རྨ་ལྷོ་ཁུལ་ཐུན་རིན་རྫོང་གིས་རེབ་གོང་སྒྱུ་རྩལ་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལེའུ་གསར་བ་བརྩམས།
2018.10.23 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 43

ཐུན་རིན་རྫོང་རོང་བོ་གྲོང་རྡལ་སེང་གེ་གཤོང་སྡེ་བར་གནའ་ཉམས་དོད་ཅིང་བོད་བཟོའི་ཁྱད་ཆོས་མངོན་གསལ་དོད་པའི་འཛུགས་སྐྲུན་དངོས་རྫས་ཡོད་ཅིང་། དེ་ནི་མཚོ་སྔོན་ཞིང་ཆེན་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་སྟེ་རེབ་གོང་སྒྱུ་རྩལ་གླིང་རེད། གསར་འགོད་པ་རེབ་གོང་སྒྱུ་རྩལ་གླིང་དུ་ཐོན་པ་ན། རེབ་གོང་སྒྱུ་རྩལ་གླིང་གི་འགོ་བའམ་རི་མོ་མཁས་ཅན་སྙིང་འབུམ་རྒྱལ་གྱིས་སློབ་མ་ཚོར་ཐང་ག་འབྲི་སྟངས་ཁྲིད་བཞིན་མཆིས།

“ང་ཚོའི་སྒྱུ་རྩལ་གླིང་དུ་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་། ཀྲུང་གོའི་བཟོ་བཀོད་མཛེས་རྩལ་མཁས་ཅན། ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ། མི་རབས་གསར་པའི་རི་མོ་མཁས་ཅན་སོགས་མི་བརྒྱ་དང་བརྒྱད་ཅུ་ལྷག་ཙམ་ཡོད”ཅེས་སྙིང་འབུམ་རྒྱལ་གྱིས་ངོ་སྤྲོད་བྱས།

ཐུན་རིན་རྫོང་གིས་རེབ་གོང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་རྨང་གཞིར་བྱས་ནས་ཁྱད་ལྡན་ཐབས་ལམ་གསར་དུ་བཏོད་པ་དང་། མིག་སྔར། རིག་གནས་གཉེར་སྐྱོང་བྱེད་མཁན་མི་ཉིས་བརྒྱ་ང་བརྒྱད་ཡོད་ལ་རིག་གནས་ཐོན་ལས་ནང་ཞུགས་མཁན་མི་ཁྲི་གཉིས་ལྷག་ཡོད། 2017ལོར་རིག་གནས་ཐོན་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཉིས་འབུམ་ལྔ་ཟིན་པ་དེ་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་ཉི་ཤུ་འཕར་བས། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གྱི་ཐད་སྐུལ་འདེད་ཀྱི་བྱེད་ནུས་གལ་ཆེན་ཐོན་ཡོད།

ངོ་མཚར་ཆེ་བའི་རེབ་གོང་སྒྱུ་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་དང་། སྤྱིར་བཏང་རེབ་གོང་སྒྱུ་རྩལ་པ་ཞིག་གིས་རང་གཅིག་པུས་བརྩམས་ཆོས་ཤིག་ལེགས་སྒྲུབ་བྱེད་དགོས་ན་ཉུང་མཐར་ཡང་ལོ་བདུན་བརྒྱད་ཡན་དཀའ་སྤྱད་འབད་བརྩོན་བྱེད་དགོས། རེབ་གོང་བས་རེབ་གོང་སྒྱུ་རྩལ་བརྒྱུད་སྤེལ་བྱེད་པར་སྲོལ་རྒྱུན་བཟང་པོ་ཞིག་ཡོད་པ་སྟེ། རེབ་གོང་སྒྱུ་རྩལ་པ་ཚང་མས་སོ་སོའི་ལག་རྩལ་དེ་བུམ་པ་གང་བྱོའི་ཚུལ་དུ་རང་གི་སློབ་མ་ཚོར་ཁྲིད་ཀྱིན་ཡོད་པ་རེད།

རེབ་གོང་སྒྱུ་རྩལ་གླིང་བཙུགས་པ་ནས་བཟུང་ལོ་ལྟར་ཡུན་རིང་དང་དུས་ཐུང་གི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ལོ་ན་གཞོན་པའི་རེབ་གོང་སྒྱུ་རྩལ་པ་གསོ་སྦྱོང་བྱེད་ཀྱིན་ཡོད་པ་དང་། ན་ནིང་གི་ལོ་མཇུག་བར། རིམ་རྩིས་བྱས་ན་མི་སྟོང་གཅིག་དང་ལྔ་བརྒྱ་གསོ་སྦྱོང་བྱས་པའི་ནང་སྒྱུ་རྩལ་པ་དྲུག་བརྒྱ་དང་ཉི་ཤུ་ནི་རེབ་གོང་ཐང་གའི་སྒྱུ་རྩལ་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་གཏོང་མཁན་བཅས་ཀྱི་ཕུལ་བྱུང་ཤེས་ལྡན་པར་གསོ་སྐྱོང་བྱས་ཡོད།

ཐུན་རིན་རྫོང་གཉན་ཐོག་ཞང་སྐ་གསར་སྡེ་བའི་བྱམས་པ་སྐྱབས་ནི་རེབ་གོང་རྡོ་བརྐོས་ལག་རྩལ་སྲུང་སྐྱོང་རྒྱུན་འཛིན་པ་ཞིག་ཡིན། ཁོས་བྱང་ཆུབ་པའི་རྡོ་བརྐོས་ལག་རྩལ་ནི་རང་གི་མེས་པོའི་གམ་ནས་སྦྱངས་པ་རེད། ཁོས་ངོས་ནས་བརྗོད་ན་རྡོ་བརྐོས་ལས་པ་དང་དགེ་ཕྲུག་ཁྲིད་ནས་ལག་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུ་ནི་རྒྱུན་གཏན་གྱི་བྱ་བ་ཞིག་རེད།

བྱམས་པ་སྐྱབས་ཀྱི་རྡོ་བརྐོས་ཁང་དུ། གསར་འགོད་པས་སློབ་མ་ལྷ་མོ་མཚོས་གསོན་ཉམས་དོད་པའི་རྡོ་བརྐོས་ལས་བཞིན་པ་མཐོང་བྱུང་།

ལྷ་མོ་མཚོ་ཡིས་བཤད་རྒྱུར།“མི་མང་པོ་ཞིག་གིས་རྡོ་བརྐོས་ལག་རྩལ་སྦྱོང་རྒྱུ་དེ་དཀའ་ལས་ཆེ་བས་བུ་མོས་སྦྱངས་ཚེ་འཚམ་པོ་མེད་པའི་ངོས་འཛིན་བྱེད་ཀྱིན་ཡོད་མོད། འོན་ཀྱང་ང་རང་རྡོ་བརྐོས་སྒྱུ་རྩལ་ལ་ཧ་ཅང་དགའ་པོ་ཡོད། རྒན་བྱམས་པ་སྐྱབས་ལགས་ཀྱིས་ཁྲིད་པ་དངོས་གནས་བཟང་། འདི་གར་རེབ་གོང་སྒྱུ་རྩལ་དེ་ནང་མི་ལས་ཕྱི་མིར་མི་སྤེལ་བ་དང་། སེར་མོ་བ་ལས་མི་སྐྱར་མི་སྤེལ་བ། བུ་ལས་བུ་མོར་མི་སྤེལ་བའི་སྲོལ་རྒྱུན་ངན་པ་སྔ་མོ་ནས་དོར་ཡོད་ཅེས་ཟེར།

“ལོ་འདི་དག་གི་རིང་། ཁུལ་རིམ་པས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་ལམ་ཡང་རྒྱ་ཆེར་སོང་ཡོད། ཡུལ་སྐོར་བ་སྔར་ལས་མང་པོས་རེབ་གོང་སྒྱུ་རྩལ་ལ་དོ་སྣང་བྱེད་ཀྱིན་ཡོད་པས་ང་ཚོ་ལག་རྩལ་པ་ཚོའི་ལག་རྩལ་སླར་ཡང་ངོམ་ཐུབ་སོང”ཞེས་བྱམས་པ་སྐྱབས་ཀྱིས་དེ་ལྟར་བཤད།

རེབ་གོང་སྒྱུ་རྩལ་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུ་བཏོད་པ།

རེབ་གོང་དུ་མིང་གྲགས་དང་འབྲས་བུ་ཡོད་པ་ནི་རེབ་གོང་སྒྱུ་རྩལ་ཡིན་ཏེ། ཐུན་རིན་རྫོང་སེང་གེ་གཤོང་སྡེ་བ་ཁོ་ནར། རེབ་གོང་སྒྱུ་རྩལ་གྱི་ལས་ཀ་སྒྲུབ་མཁན་གྱི་ཁྱིམ་ཚང་གིས་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་གི་བརྒྱ་ཆའི་གོ་བརྒྱད་ཟིན་ཡོད་པ་དང་། མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་ལོ་ལྔའི་སྔོན་གྱི་སྒོར་སྟོང་ལྔ་ལྷག་ནས་མིག་སྔར་སྒོར་ཁྲི་གསུམ་ལྷག་ལ་འཕར་ཡོད།

རྨ་ལྷོ་ཁུལ་རེབ་གོང་རིག་གནས་སྣོད་བཅུད་དོ་དམ་ཨུ་ཡོན་ལྷན་ཁང་སྲུང་སྐྱོང་འཛུགས་སྐྲུན་ཚན་ཁག་གི་ཚན་གཙོ་རོན་ཡོན་ཁྲེང་གིས་བཤད་རྒྱུར། རྒྱ་བོད་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་རེབ་གོང་ཡུལ་སྐོར་དྲན་རྟེན་ཐོན་རྫས་ཀྱི་ཁྲོམ་ར་རིམ་བཞིན་རྒྱ་ཆེར་འགྲོ་བ་དང་། ཚོང་ཟོག་བྲིན་ཚད་ཀྱང་མང་དུ་ཕྱིན་ནས་དེ་སྔའི་དབུལ་ཕོངས་ཁྱིམ་ཚང་རྣམས་ཐང་གའི་རིག་གནས་ཐོན་ལས་ནང་ཞུགས་རྗེས་དཔལ་འབྱོར་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཟེར།

རྨ་ལྷོ་ཁུལ་སྲིད་གཞུང་གིས་ཡུལ་བབ་དང་བསྟུན་ནས་མ་དངུལ་གྱི་ཁ་གསབ་སྤྲོད་པ་དང་། གཅིག་གྱུར་སྒོས་དམངས་ཁྲོད་སྒྱུ་རྩལ་པས་རྣམ་པ་སྣ་ཚོགས་ཀྱི་ཤེས་བྱ་དང་རྩལ་ནུས་འཛིན་སྤེལ་དང་སློབ་སྦྱོང་གི་འགྲེམ་སྟོན་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་རིམ་པའི་མཚོན་བྱེད་དང་རྒྱུན་འཛིན་མཁན་སྙིང་འབུམ་གྱི་རེབ་གོང་སྒྱུ་རྩལ་གླིང་དང་། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མཁན་ཤ་བོ་སྐྱབས་ཀྱི་རིག་འབྱུང་འཇིམ་རྐོས་སློབ་སྦྱོང་རྒྱུན་འཛིན་ལྟེ་གནས། ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མཁན་བཀྲ་ཤིས་རྒྱ་མཚོའི་ཀླུ་སྒྲུབ་སྒྱུ་རྩལ་གླིང་སོགས་ཀྱིས་མཚོན་བྱེད་རང་བཞིན་ལྡན་པའི་ཕྱོགས་བསྡུས་རྒྱུན་འཛིན་སློབ་སྦྱོང་གི་འགྲེམ་སྟོན་ལྟེ་གནས་ཁག་གཅིག་མངོན་ཡོད་པ་རེད།

མིག་སྔར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གཟུགས་འདས་རིག་གནས་ཤུལ་བཞག་གི་ཕྱོགས་བསྡུས་རྒྱུན་འཛིན་དང་སློབ་སྦྱོང་ལྟེ་གནས་ཉེར་བརྒྱད་བསྐྲུན་ཡོད་པ་དང་། ལོ་ལྟར་གཟུགས་འདས་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་སྟོང་གཅིག་དང་ལྔ་བརྒྱ་ལྷག་ཙམ་གསོ་སྐྱོང་བྱས་ལ། ཁུལ་ཡོངས་ཀྱི་རིག་གནས་ཐོན་ལས་གཉེར་སྐྱོང་ཁྱིམ་ཚང་སུམ་བརྒྱ་དང་ཉི་ཤུ་ཟིན་ཡོད། རེབ་གོང་སྒྱུ་རྩལ་གྱི་ལས་རིགས་གཉེར་མཁན2011ལོའི་མི་ཁྲི་གཅིག་དང་སྟོང་གསུམ་ནས2016ལོར་མི་ཁྲི་གསུམ་བར་མང་དུ་སོང་ཡོད་པ་དང་། རེབ་གོང་སྒྱུ་རྩལ་ཐོན་རྫས་ཕྱིར་འཚོང་གི་ཡོང་འབབ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ནས་སྒོར་དུང་ཕྱུར་དྲུག་དང་བྱེ་བ་ལྔ་བར་མང་དུ་སོང་ཡོད་ལ། ལོ་གཅིག་གི་ཡོང་འབབ་སྒོར་བྱེ་བ་གཅིག་ཡན་ཟིན་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཁེ་ལས་ལྔ་ཡོད།

སྲུང་སྐྱོབ་དང་རྒྱུན་འཛིན་ཁྲོད་རེབ་གོང་སྒྱུ་རྩལ་གྱི་རང་བརྟེན་ནུས་པ་ཆེ་རུ་ཕྱིན་པ།

དྲ་སྦྲེལ་གྱི་རྒྱབ་ལྗོངས་འོག་རྨ་ལྷོ་ཁུལ་གྱིས་དུས་བསྟུན་འཕེལ་རྒྱས་སུ་བཏང་ནས“ཀྲུང་གོའི་རེབ་གོང་ཐང་གའི་དྲ་བ”ལས་པ་དང་། ཆེས་གསར་ཤོས་ཀྱི་དྲ་སྦྲེལ་ལག་རྩལ་སྤྱད་དེ་དྲ་ཐོག་དང་དྲ་ཕྱིའི་བྲིན་ཚོང་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་རེབ་གོང་གི་བརྩམས་ཆོས་བྲིན་ཚོང་ཁྲོམ་ར་རྒྱ་ཆེར་བཏང་བ་རེད།

རྨ་ལྷོ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་གོ་ཏུང་གིས་བཤད་རྒྱུར། ཐོན་སྐྱེད་རང་བཞིན་འབོར་ཆེན་གྱི་སྲུང་སྐྱོང་ལས་རེབ་གོང་སྒྱུ་རྩལ་དེ་ལག་ཤེས་བཟོ་ལས་ཤིག་གི་ཚུལ་དུ་རྒྱུན་འཛིན་ཐུབ་པ་མ་ཟད། ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་རེབ་གོང་སྒྱུ་རྩལ་དང་རིག་གནས་ཐོན་ལས་འབྲེལ་མཐུད་ཡག་པོ་བྱས་ཏེ། ས་གནས་ཀྱི་མང་ཚོགས་ལ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་རྙེད་ཡོད་ཟེར།

“ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་དང་གསར་གཏོད་རང་བཞིན་གྱི་རྒྱུན་འཛིན”ནི་རྨ་ལྷོ་ཁུལ་གྱིས་གཟུགས་འདས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་ལམ་བུའི་སྟེང་བསྐྱོད་པའི་གསར་གཏོད་ཀྱི་རྣམ་པ་ཞིག་རེད། སྲིད་གཞུང་གི་རྒྱབ་སྐྱོར་འོག་རེབ་གོང་སྒྱུ་རྩལ་མཁས་པ་དང་སྒྱུ་རྩལ་པ་ཚོའི་འཛམ་གླིང་ས་ཕྱོགས་ཁག་ཏུ་འགྲེམ་སྟོན་གཉེར་བའི་ཧུར་བརྩོན་རང་བཞིན་ཇེ་ཆེར་སོང་ཡོད། རེབ་གོང་སྒྱུ་རྩལ་གླིང་སྙིང་འབུམ་ཐང་གའི་བརྩམས་ཆོས་རྒྱལ་ཁབ་ཕྱི་ནང་གི་འགྲེམས་སྟོན་ཉིས་བརྒྱ་ལྷག་ཙམ་ནང་ཞུགས་པ་དང་། འཛམ་གླིང་གི་རྟེན་རྫས་བཤམས་སྟོན་ཁང་རྩེ་གྲས་བཞི་ལས་གསུམ་དུ་འགྲེམས་སྟོན་བྱས་པ་རེད།

རོན་ཡོན་ཁྲེང་གིས་བཤད་རྒྱུར། རེབ་གོང་ཐང་གར་རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུའུ་ཡིས“ཀྲུང་གོའི་ས་གཤིས་ཚད་གཞིའི་སྲུང་སྐྱོབ་ཐོན་རྫས”ཀྱི་ཆོག་མཆན་བཀོད་ཡོད། དེས་རེབ་གོང་སྒྱུ་རྩལ་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཉམས་འགྱུར་དེ་ལས་ཆེ་བའི་གར་སྟེགས་སྟེང་འགྲེམས་སྟོན་བྱེད་ཐུབ་པ་མཚོན་ཡོད་ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།