རྨ་སྟོད་རྫོང་གི་དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་དང་ལྔ་བརྒྱ་ཞེ་གཅིག་སྡོད་ཁང་གསར་བའི་ནང་དུ་གནས་སྤར་བ།
2018.10.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43


ཁང་བ་གསར་བ་རེ་རེ་གྲལ་བསྟར་སྒྲིག་ལ་གྲོང་གསེབ་ཀྱི་ལམ་ཕྲན་རེ་རེ་གྲལ་དག་པ། ཁྱིམ་ཚང་རེ་རེ་སྡོད་ཁང་གསར་བར་གནས་སྤར་བས་འཚོ་བ་གསར་བའི་དགའ་སྤྲོའི་འཛུམ་མདངས་གདོང་ལ་ངོམས། ཉིན་འགའ་ཤས་ཀྱི་རིང་དུ་རྨ་སྟོད་རྫོང་གི་དབུལ་སྐྱོར་གནས་སྤོར་ལྟེ་གནས་སུ་སྤྲོ་དགའི་དཔལ་གྱིས་ཁེངས་ཤིང་། ཚང་མས་རང་རང་གི་ཁང་བ་གསར་བར་གཙང་སྤྲ་བྱེད་པའི་ལས་ལ་བྲེལ་བཞིན་འདུག “ཁྱོད་ཀྱིས་ལྟོས་དང་། བདག་གི་ཁང་བ་གསར་བ་འདི་གཙང་ཞིང་ཁོད་ཡངས་པས་འདི་ལྟ་བུའི་ཁང་བ་ཞིག་ཏུ་འདུག་ཐུབ་རྒྱུ་ནི་ཏང་གི་སྲིད་ཇུས་བཟང་བོའི་བཀའ་དྲིན་ཡིན།” རྨ་ཁྲ་ལི་གྲོང་རྡལ་རྐྱང་སྟོད་སྡེ་བའི་སྡེ་མི་ཐུབ་དགའ་ཡིས་ཁང་བའི་ནང་གི་ཅ་ལག་སྣ་ཚོགས་བཀོད་སྒྲིག་བྱེད་ཞོར་དུ་ཁ་ནས་རང་དབང་མེད་པར་ཡང་དང་བསྐྱར་དུ་དེ་ལྟར་ཟེར་བཞིན་འདུག

“འདི་ལྟ་བུའི་གཙང་ཞིང་ཁོད་ཡངས་པའི་ཁང་བ་ཞིག་ཏུ་འདུག་རྒྱུ་ནི་སྔོན་ཆད་རྨི་ལམ་དུ་ཡང་འཁོར་མ་མྱོང་། ཁང་བ་གསར་བ་ལས་པ་ནས་ཁང་བ་གསར་བའི་ནང་གནས་སྤོར་བྱེད་པའི་བར་དུ་འཚོ་བའི་སྤྱོད་ཆས་རེ་གཉིས་ཉོས་པ་ཙམ་ལས་སྒོར་མོ་སྐར་མ་གང་ཡང་བཀོལ་སྤྱོད་བྱས་མ་མྱོང་།” གནས་སྤོར་སྲིད་ཇུས་ལོངས་སུ་སྤྱོད་མཁན་ཞིག་ཡིན་པའི་ཆ་ནས་སྡེ་མི་སྨོན་ལམ་གྱིས་དེ་ལྟར་བཤད་བཞིན་གདོང་ལ་སྤྲོ་དགའི་འཛུམ་གྱིས་ཁེངས་འདུག

ཉིན་འདི་འགར་སྨོན་ལམ་ལྟ་བུའི་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་ཁྱིམ་ཚང་སྟོང་གཅིག་དང་ལྔ་བརྒྱ་ཞེ་གཅིག་གི་མི་གྲངས་སྟོང་བཞི་དང་བཞི་བརྒྱ་དོན་གསུམ་སྔ་གཞུག་ཏུ་ཁང་བ་གསར་བའི་ནང་གནས་སྤར་བས་ཁོ་ཚོའི་གདོང་ལ་བདེ་སྐྱིད་ཀྱི་འཚོ་བ་གསར་བའི་འཛུམ་གྱིས་ཁེངས་འདུག

མཛོ་རྒན་རྭ་བར་གྲོང་རྡལ་ནས་གནས་སྤར་ཡོང་མཁན་གྱི་ཡག་གེ་ཚང་གི་ཁྱིམ་དུ་བརྙན་འཕྲིན་འཕྲུལ་ཆས་དང་འཁྱགས་སྒམ། ལྭ་བཀྲུ་འཕྲུལ་ཆས་གསར་བ་བཅས་གློག་ཆས་ཀྱི་རིགས་སྣ་ཚོགས་ཤིག་བཀོལ་སྤྱོད་བྱེད་བཞིན་ཡོད་པས་ཁོ་ཚང་གི་ད་ལྟའི་ཁྱིམ་གྱི་འཚོ་བ་དེ་གྲོང་ཁྱེར་གྱི་མིའི་འཚོ་བ་དང་གཅིག་འདྲ་རེད། “ད་ལོ་གྲོང་རྡལ་ནས་ངེད་ཚང་སྐར་ལྔའི་དཔལ་ཡོན་ཁྱིམ་ཚང་དུ་ཡང་བདམས་པ་རེད”ཟེར་ཞོར་ཁོ་བཟའ་མི་གཉིས་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་འདུག

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་ཕྱོགས་སུ་ཡོད་པའི་རྨ་སྟོད་རྫོང་གི་རྫོང་མཁར་ཆགས་སའི་སྤྱིའི་མཐོ་ཚད་དེ་མཚོ་ངོས་ལས་རྨིད་བཞི་སྟོང་ལྔ་བརྒྱ་ཡིན་ཞིང་། རྫོང་ཡོངས་ཀྱི་སའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཉིས་དང་སྟོང་ལྔ་བཞི་བརྒྱ་ཡོད་པ་དང་། རྫོང་ཁོངས་སུ་ཞང་གཉིས་དང་གྲོང་རྡལ་གཉིས། སྡེ་བ་སོ་གཉིས་དང་སྡོད་ཁུལ་གཉིས་ཡོད་པ་རེད། དེ་ལ་མི་གྲངས་ཁྲི་གཅིག་དང་སྟོང་ལྔ་ཡོད་པ་དང་དེའི་ཁྲོད་ཀྱི་བརྒྱ་ཆའི་གོ་གསུམ་ནི་བོད་རིགས་རེད། རང་བྱུང་གི་ཆ་རྐྱེན་ཞན་པས་ས་མཐོ་འཁྱགས་གྲང་ཆེ་ལ་དབྱང་དབུགས་དཀོན་པ་སོགས་ཁོར་ཡུག་སྡུག་པོ་ཡིན་པས་མཚོ་སྔོན་ཞིང་ཆེན་ཡོངས་སུ་མཚོ་ངོས་ལས་ཆེས་མཐོ་ཞིང་མི་གྲངས་ཆེས་ཉུང་བའི་རྫོང་གཅིག་པུ་རེད། ཉིས་སྟོང་བཅུ་གཅིག་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གིས་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་གནད་སར་གཏན་འཁེལ་བྱས་པ་དང་། ཞིང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱེད་པའི་ཁྱིམ་ཚང་དང་དབུལ་སྐྱོར་བྱེད་ཡུལ་གྱི་ལམ་ལུགས་གཉིས་ཕན་འབྲས་ལྡན་པའི་སྒོ་ནས་བྱ་བའི་བླང་བྱ་ལྟར་སྦྲེལ་མཐུད་བྱས་ནས། རྫོང་དེ་རུ་ཡིག་ཚགས་བྱང་བུ་བཟོ་བའི་དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་དང་བདུན་བརྒྱ་ཉེར་དྲུག་གི་མི་གྲངས་སྟོང་ལྔ་དང་གོ་གཉིས་དང་དབུལ་ཕོངས་སྡེ་བ་བཅུ་གཅི་གཏན་འཁེལ་བྱས། དོན་དངོས་དེར་དམིགས་ནས་རྨ་སྟོད་རྫོང་གིས་གནས་སྤོར་བྱ་བ་དེ་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པའི་ནང་དོན་གཙོ་བོ་ཞིག་དང་དབུལ་སྐྱོར་གསར་སྤེལ་བྱེད་པར་ཆེས་ཕན་འབྲས་ལྡན་པའི་བྱེད་ཐབས་ཤིག་ཏུ་བརྩིས་ནས། གནས་སྤོར་བྱེད་ཐབས་སུ་བརྩི་བ་དང་དབུལ་ཐར་དམིགས་འདུན་ཡིན་པའི་རྩ་བའི་བླང་བྱ་དམ་འཛིན་བྱས་ཏེ། དེའི་ཐད་ལ་ནུས་པ་ཆེན་པོ་བཏོན་པས་ཕན་འབྲས་མངོན་གསལ་བླངས། དེའི་ཁྲོད་དུ་ཉིས་སྟོང་བཅུ་དྲུག་ལོར། དབུལ་སྐྱོར་གནས་སྤོར་གྱི་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་གཉིས་འབུམ་བརྒྱད་ཁྲི་གཅིག་དང་རྫོང་རིམ་པའི་ཆེད་བཏང་མ་དངུལ་སྒོར་མོ་ས་ཡ་བཞི་དང་འབུམ་བཞི་ཁྲི་ལྔ་མར་བཏང་བ་རེད།  ཁ་ཐོར་དུ་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བསྡུ་བའི་བྱེད་ཐབས་སྤྱད་དེ་ཞང་གཉིས་དང་གྲོང་རྡལ་གཉིས་ཀྱི་སྡེ་བ་དགུ་ནས་ཁྱིམ་ཚང་ལྔ་བརྒྱ་བཅུ་ཡི་དབུལ་ཕོངས་མི་གྲངས་སྟོང་གཅིག་དང་བཞི་བརྒྱ་རེ་བརྒྱད་ལ་དབུལ་སྐྱོར་གནས་སྤོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་། དེའི་ཁྲོད་དུ་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ལྔ་བརྒྱ་བཅུ་ཡི་མི་གྲངས་སྟོང་གཅིག་དང་བཞི་བརྒྱ་རེ་བརྒྱད་ཡོད། མཛོ་རྒན་རྭ་བར་གྲོང་རྡལ་དུ་ཁང་བ་སུམ་བརྒྱ་དང་དོན་དགུ་འཛུགས་སྐྲུན་བྱས་པ་དང་དེར་ས་མུའུ་སུམ་བརྒྱ་དང་གཅིག་དང་གྲངས་ཆུང་གསུམ་བཀོལ་སྤྱོད་བྱས། རྫོང་མཁར་དུ་ཁང་བ་བརྒྱ་དང་ཉེར་བརྒྱད་ལས་པ་དང་དེར་ས་མུའུ་བརྒྱ་དང་གཉིས་བཀོལ་སྤྱོད་བྱས།

ཉིས་སྟོང་བཅུ་བདུན་ལོར་ལས་གཞིའི་སྤྱིའི་མ་དངུལ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་གཅིག་འབུམ་གསུམ་ཁྲི་ལྔ་སྟོང་ལྔ་བཏང་བ་དང་། དེའི་ཁྲོད་དུ་ཞིང་ཆེན་རིམ་པའི་ཆེད་བཏང་མ་དངུལ་སྒོར་མོ་དུང་ཕྱུར་གཉིས་དང་ས་ཡ་ལྔ་འབུམ་བརྒྱད་ཡོད་པ་དང་། རྫོང་རིམ་པའི་བཀོད་སྒྲིག་མ་དངུལ་སྒོར་མོ་ས་ཡ་ལྔ་དང་འབུམ་ལྔ་ཁྲི་ལྔ་དང་སྟོང་ལྔ་བཏང་ནས། ཞང་གཉིས་དང་གྲོང་རྡལ་གཉིས་ཀྱི་སྡེ་བ་ཉེར་གཅིག་གི་ཁྱིམ་ཚང་སྟོང་གཅིག་དང་སོ་གཅིག་གི་དབུལ་ཕོངས་མི་གྲངས་སྟོང་གསུམ་དང་ལྔ་ལ་དབུལ་སྐྱོར་གནས་སྤོར་བྱ་བ་ལག་བསྟར་བྱས། དེའི་ཁྲོད་ཀྱི་རྫོང་མཁར་གྱི་བཀོད་སྒྲིག་ས་གནས་དེ་རྨ་ཆུའི་ལམ་གྱི་ནུབ་འགྲམ་དུ་བཀོད་སྒྲིག་བྱས་ཡོད་པ་དང་འཆར་འགོད་ལྟར་ས་བཀོལ་སྤྱོད་བྱས་པའི་རྒྱ་ཁྱོན་དེ་ས་མུའུ་དགུ་བརྒྱ་དང་ལྔ་ཡིན་ལ་སྡོད་ཁང་དགུ་བརྒྱ་དང་བཅུ་གསུམ་ལས། མཛོ་རྒནརྭ་བར་གྲོང་རྡལ་གྱི་བཀོད་སྒྲིག་བྱེད་ཡུལ་དེ་མཛོ་རྒན་རྭ་བར་ལམ་གྱི་ནུབ་འགྲམ་ཡིན་པ་དང་འཆར་འགོད་ལྟར་བཀོལ་སྤྱོད་བྱས་པའི་ས་ཡི་རྒྱ་ཁྱོན་ནི་ས་མུའུ་བརྒྱ་དང་གོ་བརྒྱ་དང་གྲངས་ཆུང་བཞི་ཡིན་པ་དང་དེར་སྡོད་ཁང་བརྒྱ་དང་ཉེར་གཅིགལས་ཡོད། དེ་ལྟར་བྱེད་ཐབས་མང་པོའི་སྒོ་ནས་སྐུལ་འདེད་བྱས་འོག   རྨ་སྟོད་རྫོང་གི་དབུལ་སྐྱོར་གནས་སྤོར་བྱ་བའི་ཐད་ལ་གྲུབ་འབྲས་གསར་བ་བླངས། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་བར་ཡིག་ཚགས་བཟོས་པའི་ཁྱིམ་ཚང་སྟོང་གཅིག་དང་ལྔ་བརྒྱ་ཞེ་གཅིག་གི་དབུལ་ཕོངས་མི་གྲངས་སྟོང་བཞི་དང་བཞི་བརྒྱ་དོན་གསུམ་དེ་ཁང་བ་གསར་བའི་ནང་གནས་སྤོར་བྱེད་པ་མངོན་འགྱུར་བྱས།

ད་ལྟ་གསར་དུ་འཛུགས་སྐྲུན་བྱས་པའི་གནས་སྤོར་སྡོད་དམངས་ཀྱི་ཁང་བ་དེ་དག་ཉི་འོད་ཀྱི་ངོགས་སུ་བཀྲག་མདངས་འཚེར་ཞིང་། ཁྱིམ་ཚང་རེ་རེ་ཡི་སྒོ་ཆེན་སྟེང་དུ་སྐར་ལྔའི་དར་དམར་བཀལ་ཡོད་པ་དང་།  ཏང་གི་སྲིད་ཇུས་བཟང་བོར་དྲིན་གཟོ་ཞུ་བའི་དྲིལ་སྒྲོག་སྦྱར་ཡིག་མང་པོ་ག་ས་གང་དུ་མཐོང་ཐུབ། དེ་དག་ནི་ད་ལྟ་གཞི་ནས་རྨ་སྟོད་རྫོང་གི་ཡིད་དུ་འོང་བའི་ཡུལ་ལྗོངས་ཀྱི་ལམ་ཐིག་ཅིག་ཏུ་གྲུབ་ཡོད་པ་རེད།

“གནས་སྤོར་སྡོད་དམངས་ཀྱི་ཁང་བ་འཛུགས་སྐྲུན་བྱེད་དུས་སུ་ང་ཚོས་གཏིང་ཟབ་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་འདོད་བློ་ལ་བརྩི་བཀུར་བྱེད་བཞིན་ཡོད་པར་མ་ཟད། ཁོ་ཚོའི་ཐོན་སྐྱེད་འཚོ་བའི་དོན་དངོས་ལ་བསམ་བློ་བཏང་སྟེ། གཙོ་བོ་མཁར་གྲོང་ས་ཁུལ་ཏུ་གཅིག་བསྡུས་བཀོད་སྒྲིག་བྱས་ཏེ་རྗེས་ཕྱོགས་མི་དམངས་མང་ཚོགས་ཀྱིས་ལས་ཞུགས་ཐོན་སྐྱེད་བྱེད་པར་སྟབས་བདེ་བཟོ་ཅི་ཐུབ་བྱས་པ་ཡིན། ”རྫོང་དབུལ་སྐྱོར་ཅུའུ་ཡི་འགན་ཁུར་མི་སྣ་ཡེ་སངས་རྒྱས་ཀྱིས་དེ་ལྟར་བཤད།

རྨ་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་ཐབས་ཇུས་བསམ་བློ་གལ་ཆེན་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།   རྒྱལ་ཁབ་དང་ཞིང་ཆེན། ཁུལ་གནས་སྤོར་བཅས་ཀྱི་དབུལ་སྐྱོར་གནས་སྤོར་བྱ་བའི་བླང་བྱ་རྦད་དེ་ལག་བསྟར་བྱས་ཏེ་གནས་སྤོར་གྱི་གཞི་ཁྱོན་ཆེ་བ་དང་གནས་སྤོར་གྱི་ཐོན་ཁུངས་དང་ཆ་རྐྱེན་གྱི་ཚོད་འཛིན་བཅས་ལ་རྐང་བཙུགས་ནས་ཚད་མཐོ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་འགུལ་བསྐྱོད་ལ་བརྟེན་ནས་དབུལ་སྐྱོར་སྲིད་ཇུས་ཀྱི་གཙོ་གནད་དང་གླེང་ཕྱོགས་གསལ་བོར་ཁོང་དུ་ཆུད་པར་བྱས་ཏེ།   གནས་སྤོར་བྱེད་ཐུབ་པ་དང་བརྟན་པོ་ཡོང་ཐུབ་པ། འཕེལ་རྒྱས་སུ་འགྲོ་ཐུབ་པ།   འབྱོར་ཕྱུག་གི་ལམ་དུ་བསྐྱོད་ཐུབ་པ་བཅས་ཀྱི་དམིགས་འབེན་གཞིར་བཟུང་སྟེ།   བསམ་བློ་གཙང་སེལ་དང་རང་འགུལ་གྱི་བྱ་སྤྱོད་ལ་བརྟེན་ནས་གྲོང་ཁྱེར་ཅན་གྱི་འཕེལ་རིམ་ཇེ་མགྱོགས་དང་ཞིང་སྡེ་དར་སྤེལ་བྱེད་པ་གཉིས་ཟུང་འབྲེལ་བྱེད་པའི་ལམ་བུ་ཞིག་བསྐྲུན་པ་རེད།

“སྔོན་ཆད་ང་ཚོ་སྡོད་པའི་ས་ཆ་རུ་ལམ་མེད་པ་ཙམ་མ་ཡིན་པར་ཆུ་འཐུང་དཀའ་བ་དང་ནད་བྱུང་ཚེ་སྨན་པར་སྟོན་དཀའ།   སྔོན་ཆད་ཀྱི་དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པ་དང་བྲལ་ནས་ད་ལྟའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་སྡེ་གསར་དུ་གནས་སྤར་བས་ང་ཚོ་དང་གྲོང་ཁྱེར་གྱི་མིའི་འཚོ་བ་ལ་ཁྱད་པར་ཆེན་པོ་ཡོད་པ་མ་རེད།   སྒོར་བུད་མ་ཐག་གཞུང་ལམ་ཡོད་ལ་སྨན་ཁང་དུ་འགྲོ་བ་དང་བྱིས་པ་སློབ་གྲྭར་འགྲོ་བ་སོགས་ཕྱོགས་གང་ཅིའི་ཐད་དུ་སྟབས་བདེ་ཆེན་པོ་བཟོས་ཡོད་པ་རེད།   ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ནི་སྔར་ལས་ཡག་པས་ང་ཚོའི་འཚོ་བ་ལ་ཡང་སྔར་ལས་བདེ་སྐྱིད་ལྡན།   དམངས་ཕན་སྲིད་ཇུས་ནི་བཅོ་ལྔའི་ཟླ་བ་དང་འདྲ་ལ་ཟླ་བའི་འོད་ཟེར་ང་ཚོ་མི་དམངས་ཁྲི་སྟོང་མང་པོའི་སེམས་སུ་འཕྲོས་ཡོད།   ང་ཚོ་ཏང་དང་མཉམ་དུ་བསྐྱོད་ཚེ་ཡིད་ཆེས་བརྟན་པོ་ཡོད། ཏང་གིས་ང་ཚོར་གནང་པའི་བདེ་སྐྱིད་ཀྱི་འཚོ་བར་བཀའ་དྲིན་ཆེ།” འགྱུར་ལྡོག་དེ་དག་གི་སྐོར་གླེང་དུས་གནས་སྤོར་འབྲོག་དམངས་རྣམས་ཀྱིས་སེམས་སྟེང་གི་སྤྲོ་དགའ་དེ་ལྟར་བརྗོད་བཞིན་འདུག

གནས་སྤོར་སྡོད་དམངས་ཀྱི་ལས་གཞི་ཡིས་དབུལ་ཕོངས་མང་ཚོགས་ལ་ཆེས་ཆེ་བའི་བདེ་སྐྱིད་ཁྱེར་འོང་ཞིང་ལས་གཞི་དེ་ལག་བསྟར་བྱས་པ་དེས་དབུལ་ཕོངས་མང་ཚོགས་དངོས་གནས་སྡོད་ཁང་གསར་བའི་ནང་སྡོད་ཐུབ་པར་མ་ཟད་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་གྱུར།

                                                                                                          ལོ་ཙཱ་བ། གཡང་འབུམ་རྒྱལ།