འབྲོག་པ་སྐྱིད་སྐྱིད་ཀྱིས་འཚོ་བའི་འགྱུར་ལྡོག་གླེང་བ།
2018.10.16 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 35

ཕ་ཡུལ་ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་ནས་ཡིན་པའི་སྡེ་མི་སྐྱིད་སྐྱིད་རྒྱུན་པར་རང་གི་བུ་བུ་མོར་གཏམ་རྒྱུད་བཤད་རྒྱུར་ཧ་ཅང་དགའ།

དགོང་དྲོའི་ཉི་མ་ནུབ་ལ་ཉེ་དུས། སྐྱིད་སྐྱིད་ཀྱིས་བྱིས་པ་ཚོར་ཆུང་དུས་ཀྱི་འཚོ་བའི་སྐོར་ནས་ཁ་བརྡ་བྱེད་ཞོར། དྭངས་ཤིང་གསལ་བའི་གློག་སྒྲོན་འོག་མགོ་བོ་ཡར་དགྱེ་ནས་ཁང་པའི་ར་སྐོར་ནང་བཞག་ཡོད་པའི་རླངས་འཁོར་ཆུང་བ་དེར་ལྟ་བཞིན། ཁོའི་གདོང་གི་འཛུམས་མདངས་ལྷུག་ལྷུག་པོ་དེ་ལས་དེང་གི་འཚོ་བར་ཡིད་ཆེས་ཀྱི་ཁེངས་ཡོད་པ་གཞི་ནས་ཚོར་ཐུབ། ཡིན་ནའང་ཁོས་དོན་དག་ཅིག་ནམ་ཡང་བརྗེད་མེད་དེ། དེ་ནི་ཁོ་རང་ལ་སློབ་གྲྭར་འགྲོ་བའི་སྐལ་བ་མ་ལྡན་པ་དེ་རེད། དེ་ནི་ནམ་ཡང་ཁོའི་སེམས་ཀྱི་རྨ་ཁ་རུ་གྱུར་འདུག

ལོ་རབས་དྲུག་ཅུའི་ལོ་མཇུག་གི་ཉིན་མོ་ཞིག་སྟེ། སྐྱིད་སྐྱིད་ཏག་ཏག་ལོ་བདུན་ལ་སླེབས་པའི་ལོ་ཡིན། ཕྱི་དྲོ་ཞིག་ལ་ཁྱིམ་དུ་ཕ་རྒན་གྱིས་ཁོ་ལ་ཀ་ཁའི་ཀློག་འདོན་ཁྲིད་བཞིན་པའི་སྐབས་དེར། རྟ་བཞོན་དགེ་རྒན་ཞིག་ཁོ་ཚང་ལ་ཡོང་སྟེ་ཁོ་རང་སློབ་གྲྭར་ཡོང་མི་དགོས་པའི་བརྡ་བཏང་། རྒྱུ་མཚན་ནི་སྐྱིད་སྐྱིད་ཀྱི་ལོ་ཆེ་སོང་བ་དང་གཟུགས་བོངས་ཆེ་བས་རེད་ཟེར། དེས་སྐྱིད་སྐྱིད་ཀྱིས་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་རྩ་བ་ནས་ཕྲོགས།

རྫོང་མཁར་དང་བར་ཐག་སྤྱི་ལེ་དྲུག་ཅུ་ལྷག་གི་མཚམས་སུ་སློབ་ཆུང་ཞིག་ཡོད། སློབ་གྲྭའི་ནང་དུ་ས་ཁང་གྱན་གསུམ་མ་གཏོགས་མེད། ས་གྱང་དང་ཤིང་ཆ་ཡིས་གྲུབ་པའི་ཁང་པ་དེ་དག་སྡེ་བའི་ཚོགས་འདུ་འཚོགས་ས་དང་བྱ་འགུལ་སྤེལ་ས་ཡིན། ཚོགས་འདུ་ཚོགས་པ་དང་ཡང་ན་བྱ་འགུལ་སྤེལ་བའི་ཉིན་མོར་ཁེལ་དུས་སློབ་མ་རྣམས་སློབ་ཁྲིད་བྱེད་ས་མེད་པར་ཕྱིར་ཕ་ཡུལ་དུ་ལོག་དགོས་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་ཆགས་ཡོད། ལོ་རིམ་དང་པོར་སློབ་ཁྲིད་བྱེད་པའི་སྐབས་ལོ་རིམ་གཉིས་པ་སྒོར་སོང་ནས་དཔེ་ཆ་བློར་འཛིན་དགོས་ཞེས་བཤད་ཐེངས་རེ་རེར་སྐྱིད་སྐྱིད་ཀྱི་གདོང་ལ་སྐྱོ་བའི་ཉམས་ཤིག་ཡང་ཡང་འཁོར།

དེ་དུས་འཛིན་གྲྭ་རེར་སློབ་མ་ལྔ་རེ་དང་། སློབ་གྲྭ་ཡོངས་ལ་སློབ་མ་བཅོ་ལྔ་དང་དགེ་རྒན་གཅིག་མ་གཏོགས་མེད། དེའི་སྐབས་ཀྱི་གྱོན་ཆས་ཀྱི་ཁ་མདོག་གཙོ་བོ་ནི་སྔོན་པོ་དང་ནག་པོ། ལྗང་མདོག་གསུམ་ཡིན་ལ། གྱོན་པ་རལ་རྗེས་པུས་མགོ་དང་ཕུ་ཐུང་སོགས་ལ་ལྷན་པ་གོར་གོར་དང་གྲུ་བཞི་རྒྱག་པ་དེ་ནི་ཕ་མར་ཚེམ་དྲུབ་ཀྱི་ལག་རྩལ་བཟང་པོའི་རྟགས་ཡིན། གལ་ཏེ་སྟོད་ཐུང་དཀར་པོ་གྱོན་མཁན་གྱི་བྱིས་པ་ཞིག་ཡོད་ན་དེ་ནི་ལས་བྱེད་པའི་བུ་རབས་ཚ་རྒྱུད་ཡིན་པ་གདོན་མི་ཟ། སློབ་མའི་ཟ་རྒྱུ་ནི་རྩམ་སྐྱ་དང་འཐུང་རྒྱུ་ནི་ཆུ་འཁྱགས་ཡིན་ལ། བསླབ་བྱ་ཡང་བོད་ཡིག་དང་རྩིས་རིག་ཙམ་ལས་མ་འདས་སོ།

ལོ་རབས་བདུན་ཅུར་ཐོན་ནའང་། སྐྱིད་སྐྱིད་ཀྱིས་སློབ་གྲྭར་འགྲོ་འདོད་ཀྱི་བསམ་པ་དེ་དོར་མ་མྱོང་། ཁོའི་དྲན་ངོར་སྣང་བ་ནི་སྐབས་དེར་ཆེས་དར་ཁྱབ་ཆེ་བའི་གྱོན་ཆས་ཏེ་དམག་ལྭ་ལྗང་སེར་ཅན་དེ་ཡིན། ཁོས་དམག་ལྭ་ལྗང་སེར་གྱོན་ནས་རྫི་བོ་བྱེད་པའི་སྐབས་དེ་དུས་སྡེ་བའི་མཐའ་རུ་བསྲིངས་པའི་དཀྱོགས་ལམ་བཅོ་བརྒྱད་ཀྱི་སྒང་ནས་དུས་ཡུན་རིང་བོར་བསྡད་ཀྱང་། རླངས་འཁོར་གྱི་སྒྲ་རེ་གཉིས་ཙམ་མ་གཏོགས་ཐོས་རྒྱུ་མེད། ཕར་འགྲོ་ཚུར་འོང་གི་ཡུལ་མི་ཚོས་ཕྲག་པར་སྒྱེ་མོ་ཁུར་ནས་འགྲོ་བ་དང་གདོང་ལ་ས་རྡུལ་ཆགས་ཡོད། སྐྱ་ཟད་སྔོ་སྡུག་གི་འཚོ་བ་དེ་དྲན་ན་འབྲོག་མི་སྐྱིད་སྐྱིད་ལན་རེར་མགྲིན་པ་བརྣངས་ཤིང་ལན་རེར་མིག་མཐར་མཆི་མས་བརླན་འགྲོ།

དེ་ནས་རིམ་བཞིན་གྱོན་ཆས་ཀྱི་རིགས་ཀྱང་ཁ་དོག་དང་ཚུགས་ཀ་སྣ་མང་ཅན་ཏུ་འགྱུར་མགོ་ཚུགས་པ་དང་། གོང་བ་ཅན་གྱི་སྟོད་ཐུང་། དོར་མ་དུང་ཆེན་ཁ། ལག་པས་བསླེས་པའི་བལ་ལྭ་སོགས་གྱོན་ཐུབ་པ་ནི་ལོ་རབས་བདུན་བཅུའི་དུས་མཇུག་གི་འགྱུར་ལྡོག་ཞིག་རེད། ལྕགས་རྟ་དང་ལག་འདོགས་ཆུ་ཚོད། ཚེམ་དྲུབ་འཁོར་ལོ་བཅས་ནི་སྐབས་དེའི་གྲགས་ཆེ་བའི་ཅ་ལག་རེད། སུའི་ཁྱིམ་དུ་ལྕགས་རྟ་ཞིག་ཡོད་ཚེ་དེ་ནི་དེང་གི་རིན་གོང་ཆེ་བའི་རླངས་འཁོར་དང་མཚུངས། དུས་རབས་དེ་ནི་ཏག་ཏག་ཞིང་བ་དབུལ་བོ་ནས་འཕེལ་རྒྱས་ཕྱོགས་སུ་བསྐྱོད་པའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྐབས་དང་འཁེལ་ཡོད།

དེ་ནས་ལོ་རབས་བརྒྱད་ཅུར་སླེབས་དུས་མི་རྣམས་གློག་བརྙན་ལ་ལྟ་རྒྱུར་དགའ་བོ་ཡོད། སྡེ་མི་ཚོ་སྐོར་དང་སྐོར་བྱས་ནས་ལམ་ཐག་རིང་བོར་ཚོན་མེད་བརྙན་འཕྲིན་ལ་ལྟ་རུ་འགྲོ་བའི་དུས་ཤིག་ནས་ཚོན་ལྡན་བརྙན་འཕྲིན་ལ་ལྟ་རུ་འགྲོ་བའི་དུས་སྐབས་ཤིག་ལ་སླེབས་པ་ན། འབྲོག་མི་ཚོ་ཡང་མཐོང་རྒྱ་ཇེ་ཆེ་དང་ཕུགས་འདུན་མང་བས་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། མི་རྣམས་ཀྱིས་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་འཛིན་ཡིག་འདྲ་མིན་བཟུང་ནས། རྒྱལ་གཉེར་ཚོང་རའི་སྒོ་ཁར་གྲལ་བསྒྲིགས་ནས་འབྲུ་རིགས་དང་སྔོ་ཚོད། ཤིང་ཏོག་སོགས་རིགས་གཙོ་བོ་བྱས་པའི་ཅ་ལག་ཉོ་བ་རེད། ལོ་འགའི་རྗེས་སུ་ཞང་ཐོག་དང་སློབ་གྲྭའི་སྒོ་འགྲམ་དུ་མི་སྒེར་གྱི་ཚོང་ཁང་ཇེ་མང་དུ་ཕྱིན་པར་བརྟེན། སྐྱིད་སྐྱིད་ཀྱིས་རང་ལ་འཚམ་པའི་ཚོང་ལས་ཤིག་བདམས་པས་ཁྱིམ་ཚང་གི་འཚོ་བར་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག དཔེ་ཀློག་བྱེད་པ་ནི་སྐྱིད་སྐྱིད་ཀྱི་མི་ཚེའི་སྔོན་འགྲོ་ཡིན་པར་ངོས་ཟིན་ཐོབ། དེ་ནས་བཟུང་རང་གི་ཕུགས་འདུན་བུ་དང་བུ་མོའི་སྟེང་ནས་མངོན་འགྱུར་བྱེད་པ་ནང་བཞིན་ཁོ་ཚོ་རེ་རེ་བཞིན་སློབ་གྲྭར་མངགས།

བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚུན་དུ། ས་གནས་ཀྱི་འབྲོག་པ་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བའི་གནས་ཚུལ་སྐོར་ནས་ཁ་བརྡ་བྱེད་པ་ནི་སྐྱིད་སྐྱིད་ལ་མཚོན་ན་ཆེས་སྤྲོ་བ་ལྡན་ཞིང་གླེང་མི་ཚར་བའི་གཏམ་རྒྱུད་ཅིག་རེད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་དུ། བོད་ཁུལ་གྱི་ཡུལ་གྲུ་ཀུན་ཏུ་སློབ་གྲྭར་འགྲོ་བའི་ཚ་རླབས་གསར་བ་ཞིག་འཕྱུར་བ་དང་། ལྷག་པར་ཉེ་བའི་ལོ་འགའི་རིང་ལ་གཙང་གསུམ་མགོ་ཁུངས་ཀྱི་སློབ་མར་དམིགས་བསལ་གྱི་སྲིད་ཇུས་བཏོན་ནས། སློབ་ཡོན་སྤྲོད་མི་དགོས་པས་སྡེ་བ་ནས་སློབ་གྲྭར་འགྲོ་ཚད་སྔོན་ཆད་དང་བསྡུར་ན་ཇེ་མང་ནས་ཇེ་མང་དུ་ཕྱིན། སྐྱིད་སྐྱིད་ཀྱི་བུ་དང་བུ་མོ་ལྟ་བུའི་བྱིས་པ་མང་པོ་སློབ་གྲྭ་ཆེ་འབྲིང་བརྒྱུད་ཅིང་ཕྱིར་ཕ་ཡུལ་དུ་ལོག་ནས་གང་ལ་གང་འཚམས་ཀྱི་ལས་ཀ་རེ་རེག་ཐུབ་པ་བྱུང་བ་ནི་དགའ་འོས་པ་ཞིག་རེད།

ཁ་བརྡ་བྱས་ནས་མཚམས་དེར་སླེབས་དུས། ད་ལོ་ཧོ་ནན་ཞིང་ཆེན་གྱི་སློབ་ཆེན་ནས་མཐར་ཕྱིན་པའི་སྐྱིད་སྐྱིད་ཚང་གི་བུ་ཆེ་བ་ནོར་བུ་རྒྱལ་མཚན་ཁྱིམ་དུ་སླེབས་བྱུང་། ནོར་བུ་རྒྱལ་མཚན་ལ་མཚོན་ན་དེང་གི་སྲིད་ཇུས་ཀྱི་བཀའ་དྲིན་འོག ཕ་སྐྱིད་སྐྱིད་ཀྱི་རེ་བ་ཕྲག་ཏུ་ཁུར་ནས་རང་གི་དགའ་ཕྱོགས་ལྟར་སློབ་སྦྱོང་ལ་འབད་པ་བྱས་པས། རྩིས་འཁོར་རིག་པའི་ཆེད་ལས་ལག་རྩལ་སློབ་གྲྭ་ནས་མཐར་ཕྱིན་ཏེ་ཟླ་གཉིས་ཙམ་ལས་འགོར་མེད་ནའང་ནང་ཆེན་རྫོང་གི་ཉེན་འགོག་ཀུང་སི་རུ་བྱ་བ་ལས་བཞིན་ཡོད།

ནོར་བུ་རྒྱལ་མཚན་གྱིས་དེང་གི་འགྱུར་ལྡོག་གླེང་བའི་སྐབས་སུ། སྤྲོ་བའི་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། སྔོན་ཆད་ཨ་ཕ་སྐྱིད་སྐྱིད་ཀྱིས་བཤད་པའི་གཏམ་རྒྱུད་ནང་གི་ཁང་མིག་གྱན་གསུམ་གྱི་སློབ་གྲྭའི་ར་སྐོར་དེ་ང་རང་སློབ་གྲྭར་འགྲོ་དུས་ཤུལ་ཙམ་ཡང་མེད་ལ། དེའི་ཚབ་ཏུ་ཐོག་བརྩེགས་ཅན་གྱི་སློབ་ཁང་དང་མལ་ཁང་ལས་ཡོད། སྔོན་ཆད་འདྲ་པར་སྟེང་མཐོང་བའི་སྦྲ་གུར་སློབ་གྲྭ་དག ད་ལྟ་ཕྱི་གསལ་ནང་གསལ་གྱི་ཤེལ་སྒོ་ལས་གྲུབ་ཅིང་དྲོད་རླངས་འཛོམས་པའི་གྲོང་ཁྱེར་གྱི་སློབ་ཁང་དང་གཅིག་མཚུངས་རེད། འདི་ལྟ་བུའི་སློབ་ཁང་དུ་ང་ཚོ་སློབ་མ་རྣམས་འཚོ་བར་ཡིད་ཆེས་ཀྱིས་ཁེངས་པར་མ་ཟད། སྔོན་གྱི་བསླབ་ཚན་རེ་གཉིས་ནས་ནང་དོན་སྣ་མང་ཅན་དུ་འཕེལ་བས་སློབ་སྦྱོང་གི་སྤྲོ་བ་ཡང་སྔོན་དང་བསྡུར་ན་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། གལ་ཏེ་མི་ཚེ་འདིར་བཀའ་དྲིན་ཞུ་དགོས་ཚེ་རང་གི་ཕ་མ་གཉིས་གཙོ་བྱས་པའི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཡིན་ཟེར།

མཇུག་མཐར། སྐྱིད་སྐྱིད་ཀྱིས་བཤད་རྒྱུར། དང་པོ་སྤུན་ཆེ་ཆུང་གཉིས་ཀྱི་ལྭ་བ་བརྗེ་རེས་བྱས་ནས་གྱོན་པའི་ལོ་ཟླ་མཇུག་རྫོགས་པ་དང་། བར་དུ་སློབ་གྲྭར་འགྲོ་བར་ལོ་ན་ཆེ་ཆུང་གི་ཚད་བཀག་ཡོད་པ་དང་། སློབ་གྲྭ་ནས་རྩམ་སྐྱ་དང་ཆུ་འཁྱགས་ཟས་སུ་བསྟེན་པའི་ལོ་ཟླ་དང་གཏན་དུ་ཁ་བྲལ་ནས། སློབ་ཡོན་སྟེར་མི་དགོས་པ་དང་སློབ་གྲྭའི་ནང་དུ་རིན་པ་སྐར་གང་ཡང་སྤྲོད་མི་དགོས་པར་བཅུད་ལྡན་ཟས་རིགས་ལོངས་སུ་སྤྱོད་ཆོག་པ་འདི་འགྱུར་ལྡོག་གལ་ཆེན་ཡིན་པར་མ་ཟད། རང་གི་བུ་སློབ་ཆེན་ནས་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ལོག་ནས་བྱ་བར་ཞུགས་པ་འདི་ཡང་དྲིན་ལན་མཚོན་བྱེད་ཙམ་ཡིན། དེར་མ་ཟད་ནམ་རྒྱུན་གྱི་བཟའ་བཏུང་འདི་དག་ལས་ངེད་ཚང་གི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རྟོགས་ཐུབ་ལ། ང་ཚོ་མ་འོངས་པའི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་ཡིད་ཆེས་ཡོད་པས་ཏང་དང་རྒྱལ་ཁབ་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་འབད་འབུངས་བྱ་ངེས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།