"དགའ་ཞེན་གསུམ་"གྱི་བྱ་འགུལ་བརྒྱུད་གངས་ལྗོངས་གཞོན་ནུའི་སེམས་སུ་ལ་རྒྱའི་མེ་ཏོག་བཞད།
2018.10.23 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 37

རྫ་སྟོད་ཀྱི་སློབ་མ་རྒྱལ་སར་བསྐྱོད་པ་ནི་རེ་བའི་ཡུལ་སྐོར་ཐེངས་ཤིག་ཡིན་ལ། ཕུགས་བསམ་གྱི་ཡུལ་སྐོར་ཐེངས་ཤིག་ཀྱང་ཡིན།ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་སུམ་ཅུའི་ཉིན་བར་དུ། ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་གི་སློབ་གྲོགས་དྲུག་ཅུས་མེས་རྒྱལ་གྱི་རང་བྱུང་མཛེས་ལྗོངས་དང་། མི་ཆོས་སྣང་ཚུལ། ལོ་རྒྱུས་བརྒྱུད་ལམ། དེ་མིན་ད་རུང་མཐོ་རིམ་སློབ་གསོའི་འཕེལ་རྒྱས་ཡར་ཐོན་དང་ཚན་རྩལ་གོང་འཕེལ་གྱི་གྲུབ་འབྲས་ཉམས་སུ་མྱངས། བྱ་འགུལ་སྐབས་སློབ་གྲོགས་ཚོས་རླབས་ཆེ་བའི་མེས་རྒྱལ་དང་།ཀྲུང་ཧྭ་མི་རིགས། ཀྲུང་གོའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་དང་། སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་ལེན་བྱུང་པར་མ་ཟད།  ཁོ་ཚོའི་མཐོང་རྒྱ་ཇེ་ཆེ་རུ་བཏང་ཞིང་སེམས་པ་དྲོད་ཀྱིས་ཁེངས་ལ།ཕུགས་བསམ་གྱི་རྟ་ཕོར་ལྕག་གིས་གཞུས།  ཐེངས་འདིའི་བྱ་འགུལ་བརྒྱུད་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་དགའ་ཞེན་གསུམ་གྱི་བརྩེ་འདང་སློབ་མ་ཚོའི་སེམས་སུ་བསྙལ་བར་མ་ཟད། མི་འགྱངས་པར་དགའ་ཞེན་གསུམ་གྱི་ས་བོན་དེ་བོད་ཁུལ་གྱི་ག་ས་གང་དུ་ཁྱབ་སྟེ། གངས་ལྗོངས་སུ་ཆེས་མཛེས་པའི་སྐལ་བཟང་མེ་ཏོག་ཇི་བཞིན་རྣམ་པར་བཀྲ་བར་གདོན་མི་ཟ།
 ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་སློབ་མ་དྲུག་ཅུ་ལྷག་པེ་ཅིན་དུ་སྐབས་བཞི་བའི་དགའ་ཞེན་གསུམ་ཞེས་པའི་གཙོ་དོན་སློབ་གསོ་ལག་ལེན་བྱ་འགུལ་སྟེང་ཞུགས་པའི་གནས་ཚུལ་སྨྱན་བྱད་སྤེལ་རྗེས།མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོའི་གཞི་རིམ་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ཟབ་མོ་ཐོབ།
དགེ་རྒན་ཞིག་ཡིན་པའི་ཆ་ནས། རྫ་སྟོད་རྫོང་གི་སློབ་མ་ཚོ་<<བདེན་འཚོལ་>>དུས་དེབ་ཁང་གིས་རོགས་རམ་བྱས་པར་བརྟེན་རྩྭ་ཐང་བརྒལ་ནས་པེ་ཅིན་དུ་བྱ་འགུལ་ལ་ཞུགས་པ་མཐོང་རྗེས། སེམས་སུ་བྱ་འགུལ་འདི་བརྒྱུད་ནས་སློབ་གྲོགས་ཚོའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སེམས་སུ་ངེས་ཡོད་པ་དང་།རང་ཉིད་ལ་འགན་འཁྲིའང་ཡོད་ལ།  དབུལ་སྐྱོར་གྱི་གཙོ་བོ་ནི་བསམ་པའི་དབུལ་སྐྱོར་ཡིན་ལ།དབུལ་ཐར་གྱི་ཐོག་མ་རྨོངས་པ་སེལ་དགོས་པ་དང་། སློབ་གསོ་ནི་དབུལ་ཕོངས་ཀྱི་རྩ་བ་སློག་བའི་ནུས་ཡོད་ཀྱི་བརྒྱུད་ལམ་རིང་མོ་དང་མ་འོངས་པའི་འཆར་གཞི་ཆེན་པོ་ཞིག་རེད། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ངས་མུ་མཐུད་དུ་བརྩེ་བ་དང་དཀའ་སྤྱད་སྡུག་རུས་ཀྱི་ངལ་རྩོལ་ལ་བརྟེན་ནས་མེས་རྒྱལ་གྱི་མེ་ཏོག་གསོ་སྐྱོང་བྱེད་པར་རྒྱུན་འཁྱོངས་བྱེད་འདོད་པས། དཀའ་སྡུག་ཅི་འདྲ་ཆེ་རུང་རིན་ཐང་ལྡན། དེའི་ཐད་འགྱོད་པ་སྤུ་ཙམ་ཡང་མེད་ཅེས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཀྲིན་ཧིན་ཕིན་ལ་མྱོང་བ་ཟབ་མོ་ཡོད་ཅེས་བཤད།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ན་གཞོན་སློབ་ཕྱིའི་བྱ་འགུལ་ལྟེ་གནས་ཀྱི་ཀྲུའུ་རིན་མགོན་པོ་ཚེ་རིང་གིས་བཤད་རྒྱུར། "དགའ་ཞེན་གསུམ་"གྱི་བྱ་འགུལ་སྤེལ་བ་བརྒྱུད་རྫ་སྟོད་རྫོང་གི་བྱིས་པ་རྣམས་ཀྱིས་མེས་རྒྱལ་གྱི་ཉིན་རེར་འཕེལ་རྒྱས་ཉམས་སུ་མྱངས་ཡོད་པས། དེ་ནི་མཐོང་རྒྱ་བསྐྱེད་པའི་ཡུལ་སྐོར་ཐེངས་ཤིགརེད་ལ། ལྷག་པར་ཏུ་རྒྱ་བོད་གཉིས་ཀྱི་བུ་དང་བུ་མོ་མོའི་བར་གྱི་མཐུན་སྒྲིལ་ཟམ་པ་ཞིག་ཀྱང་རེད། དབུལ་སྐྱོར་བྱེད་དགོས་ན་རིག་སྟོབས་རོགས་སྐྱོར་དང་བློ་སྟོབས་རོགས་སྐྱོར་བྱེད་དགོས། ང་ཚོའི་རྣམ་པ་མི་འདྲ་བའི་གཙོ་དོན་སློབ་གསོ་ལག་ལེན་ནི་འབྲོག་ཁུལ་གྱི་ན་གཞོན་རྣམས་ལ་མཚོན་ན་ཡང་ཕུན་སུམ་ཚོགས་པའི་སློབ་གསོ་ལེགས་པོ་ཐེངས་ཤིག་ཡིན་སྟབས་ཁོ་ཚོས་སློབ་སྦྱོང་གི་བརྩོན་སེམས་ལ་ཡར་སྐུལ་དང་རྗེས་མར་ཕ་ཡུལ་འཛུགས་སྐྲུན་གྱི་ཆོད་སེམས་དང་བློ་སྤོབས་ཇེ་བརྟན་དུ་གཏོང་བ། དྲིན་གཟོའི་སེམས་བསྐྱེད་ལ་ཕན་པ་ཆེ་ཆེར་ལྡན།
"ཉིན་བཅུ་ཡི་དུས་ཚོད་ནང་དུ་བྱིས་པ་ཚོས་མེས་རྒྱལ་གྱི་མཛེས་སྡུག་བཀོད་པ་ཉམས་སུ་མྱངས་པ་དང་མཐོང་རྒྱ་ཡངས་པར་བསྐྱེད། རིག་གནས་ཀྱི་ཡང་སྙིང་ཉམས་ལེན་བྱས་པར་མ་ཟད། མེས་རྒྱལ་གྱི་སྟོབས་འབྱོར་མངའ་ཐང་རྒྱས་པ་ལ་མྱོང་ཚོར་ཟབ་མོ་ཐོབ་ཡོད་པས། དགའ་ཞེན་གསུམ་གྱི་ས་བོན་དེ་བྱིས་པ་ཚོའི་སེམས་ཀྱི་གཏིང་རིམ་ལ་ཉར་ཡོད།
སློབ་གསོ་སྡེ་ཁག་ལ་མཚོན་ན། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ང་ཚོའི་མུ་མཐུད་དུ་སློབ་མའི་བསམ་བློ་དང་། ཀུན་སྤྱོད་སློབ་གསོ། མཛེས་དཔྱོད་སློབ་གསོ་བཅས་ལ་རེ་བ་ནན་མོ་བཅངས་ཏེ་ཤུགས་སྣོན་དགོས། བྱིས་པ་ཚོར་ཡང་དག་པའི་དགའ་ཞེན་གསུམ་གྱི་ལྟ་བ་འཛིན་པ་དང་།ཁོ་ཚོའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྣེ་ཁྲིད་བྱས་ཏེ།   ཁོ་ཚོ་ཚད་ལྡན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་ཏུ་གསོ་སྐྱོང་བྱེད་དགོས"ཞེས་རྟ་ཐང་ཧེ་རིགས་ཧོར་རིགས་རང་སྐྱོང་རྫོང་སློབ་གསོ་ཅུའུ་ཡི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཆིས་ཚེའེ་ཆིན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་དེ་ལྟར་བཤད།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དམངས་སྲིད་དང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་སུའུ་ཙི་ཀྲིན་གྱིས་གསར་འགྱུར་ལ་བལྟས་རྗེས་ཚོར་སྣང་ཟབ་མོའི་སྒོ་ནས་གསར་འགོད་པར་བཤད་རྒྱུར། "རྫ་སྟོད་ཀྱི་སློབ་མ་པེ་ཅིན་དུ་ལྟ་སྐོར་སློབ་སྦྱོང་དུ་ཕྱིན་པའི་བྱ་འགུལ་ལ་དོན་སྙིང་གལ་ཆེན་ལྡན། རྩྭ་ཐང་གི་འབྲོག་པའི་བྱིས་པ་རྣམས་ལ་འཇིག་རྟེན་ལྟ་བའི་མིག་རྒྱ་བསྐྱེད་པར་མ་ཟད།ཁོ་ཚོའི་རྒྱལ་གཅེས་སེམས་པ་དང་མེས་རྒྱལ་ལ་འགན་འཁུར་བའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་སོང་བ་དང་། མི་རིགས་ཀྱི་ལ་རྒྱ་དང་མི་རིགས་རང་རློམ་གྱི་བསམ་པ་ཇེ་བརྟན་དུ་སོང་ཡོད་"ཅེས་བཤད།
"དགའ་ཞེན་གསུམ་"གྱི་བརྗོད་དོན་སློབ་གསོ་བྱ་འགུལ་ལས་"<<བདེན་འཚོལ>>དུས་དེབ་ཁང་གི་རྫ་སྟོད་དང་བཅས་པའི་ཡུལ་ཤུལ་ཁུལ་ཡོངས་ལ་བཅངས་པའི་བརྩེ་སེམས་དེ་མཚོན་ཡོད། རྫ་སྟོད་རྫོང་གི་དགེ་སློབ་ཚོ་པེ་ཅིན་དུ་ཕྱིན་པའི་དོན་དག་དེ་གླེང་མ་ཐག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཚེ་རིང་དོན་འགྲུབ་ཀྱིས་བཤད་རྒྱུར། "གླེགས་བམ་ཁྲི་ཕྲག་བཀླགས། ལེ་དབར་ཁྲི་ལ་བསྐྱོད་ཅེས་པ་ནང་བཞིན་ལག་ལེན་ནི་བྱིས་པ་རྣམས་འཚར་ལོངས་འབྱུང་བའི་དགོས་ངེས་ཀྱི་ཐབས་ལམ་ཤིག་ཡིན་པས། བྱིས་པ་ཚོ་ཕུགས་འདུན་འཚོལ་བའི་ལམ་དུ་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་བཟང་བ་རེད། "དགའ་ཞེན་གསུམ་"གྱི་བྱ་འགུལ་དེས་མི་རིགས་མཐུན་སྒྲིལ་འཛུགས་སྐྲུན་དང་ཤེས་ཡོན་དར་སྤེལ་འཐབ་ཇུས་ལ་མཚོན་ན་ཧ་ཅང་བཟང་བའི་གར་སྟེགས་ཤིག་རེད། རེ་བ་ཡིན་ན་བྱ་འགུལ་འདི་མུ་མཐུད་དུ་རྒྱུན་བསྲིངས་པ་དང་ཇི་ལྟར་གཉེར་ན་དེ་ཙམ་གྱིས་བཟང་བ་དང་། ལྷག་པར་དུ་བོད་ཁུལ་གྱི་བྱིས་པ་རེ་རེར་འདི་ལྟ་བུའི་གོ་སྐབས་བཟང་བོ་ཐོབ་ཐུབ་པའི་རེ་བ་ཡོད་"ཟེར།

མཚོ་ཤར་གྲོང་ཁྱེར་མིན་ཧི་ཧེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཁྲོན་ཧིན་སློབ་གྲྭའི་ཧོར་རིགས་ཀྱི་དགེ་རྒན་ལུ་ཞའོ་ཅོན་གྱིས་མཚོ་སྔོན་ཉིན་རེ་ཚགས་པར་ཁང་གིས་"དགའ་ཞེན་གསུམ་"གྱི་བྱ་འགུལ་གནས་ཚུལ་སྤེལ་བའི་གསར་འགྱུར་ལ་བལྟས་རྗེས་བཤད་རྒྱུར།"བྱིས་པ་ཚོའི་ལྷད་མེད་ཀྱི་འཛུམ་མདངས་རེ་རེ་ནི་མཛེས་སྡུག་གི་སྐལ་བཟང་མེ་ཏོག་རེ་རེ་དང་འདྲ་ལ། བྱིས་པ་ཚོས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བ་དང་། གོང་མའི་ཕོ་བྲང་དང་དབྱི་ཧོ་སྐྱེད་ཚལ། ཆིན་ཧྭ་སློབ་ཆེན་སོགས་སུ་ལྟ་སྐོར་དུ་སོང་བའི་རྣམ་པ་དེས་ཁོ་ཚོར་མེས་རྒྱལ་ལ་སྔར་ལས་ལྷག་པའི་སྒོ་ནས་རྒྱུས་ལོན་དང་ངོས་ཟིན་བསྐྱེད་པར་མ་ཟད། ཁོ་ཚོར་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་ལ་ཡིད་ཆེས་དང་བློ་སྤོབས་ཆེར་བསྐྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱམས་བརྩེ་སེམས་སུ་མྱོང་དུ་བཅུག རེ་བ་ཡིན་ན་རྫ་སྟོད་ཀྱི་སློབ་གྲོགས་ཚོ་མེས་རྒྱལ་གྱི་མཚར་སྡུག་གི་ཉི་འོད་ཁྲོད་སྔར་ལས་འོད་མདངས་རྒྱས་ལ་སྔར་ལས་མཛེས་སྡུག་ལྡན་པའི་ཡིད་ཆེས་ཡོད་"ཟེར།
ན་གོར་མོ་གྲོང་ཁྱེར་སློབ་འབྲིང་དང་པོའི་སློབ་གཙོ་གོ་ཞོ་ཡུས་ལ་ཐེངས་འདིའི་བྱ་འགུལ་གླེང་མ་ཐག  སེམས་འགུལ་ཐེབས་བཞིན། " ཐེངས་འདིའི"དགའ་ཞེན་གསུམ་"གྱི་གཙོ་དོན་སློབ་གསོའི་ལག་ལེན་བྱ་འགུལ་གྱིས་རྫ་སྟོད་རྫོང་གི་སློབ་མ་ཚོར་ཤེས་རིག་གིས་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་པའི་བདེན་པ་དེ་རྟོགས་སུ་བཅུག   ཁོ་ཚོ་ལ་དམིགས་འབེན་དང་ཕུགས་བསམ་ཆེན་མོ་འཛུགས་པར་རོགས་རམ་དང་། ཕུགས་བསམ་ལ་རེ་སྙེག་བྱེད་པར་ངར་ཤུགས་དང་ཡིད་ཆེས་བསྩལ། སློབ་མ་ཚོར་མཚོན་ནས་བཤད་ན། མིག་རྒྱ་བསྐྱེད་པ་དང་། ཤེས་བྱའི་ཡོན་ཚད་ཇེ་མཐོར་གཏོང་བ། སློབ་སྦྱོང་གི་བརྩོན་སེམས་སྐུལ་སློང་བྱེད་པ་བཅས་ནི་ནམ་ཡང་མེད་དུ་མི་རུང་བའི་དམིགས་འབེན་ཞིག་ཡིན་ལ། དགེ་རྒན་ལ་མཚོན་ནས་བཤད་ནའང་ཉམས་མྱོང་ཕུན་སུམ་ཚོགས་པའི་སློབ་ཁྲིད་ཀྱི་རྣམ་པ་དང་གསར་གཏོད་རང་བཞིན་གྱི་སློབ་གསོའི་འདུ་ཤེས་ནི་ང་ཚོའི་སློབ་གསོའི་བྱ་བ་མདུན་ཕྱོགས་སུ་སྐྱོད་པའི་སྒུལ་ཤུགས་ཤིག་རེད། ང་ཚོའི་རྗེས་ཕྱོགས་བྱ་བའི་ཁྲོད་དགའ་ཞེན་གསུམ་གྱི་མཛེས་པའི་ཀུན་སྤྱོད་དེ་ང་ཚོ་དགེ་སློབ་རེ་རེའི་སློབ་སྦྱོང་གི་བྱ་བ་དང་འཚོ་བའི་ཁྲོད་དུ་མངོན་པར་བྱེད་དགོས་"ཟེར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་སྐལ་བཟང་གིས་"དགའ་ཞེན་གསུམ་གྱི་གཙོ་དོན་སློབ་གསོ་ལག་ལེན་བྱ་འགུལ་ལ་དོན་སྙིང་གལ་ཆེན་ལྡན་ལ། གསོན་ཉམས་ལྡན་པ་ཞིག་ཀྱང་རེད། སློབ་གསོ་ནི་དབུལ་ཐར་གྱི་རྩ་བ་དང་། བྱ་འགུལ་ནི་ཁ་གཏད་རོགས་སྐྱོར་གྱི་ནུས་ཡོད་ཐབས་ལམ་ཡིན་པས། མུ་མཐུད་དུ་བྱེད་ཐབས་འཚོལ་ཞིབ་བྱེད་པའི་ཉམས་མྱོང་ཡང་ཡིན། ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་འབྲོག་ཁུལ་གྱི་དབུལ་ཕོངས་རྫོང་ལ་འཚམ་པའི་འཚོལ་ཞིབ་བྱས་ནས། ཕུལ་དུ་བྱུང་བའི་བྱིས་པ་ཚོར་ཕ་ཡུལ་གྱི་རི་ལུང་བརྒལ་ནས་མཐོང་རྒྱ་བསྐྱེད་པ་དང་། ཤེས་བྱའི་ཡོན་ཚད་ཇེ་མཐོར་གཏོང་བ། ཆུང་དུས་ནས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་པ་དང་། ཕ་ཡུལ་གྱི་དབུལ་བོའི་རྣམ་པ་བསྒྱུར་བཅོས་བྱེད་པའི་ཆོད་སེམས་ལ་ཡར་སྐུལ་བྱེད་དགོས། ངའི་རེ་བར་བྱིས་པ་ཚོས་"དགའ་ཞེན་གསུམ་"གྱི་ས་བོན་སློབ་གྲོགས་མང་པོ་ཞིག་གི་སེམས་ཁོངས་སུ་ཉར་ནས་མཐོ་སྒང་གི་ས་གཞི་རུ་རྩ་བ་རྒྱས་ཤིང་མཚར་སྡུག་གི་འདབ་མ་གྲོལ་བའི་སྨོན་འདུན་ཡོད་"ཟེར།
                                                                                                                             ལོ་ཙཱ་བ། སྐར་མ་མཚོ།