁར། གསོ་སྦྱོང་ལ་ཞུགས་པའི་ཏང་ཡོན་རྣམས་ལ་གོ་རིམ་ཡོད་པ་དང་སྒྲིག་ལམ་ཡོད་པའི་སྒོ་ནས་དོ་དམ་བྱས། སྡེ་བ་རེ་རེའི་གཞིས་ཁུལ་ནས་ཏང་ཀྲི་པུའུ་སྡེ་ཚན་དུ་བྱས་ཏེ་གནས་དེ་ལ་ཆེ་ཆུང་རན་པའི་སྦྲ་གུར་ཕིབས་པ་དང་། གནས་སྐབས་ཀྱི་གསོ་སྦྱོང་ཞག་འདུག་གི་སྒར་ས་བཙུགས་པར་མ་ཟད། ཟ་འཐུང་གི་གནད་དོན་དང་འདུག་སའི་གནད་དོན་ཚང་མ་རང་ངོས་ནས་ཐག་བཅད་དེ། གསབ་སྦྱོང་གི་འགྲོ་གྲོན་ཇེ་ཆུང་དང་མ་རྩ་ཇེ་དམའ་རུ་བཏང་། རྫོང་ཏང་ཨུས་རྩ་འཛུགས་སྣེ་ཁྲིད་ལ་བརྟེན་ནས། རྩ་འཛུགས་ལས་ཁུངས་དང་ཏང་གི་སློབ་གྲྭ། ཞིང་ཕྱུགས་ལས་ཁུངས། ཁྲིམས་འཛིན། ཚན་རྩལ། འཕྲོད་བསྟེན། ནོར་སྲིད་བཅས་སྡེ་ཁག་རྣམས་ཀྱི་ཆེད་ལས་མི་སྣ་ཚང་མ་མཉམ་གཅིག་ཏུ་ཧྲག་སྡེབ་བྱས་ཏེ། མཐོ་སྒང་གི་གདོང་ལེན་སྔོན་སྐྱོད་དགེ་རྒན་གྱི་ཐོན་ཁུངས་གན་མཛོད་སུམ་ཅུ་ལྷག་བཙུགས་པ་དང་། འཆར་གཞི་ཡོད་པའི་སྒོ་ནས་མི་སྣ་བདམས་མངགས་བྱས་ཏེ་ཏང་གི་སྐོར་གྱི་ཉེར་མཁོའི་ཤེས་བྱ་འཆད་ཁྲིད་ལེགས་པོ་བྱས་པས། དཔུང་ཁག་གི་སྟོབས་ཤུགས་འཛོམས་པོ་ལྡན་པའི་དགེ་རྒན་གྱི་དཔུང་སྡེ་དེ་ལ་བརྟེན་ནས་གཞི་རིམ་ཏང་ཡོན་གསོ་སྦྱོང་གི་ཕན་འབྲས་ཁག་ཐེག་དང་འགན་སྲུང་གང་ལེགས་ཐོབ་ཡོད།

སློབ་ཚན་གྱི་ནང་དོན་ཐད་ནས་བཤད་ན། ཆབ་སྲིད་འཛུགས་སྐྲུན་གཞན་ཀུན་ལས་འབུར་དུ་ཐོན་པར་བྱས་ཡོད་ཅིང་། དོན་དངོས་ཀྱི་དགོས་མཁོ་ལ་མཉམ་དུ་ལྟ་རྟོག་བསམ་གཞིག་བཏང་ནས། “ཏང་གི་སློབ་གྲྭའི་དགེ་རྒན་གྱི་ཁར་ས་གནས་རང་གི་འཇོན་མི་བསྣོན་པའི”བྱེད་ཐབས་དང་། “ངེས་སྦྱོང་སློབ་ཚན་གྱི་ཁར་ཁྱད་ལྡན་འདེམས་སྦྱོང་སློབ་ཚན”བསྣོན་པའི་བྱེད་ཐར་སྤྱད་པ་དང་། དེ་མིན་ད་དུང“ཏང་ཡོན་གྱིས་རང་འགུལ་སྒོས་སློབ་ཚན་འདེམས་པ་དང་སློབ་གྲྭས་ཁམས་དང་མོས་པར་བསྟུན་ནས་སློབ་ཚན་བཀོད་སྒྲིག་བྱེད་པ”ཟུང་འབྲེལ་བྱེད་པ་བཅས་སུམ་འབྲེལ་གྱི་བྱེད་སྟངས་དེ་ལ་བརྟེན་ནས། འོས་ཤིང་འཚམ་པ་ལུགས་དང་མཐུན་པའི་ངང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་། ཏང་གི་སྒྲིག་ཡིག རྩ་ཁྲིམས། གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན། ཕྱུགས་ལས་འཕེལ་རྒྱས། གྲོང་གསེབ་ཀྱི་དཔལ་འབྱོར་དར་སྤེལ། གྲོང་གསེབ་ཀྱི་བཅོས་སྐྱོང་ལ་སོགས་པའི་སློབ་ཁྲིད་ནང་དོན་ཡུལ་དུས་དང་འཚམ་པ་ཧ་ཅང་མང་པོ་ཞིག་བཀོད་སྒྲིག་བྱས་ཏེ་གང་ལ་གང་མཁོ་དེ་ལ་དེ་འཕྲོད་བྱས་ཡོད་པ་ནི་ཐེངས་འདིའི“སྦྲ་གུར་སློབ་གྲྭ”གསར་པ་འདིའི་ཁྱད་ཆོས་གཙོ་བོ་ཞིག་དང་བསླབ་ཚན་གྱི་ནང་དོན་གཙོ་ཤོས་ཡིན་པ་རེད། དུས་མཚུངས་སུ། ཐུན་མོང་མཉམ་སྡེབ་ཀྱིས་ཚོགས་པའི་སློབ་ཁང་ཆེན་མོའི་ཁར་འཛིན་གྲྭའི་རིམ་པ་བཀར་བའི་སློབ་ཁང་ཆུང་བ་བསྣོན་པའི་ཐབས་ལམ་སྤྱད་དེ། སྐབས་ཐོག་དེ་ནས་སློབ་ཁྲིད་བྱས་པའི་ནང་དོན་མཐའ་དག་ཡིད་ལ་འཇགས་ཐུབ་པར་བྱས་པས། གསོ་སྦྱོང་གི་ཕན་འབྲས་སྔར་ལས་ཇེ་བཟང་ཇེ་ལེགས་སུ་གྱུར།

ཐུན་ཏེ་རྫོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལིའུ་བུན་ཁུའེ་ཡིས་གསར་འགོད་པར་བཤད་རྒྱུར། “ང་ཚོས་ཏང་ཡོན་གཅིག་བསྡུས་ཀྱིས་གསོ་སྦྱོང་བྱེད་པའི་ཕན་ཐོགས་ཅན་གྱི་གོ་སྐབས་བཟང་པོ་དེ་ཉིད་གང་ལེགས་ཀྱིས་བེད་སྤྱོད་བྱས་ནས། འབྲེལ་གཏུག་བྱ་ཡུལ་གྱི་ལས་ཁུངས་སྡེ་ཚན་སོ་སོར་འབྲེལ་འདྲིས་བྱས་པ་དང་། ཕན་ཚུན་མཉམ་འབྲེལ་གྱིས་ཏང་གི་རྩ་འཛུགས་འཚོ་བ་དོན་སྙིང་ལྡན་པ་རོལ་ཞིང་བརྒྱུད་རིམ་ལྡན་པས་བྱ་འགུལ་སྤེལ་བར་མ་ཟད། ཕན་ནུས་ལྡན་པའི་སྒོ་ནས་ཚད་ཡོད་པའི་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་གང་ལེགས་སྒོས་བེད་སྤྱོད་བྱས་ཡོད། དེ་དང་མཉམ་དུ། ཏང་གི་ཤེས་བྱ་སྐོར་གྱི་སློབ་ཁྲིད་བྱེད་པའི་ཞོར་དུ། བསླབ་ཕྱིའི་ཁོམ་གསེང་གི་དུས་ཚོད་བེད་སྤྱད་ནས། གསོ་སྦྱོང་ལ་ཞུགས་པའི་རོང་འབྲོག་པའི་ཏང་ཡོན་རྣམས་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ་ཏུ་འཇུག་ཆེད། ཕན་ཚུན་ཁག་བཀར་ནས་ཐག་འཐེན་དང་སྦེ་ག་འགྲན་སྡུར། གླང་ཆེན་ས་གཤགས་སོགས་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་འདྲ་མིན་ཡང་སྤེལ་བས། རོང་འབྲོག་པའི་ཏང་ཡོན་རྣམས་གསོ་སྦྱོང་ལ་ཞུགས་པའི་བསམ་པ་སྔར་ལས་ཆེ་རུ་སོང་ནས། སློབ་སྦྱོང་སློབ་གསོ་དང་བརྗེ་རེས་མཐོར་འདེགས། ཕན་ཚུན་བར་སློབ་སྦྱོང་དང་སྐུལ་འདེད་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་ལ་སླེབས་ཡོད་ཅིང་། རོང་འབྲོག་པའི་ཏང་ཡོན་རྣམས་ཀྱི་གསོ་སྐྱོང་སྦྱོང་བརྡར་གྱི་སློབ་གསོ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཡོད”ཟེར། གོང་གི་ཐབས་ལམ་དེ་དག་སྤྱད་པར་བརྟེན་ནས། རོང་འབྲོག་པའི་ཏང་ཡོན་རྣམས་ཀྱི“སྦྲ་གུར་སློབ་གྲྭ”འདིའི་ནང་དུ་ད་རུང་སྡེ་བ་སོ་སོ་དང་འདུས་ཁུལ་རེ་རེའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་རོང་འབྲོག་པའི་ཏང་ཡོན། གུང་གཞོན་ཚོགས་པའི་ཐོན་ཡོན། ཏང་ལ་ཞུགས་འདོད་ཆེ་བའི་ཧུར་བརྩོན་ཅན་ཚང་མ་གསོ་སྦྱོང་གི་ཁྱབ་ཁོངས་ནང་དུ་འཇོག་རྒྱུ་ཡིན་པས། གསོ་སྦྱོང་གི་ཁེབས་ཚད་དང་ཁྱབ་རྒྱ་ནི་སྔར་ལས་ཆེ་རུ་བསྐྱེད་ཡོད་ཅིང་། དེང་ཕྱིན་རོང་འབྲོག་པའི་ཏང་ཡོན་རྣམས་གསོ་སྦྱོང་ལ་ཞུགས་ཚད་བརྒྱ་ཆའི་གོ་དྲུག་ཡན་དུ་བསླེབ་ངེས།