རང་ཞིང་གི་དབུལ་ཕོངས་རྫོང་དྲུག་གིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་དབུལ་ཐར་མཁྲེགས་གཏོར་ཐད་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་།
2018.10.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པའི་གསར་འགྱུར་སྒྲོག་སྤེལ་ཐེངས་དགུ་པ་བསྡུས། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུས་ཀྲང་གཞོན་པ་ཧྲིན་ཙུང་དབྱི་ཡིས་ལོ་ལྔའི་རིང་ལ་རང་ཞིང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་བླངས་པའི་འཕེལ་རྒྱས་དང་གྲུབ་འབྲས་སྒྲོག་སྤེལ་བྱས།

མཚམས་སྦྱོར་བྱས་པ་ལྟར་ན། 2013ལོའི་ཚུན་ལ། ཞིང་ཆེན་ཡོངས་སུ་རིམ་བསགས་བྱས་ན་དབུལ་ཕོངས་མི་གྲངས་འབུམ་དགུ་དང་སྟོང་བདུན་ཇེ་ཉུང་དུ་བཏང་། དབུལ་ཕོངས་འབྱུང་ཚད2012ལོའི་བརྒྱ་ཆའི་ཉེར་དྲུག་དང་གྲངས་ཆུང་བཞི་ནས2017ལོའི་ལོ་མཇུག་ཏུ་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་གཅིག་ལ་མར་བབས། ཐོག་དང་པོར་གཅིག་གནས་གྲངས་སུ་མར་བབས་པ་རེད། ད་ལྟ། དབུལ་ཕོངས་རྫོང་དྲུག་དབུལ་ཕོངས་ལས་ཐར། དབུལ་ཕོངས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱིས་བཀོལ་ཆོག་པའི་ཡོང་སྒོ2012ལོའི་སྒོར་སྟོང་ལྔ་དང་སུམ་བརྒྱ་རེ་བཞི་ནས་ཇེ་མང་དུ་སོང་སྟེ2017ལོར་སྒོར་སྟོང་དགུ་དང་བཞི་བརྒྱ་རེ་གཉིས་སུ་སླེབས་ཡོད་ལ། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅུ་གཅིག་འཕར་བས། དབུལ་ཐར་མཁྲེགས་གཏོར་ཐད་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་།

མཁྲེགས་གཏོར་གྱི་ལས་འགན་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས། རྩེ་གྲས་འཆར་འགོད་ཉིན་རེར་འཐུས་ཚང་དུ་བཏང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འགོ་ཁྲིད་གཙོ་བོས“ཚན་གཙོ་གཉིས”ཀྱི་འགན་ཁུར་པ་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད་གཞོན་པ་གསུམ་ནི་ཚན་ཆུང་གི་འགོ་འཛིན་གཞོན་པ་ཡིན་པའི་དབུལ་སྐྱོར་གསར་སྤེལ་གྱི་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་བརྒྱད་ཀྱིས་གཡུལ་འགྱེད་ས་ཁུལ་གྱི་གཡུལ་འགྱེད་ལ་ལྟ་སྐུལ་བྱེད་པ་རྒྱུན་འཁྱོངས་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད་སོ་དགུ་ཡིས་འབྲེལ་གཏུག་བྱེད་སར་ལྟ་སྐུལ་སློབ་སྟོན་བྱས་ཏེ་རིམ་པ་ལྟར་ས་ཁུལ་ལ་ཆ་བསྡེབས་པའི་ལས་འགན་ལམ་ལུགས་རྒྱུན་འཁྱོངས་བྱས། རང་ཞིང་གི་དོན་དངོས་དང་མཐུན་ལ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་ཀྱི་མ་ལག་གྲུབ་པར་མ་ཟད། ནུས་ལྡན་སྒོས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི“ཀ་བཞི་གདུང་བརྒྱད”བཙུགས་པ་དང་། སྲིད་ཇུས་མ་ལག་ཕལ་ཆེར་འཐུས་ཚང་དུ་བཏང་།

དབུལ་ཐར་འགན་སྲུང་དངོས་གཉེར་སྟོབས་ལྡན་དུ་བཏང་བ་དང་། མཁྲེགས་གཏོར་གྱི་རྨང་གཞི་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་། རང་ཞིང་གིས་རྒྱལ་ཡོངས་སུ་ཆེས་ཐོག་མར་དམངས་སྲིད་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་དབུལ་སྐྱོར་གྱི་ཚད་གཞི་སྟེ“ཚད་གཉིས་མཉམ་བསྲེས”ཁྱབ་སྤེལ་བྱས། དབུལ་སྐྱོར་མ་དངུལ་རྫོང་དུ་བགོ་བ་དང་། ལས་གཞི་ཞིབ་བཤེར་ཆོག་མཆན་གྱི་དབང་ཆ་རྫོང་རིམ་པར་གནང་བ་ཁྱབ་སྤེལ་བྱས། “གནད་ཕིགས་དབུལ་སྐྱོར་གྱི་དངུལ་རྩའི་ཞབས་ཞུའི་རྒྱུག་ཆེའི་ཁ་པར”སྦྲེལ་བ་དང་། ཐོག་མར་དངུལ་རྩའི་གཙོ་གཉེར་ལས་རིགས་ཀྱི་ལམ་ལུགས་ཁྱབ་སྤེལ་བྱས་ཏེ། གཞི་རིམ་གྱི་ཞང་དང་གྲོང་རྡལ་སུམ་བརྒྱ་དྲུག་ཅུ་ལ་ཆེད་ལས་དང་ཞོར་འགན་ཁུར་པའི་དབུལ་སྐྱོར་ལས་བྱེད་པ་བཀོད་སྒྲིག་བྱས། དེ་དང་ཆབས་ཅིག ལས་གཞི་གཉེར་ཤེས་པ་དང་རྩིས་ཞུ་བྱེད་ཤེས་པ། རོང་འབྲོག་པའི་བྱ་བར་བྱང་ཆ་ཡོད་པའི་མི་སྣ་བཞི་བརྒྱ་སྐོང་འཐེན་བྱས་ཏེ། རིམ་པ་སོ་སོའི་དབུལ་སྐྱོར་མ་ལག་ཏུ་མངག་ནས། སྔ་རྗེས་སུ་སྐོར་གཉིས་བགོས་ནས་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་སྡེ་བའི་ལས་བྱེད་མི་སྣ་ཁྲི་གཅིག་དང་སྟོང་བཞི་དགུ་བརྒྱ་བདམས་མངག་བྱས་པས། དབུལ་ཐར་མཁྲེགས་གཏོར་གྱི་དཔུང་སྡེའི་ནུས་པ་སྔར་ལས་ཇེ་དྲག་ཏུ་བཏང་།

དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་གཏན་འཇགས་ངང་འཕར་བས། རང་ཉིད་ཀྱིས་རང་ཉིད་ཕྱུག་པོར་གཏོང་བའི་ནུས་པ་མཐོར་འདེགས་བྱུང་། ཐོན་ལས་ཀྱི་དབུལ་སྐྱོར་བྱེད་ཤུགས་དང་རྩལ་ནུས་གསོ་སྦྱོང་བྱེད་ཤུགས། སྐྱེ་ཁམས་ཀྱི་དབུལ་སྐྱོར་བྱེད་ཤུགས། ལས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་བཅས་ཕྱོགས་བཞི་ཇེ་དྲག་ཏུ་བཏང་བ་དང་། ཞིང་ཆེན་ཡོངས་སུ་རིམ་བསགས་བྱས་ན་དབུལ་ཕོངས་རོང་འབྲོག་མང་ཚོགས་མི་ཐེངས་ཁྲི་བདུན་དང་སྟོང་བཞི་གསོ་སྦྱོང་བྱས་པས། བརྒྱ་ཆའི་དྲུག་ཅུའི་ལས་ཞུགས་ཀྱི་ཚད་བརྟན་འཇགས་བྱས། རྫོང་ཉེར་དགུ་རུ་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་སྦྲེལ་ཏེ་དཔེ་སྟོན་གྱི་བཟོ་འགོད་ལག་བསྟར་བྱས་པ་དང་། སྡེ་བ་ཉིས་བརྒྱ་དང་བརྒྱད་དུ་ཞིང་སྡེའི་གནས་སྐོར་དབུལ་སྐྱོར་ལས་གཞི་ལག་བསྟར་བྱས་ལ། ཞིང་ཆེན་ཡོངས་སུ་རིམ་བསགས་ཀྱིས་ཉི་གློག་གི་དབུལ་སྐྱོར་ལས་གཞི་ཀྲའོ་ཝ་བདུན་བརྒྱ་ཉི་ཤུ་ལག་བསྟར་བྱས། རིམ་བསགས་ཀྱིས་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་དོ་དམ་དང་སྲུང་སྐྱོབ་ལས་གནས་ཁྲི་གཅིག་དང་སྟོང་དྲུག་གསར་སྤེལ་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་མི་ཁྲི་བཞི་དང་སྟོང་བདུན་བཀོད་སྒྲིག་བྱས། ཁོར་ཡུག་ལེགས་བཅོས་དང་བདེ་སྲུང་དོ་དམ་གྱི་སྤྱི་ཕན་རང་བཞིན་གྱི་དབུལ་སྐྱོར་ལས་རྐང་སྟོང་གཉིས་ལྷག་གསར་སྤེལ་བྱས། ངལ་ལས་ཡོང་འབབ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་བརྒྱད་མངོན་འགྱུར་བྱས་པས། ཆ་སྙོམས་ཀྱིས་མི་རེའི་ཡོང་སྒོ་སྒོར་སྟོང་བཞི་དང་ཉིས་བརྒྱ་ཇེ་མང་དུ་སོང་། ན་གཞོན་ལས་སྐྲུན་མི་སྣ་སྟོང་གཅིག་དང་བརྒྱ་ལྷག་ལ་རོགས་སྐྱོར་བྱས་པ་དང་། དབུལ་བོ་དང་ན་གཞོན་སྟོང་བརྒྱད་དང་བཅུ་བདུན་ལ་ལས་ཞུགས་དང་ཡོང་འབབ་ཇེ་མང་དུ་གཏོང་བའི་སྐུལ་ཁྲིད་བྱས།

ལས་རིགས་ཀྱི་རོགས་སྐྱོར་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ་དང་། དམངས་འཚོའི་མི་འདང་ས་རྒྱུན་ཆད་མེད་པར་ཁ་གསབ་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁྱིམ་ཚང་སུམ་ཆའི་གཉིས་ཀྱི་སྡོད་ཁང་རྩ་བ་ནས་ལེགས་བཅོས་བྱས་ཤིང་། བརྒྱ་ཆའི་དགུ་བཅུའི་ཡན་གྱི་དབུལ་ཕོངས་ཁྱིམ་ཚང་ལ་བདེ་འཇགས་ཀྱི་སྡོད་ཁང་ཡོད་པར་གྱུར། ད་ལྟའི་བར་དུ། རིམ་བསགས་ཀྱིས“ལོ་ལྔའི་འཆར་གཞི་བཅུ་གསུམ”པའི་གནས་སྤོར་ལས་འགན་བརྒྱ་ཆའི་གོ་གཅིག་ཡན་ལེགས་འགྲུབ་བྱས། “སློབ་བྱོལ་ལ་ཚོད་འཛིན་དང་སློབ་ཞུགས་ལ་འགན་སྲུང་བྱེད་པའི”བྱ་བར་སྐུལ་སྤེལ་བྱས་པ་དང་། སློབ་བྱོལ་སློབ་མ་ཁྲི་གཉིས་དང་སྟོང་གསུམ་དྲུག་བརྒྱ་ཡང་བསྐྱར་སློབ་གྲྭར་བསྐྱལ། འོས་འགན་སློབ་གསོ་སྲ་བརྟན་བྱས་ཚད་བརྒྱ་ཆའི་གོ་བཞི་དང་གྲངས་ཆུང་གཉིས་ལ་སླེབས། “དྲུག་ཉུང་བཅུ་ཁེབས”ཀྱི་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱས་ཏེ། ནད་ལྕི་བའི་རིགས་གཅིག་བསྡུས་སྨན་བཅོས་བྱེད་ཚད་སྣ་བཅུ་བཞི་ཡིས་ཇེ་མང་དུ་བཏང་ཡོད་པ་དང་། ནད་ལྕི་བའི་རིགས་ཀྱི་སྨན་བཅོས་ཉེན་ཚབ་སྤྲོད་ཚད་སྟོང་ལྔ་ནས་སྟོང་གསུམ་དུ་མར་ཆགས་ཡོད་ལ། “སྐོར་གཅིག་ཅན་གསུམ”གྱི་བདེ་ཐང་དབུལ་སྐྱོར་བྱ་འགུལ་ནན་ཏན་སྒོས་སྤེལ་བས། དབུལ་ཕོངས་མི་གྲངས་སྨན་ཁང་དུ་ཞག་སྡོད་བྱེད་སྐབས་རང་སྤྲོད་མ་དངུལ་གྱི་བསྡུར་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་དྲུག་ཏུ་མར་ཆགས་ཡོད། དེ་དང་ཆབས་ཅིག ལས་རིགས་དང་སྡེ་ཁག་སོ་སོའི་བསྡོམས་པས་ལས་རིགས་དབུལ་སྐྱོར་ཐད་མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་ང་བདུན་དང་བྱེ་བ་བདུན་བཏང་ནས། ལས་རིགས་བཅུའི་དབུལ་སྐྱོར་ཆེད་གཉེར་བྱ་སྤྱོད་གཏིང་ཟབ་སྒོས་ལག་བསྟར་བྱས་པ་དང་། ནུས་ཤུགས་ཡོད་དགུས་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་མངའ་ཁོངས་ཀྱི་མི་འདང་སར་ཁ་གསབ་བྱས།

དབུལ་སྐྱོར་གྱི་འདུ་ཤེས་མིའི་སེམས་སུ་འཇགས་པར་བྱས་པ་དང་། མཁྲེགས་གཏོར་གྱི་ནུས་ཤུགས་མཉམ་འདོན་བྱེད་ཤུགས་སྔར་ལས་གཅིག་ཏུ་སྒྲིལ། རིམ་པ་སོ་སོའི་ལས་བྱེད་པའི་འབྲེལ་གཏུག་བྱེད་ས་དང་། གནས་ས་གཏན་འཁེལ། ཁ་གཏད་རོགས་སྐྱོར། “སྦྲེལ་བ་གཅིག་དང་རོགས་སྐྱོར་གཉིས་བཅོས་སྐྱོང་གསུམ”སོགས་ཀྱི་བྱ་བའི་ནང་རྐྱེན་བཙུགས་ཏེ་དབུལ་སྐྱོར་བྱས། ཏང་ཡོན་ལས་བྱེད་པ་འབུམ་གཅིག་དང་སྟོང་དགུ་ཡིས་དབུལ་ཕོངས་ཁྱིམ་ཚང་འབུམ་གཅིག་དང་ཁྲི་དྲུག་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། ཀྲུང་དབྱང་གི་གནས་གཏན་འཁེལ་བྱས་པའི་དབུལ་སྐྱོར་ལས་ཁུངས་བཅུ་གསུམ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་གནས་གཏན་འཁེལ་བྱས་པའི་དབུལ་སྐྱོར་ལས་ཁུངས་སྟོང་གཉིས་དང་ལྔ་བརྒྱ་ཡིས་སྡེ་བ་སྟོང་གཅིག་དང་བརྒྱད་བརྒྱ་ཉེར་བཞི་ལ་ཁ་གཏད་རོགས་སྐྱོར་བྱས། དམངས་གཉེར་ཁེ་ལས་བཞི་བརྒྱ་ཉེར་བརྒྱད་ཀྱིས་དབུལ་ཕོངས་སྡེ་བ་ལྔ་བརྒྱ་དོན་བདུན་ལ་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཤིང་། བསྡོམས་པས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་བཅུ་བཞི་དང་བྱེ་བ་ལྔ་བཏང་། དེ་དང་ཆབས་ཅིག ཁ་གཏད་རོགས་སྐྱོར་གྱི་བྱ་བར་ནན་ཏན་སྒོས་ཡར་སྐུལ་བྱས་ཏེ། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཀྱི་ཐེབས་རྩའི་དངུལ་བུན་སྒོར་དུང་ཕྱུར་བདུན་དང་བྱེ་བ་གཅིག་ས་ཡ་གསུམ་བརྩོན་ལེན་བྱས་ནས། མཚོ་སྔོན་གྱི་ལིག་ཕན་རི་བོའི་དབུལ་སྐྱོར་གསར་སྤེལ་ལས་གཞི་མགོ་བརྩམས་ཏེ་ལག་བསྟར་བྱས་པ་དང་། དབུལ་ཕོངས་མི་གྲངས་འབུམ་གཅིག་དང་ཁྲི་གཉིས་སྟོང་བརྒྱད་ལ་ཕན་ཁེ་ཐོབ།

ས་ཁོངས་ཀྱི་དབུལ་སྐྱོར་གྲུབ་འབྲས་མངོན་གསལ་ཡིན་པ་དང་། མཁྲེགས་གཏོར་གཏིང་ཟབ་བྱེད་པར་སྐུལ་སྤེལ་ཆེན་པོ་བྱས། ནུས་ཤུགས་ཡོད་དགུས་རང་ཞིང་གི་རིགས་མི་འདྲ་བའི་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་གྱི་དོན་དངོས་ལ་དམིགས་ཏེ། “ཆེས་དབུལ་བའི་ས་ཁུལ་ལ་དམིགས་པ་དང་། ཆེས་དབུལ་བའི་མང་ཚོགས་ལ་རོགས་སྐྱོར་བྱེད་པ། ཆེས་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་པ”ཡི་བསམ་ཕྱོགས་ལྟར། སྔ་རྗེས་སུ་མཚོ་སྔོན། ཀན་སུའུ་དང་སི་ཁྲོན་བཅས་ཀྱི་འབྲེལ་མཚམས་ས་ཁུལ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འབྲོག་ཁུལ་ཞིང་ལས་རུ་ཁག་དང་། ཐུན་ཏེ་རྫོང་། ཞིན་ཧེ་རྫོང་གི་ལྷོ་རྒྱུད་ཀྱི་དམིགས་བསལ་ཞང་གསུམ་བཅས་སུ་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བ་སྤེལ།

ལོ་ཙཱ་བ། ཤ་བོ་རིན་མཚོ།