འབྲུ་ཆུ་འགོ་ཁུངས་སྡེ་བས་མཐུན་སྒྲིལ་འབད་བརྩོན་བྱས་ནས་བདེ་སྐྱིད་འཚོ་བའི་རྣམ་པ་གསར་བ་ཞིག་བསྐྲུན།
2018.10.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ནོར་བུ་བཟང་བོས་རང་ཁྱིམ་གྱི་ཟ་ཁང་ཆུང་བ་དེར་བདག་གཉེར་བྱེད་ཞོར་དུ་ཁྱིམ་གྱི་ལོ་ལོན་དང་བྱིས་པའང་གཉོར་སྐྱོང་བྱེད་དགོས་པས། ཁོའི་འཚོ་བ་ནི་ཧ་ཅང་བྲེལ་འཚུབ་ཆེ་བ་ཞིག་རེད།  ཁོ་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པར་མ་ཟད། འབྲུ་ཆུ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ད་རུང་ནགས་སྲུང་བ་བཅས་ཀྱི་འགན་གཅིག་གཅོགས་སུ་ཁུར་ཡོད་པས། ཁོའི་འགན་ཁུར་ལྕི་ལ་བྱ་བར་བྲེལ་འཚུབ་ཧ་ཅང་ཆེ། ཁོས་བཤད་རྒྱུར།  ད་སྐབས་སྔོན་ཆད་བཞིན་དུ་སོས་དལ་བག་ཡངས་ཀྱི་སྒོ་ནས་འདུག་ཁོམ་མེད་པར་མང་ཚོགས་ཀྱི་ཚབ་བྱས་ཏེ་དོན་དག་འདྲ་མིན་སྣ་ཚོགས་ལ་རོགས་རམ་བྱེད་དགོས་ལ། ལན་རེར་རྩྭ་ཐང་དུ་སྐོར་ཞིབ་བྱེད་པ་དང་། མཚམས་རེར་གད་སྙིགས་གཙང་སེལ་སོགས་ཀྱི་ལས་ཀ་གཉེར་དགོས་མོད། འོན་ཀྱང་འཚོ་བའི་ཕྱོགས་གང་ཐད་ནས་ང་ལ་སྐྱིད་སྣང་དང་དགའ་སྣང་གང་མང་ཞིག་བསྩལ་སོང་བས་དཀའ་ངལ་གྱི་སྣང་བ་ཞིག་གཞི་ནས་འབྱུང་མི་སྲིད་ཅེས་ཟེར།

ལོ་ན་ཞེ་བཞིར་སོན་པའི་ནོར་བུ་བཟང་པོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲུ་ཆུ་སྡེ་བའི་ཡིན།  2004ལོའི་ཟླ11པའི་ནང་དུ་རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་ཀྱི་དགོངས་པ་ལྟར་ནོར་བུ་བཟང་བོའི་བཟའ་མི་ཡོངས་དང་བཅས་སྡེ་བ་དེའི་ཁྱིམ་ཚང་བརྒྱ་དང་ཉེར་བརྒྱད་ཀྱིས་འུར་ཆ་བསྐྱུར་ཞིང་ནོར་ལུག་དང་ཁ་བྲལ་ནས་ཕ་མེས་ཡང་མེས་ནས་བརྒྱུད་པའི་འཚོ་བའི་གོམས་སྲོལ་ལ་གྱེས་ཕྱག་ཕུལ་ཏེ་ན་གོར་མོ་གྲོང་ཁྱེར་གྱི་གཞིས་ཁྱིམ་གསར་བ་སྟེ། འབྲུ་ཆུ་སྡེ་བར་གནས་སྤར་བ་རེད། དུས་དེ་ནས་བཟུང། མཐོ་སྒང་ནས་གྲོང་ཁྱེར་བརྒྱུད་ཅིང་། སྦྲ་ནག་དང་ཐབ་ཀ་བསྐྱུར་ནས་ཆུ་གློག་ལམ་གསུམ་གྱི་ཆ་རྐྱེན་འཛོམས་ཤིང་། བརྡ་འཕྲིན་དྲ་བ་སོགས་ཀྱི་སྟབས་ཀ་འགྲིག་པ། གྲལ་དག་ཅིང་སྤུས་གཙང་བའི་འབྲུ་ཆུ་སྡེ་བ་ནས་འཚོ་བ་གསར་བ་རོལ་བའི་དབུ་ཁྱུད་བྲིས།  དུས་རབས་ནས་དུས་རབས་བར་དུ་ཕྱུགས་ལས་ཁོ་ན་གཉེར་ནས་ཡོང་བའི་འབྲོག་པ་མང་ཚོགས་དག་གློ་བུར་དུ་རྩྭ་ཐང་དང་ལུག་ཁྱུར་ཁ་བྲལ་ནས་གྲོང་ཁྱེར་དུ་ཡོང་ནས་འཚོ་བ་རོལ་བའི་ཚེ། ཁོ་ཚོར་ཤེས་རིག་ལག་རྩལ་ཞན་ཞིང་། གྲོང་ཁྱེར་གྱི་འཚོ་བར་རྒྱུས་མངའ་མེད་པས་གནས་དེར་དུས་བདེ་གནས་འཇམ་གྱི་འཚོ་བ་ཞིག་ཇི་ལྟར་རོལ། གནས་ཚུལ་འདིའི་ཐད་དུ་ན་གྲོར་མོ་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་མི་དམངས་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་ཟབ་བཞེས་གནང་ནས། ཁོ་ཚོར་ལས་ཤེས་བཟོ་ལས་ཀྱི་སྐོར་དང་། ཟ་མ་གཡོས་སྦྱོར། རླངས་འཁོར་ཁ་ལོ་བའི་འཛིན་ཡིག་དང་ཞིག་གསོ། ད་རུང་མཛེས་སྤྲས་མཛེས་བཟོ་སོགས་ཀྱི་ལག་རྩལ་འདྲ་མིན་སྣ་ཚོགས་ཀྱི་གསོ་སྦྱོང་དུ་བསྐྱལ་ནས་འཚོ་བར་སྤྲོ་སྣང་སྦྱིན་པར་མ་ཟད། མི་རིགས་སོ་སོར་འབྲེལ་འདྲིས་བྱེད་དུ་བཅུག་ནས་བཟོ་རྩལ་ཁོང་དུ་ཆུད་པར་བྱས་རྗེས། ལག་རྩལ་གསར་གཏོད་ཐད་དུ་ནུས་ཤུགས་གང་ཡོད་བཏོན་ནས་ཕན་ཚུན་མཉམ་འབྲེལ་གྱིས་སློབ་སྦྱོང་བརྗེ་རེས་བྱས་ཏེ། རྒྱ་རིག་སྤུན་ཟླར་བརྟེན་ནས་ཁང་བ་བཟོ་སྐྲུན་དང་མཛེས་བཟོ་སོགས་ལ་སློབ་སྦྱོང་བྱེད་དུ་བཅུག་པ། ཧེ་རིགས་སྤུན་ཟླར་བརྟེན་ནས་ནོར་ལུག་གསོ་སྤེལ་ལ་སློབ་སྦྱོང་བྱེད་དུ་བཅུག་པ། སོག་རིགས་སྤུན་ཟླར་བརྟེན་ནས་དོ་དམ་མཉམ་མྱོང་སོགས་ལ་སློབ་སྦྱོང་བྱེད་བཅུག་ཅེས་གདང་ལ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཀྲོའུ་ཧྲིན་ཡོན་གྱིས་དེ་ལྟར་བཤད།  འདི་ལྟར་མི་རིགས་སོ་སོས་ཕན་ཚུན་ལ་སློབ་སྦྱོང་དང་འབྲེལ་འདྲིས་བྱས་ཏེ། འཆམ་མཐུན་གྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་པར་མ་ཟད། མང་ཚོགས་ཀྱི་ལས་རིགས་གསར་སྐྲུན་གྱི་འདུན་པ་སྙོམས་སྒྲིག་བྱས་ལ། ལས་བྱེད་པ་ཚང་མ་ཧུར་བརྩོན་གྱིས་སྡེ་བ་དང་གྲོང་རྡལ། གྲོང་ཁྱེར་བཅས་ཀྱི་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་འདེད་བཏང་། ནོར་བུ་ཚེ་རིང་གིས་སྔོན་ཆད་ཕྱུགས་འཚོ་བ་ལས་ལག་རྩལ་གཞན་པ་ཞིག་མི་ཤེས་མོད། ཁོ་རང་ཟབ་སྦྱོང་ཁྲོད་ཞུགས་ནས་རླངས་འཁོར་སྐོར་ཤེས་སོང་། ད་སྐབས་ཁོས་བཟོ་སྐྲུན་ས་ཁུལ་དུ་དངོས་པོ་སྐྱེལ་འདྲེན་བྱས་ནས་ཟླ་རེར་སྒོར་ཁྲི་གསུམ་རེ་བཙལ་ཐུབ་ཀྱིན་ཡོད།  འདི་ལྟར་ལོ་རེ་འགར་སྐྱེལ་འདྲེན་བྱས་ཏེ་སྒོར་མོ་འགའ་བསོགས་རྗེས་ཁོས་ཉོ་ཚོང་ཀུང་ཟི་ཆུང་ཆུང་ཞིག་ཐོ་འགོད་བྱས་ནས་རྒྱུན་སྤྱོད་དངོས་པོ་སྣ་ཚོགས་དང་། ནོར་ཤ་ལུག་ཤ་སོགས་ཕྱིར་འཚོང་བྱས་ནས་ཁོ་ཚང་གི་ཁྱིམ་ཚང་གི་འཚོ་བའི་དཀའ་ཁག་ཐག་གཅོད་བྱས་པར་མ་ཟད། སྡེ་བའི་མང་ཚོགས་གང་མང་ཞིག་ཕྱི་ལ་འགྲིམ་ནས་ལག་རྩལ་སྦྱོང་བར་སྣེ་ཁྲིད་གང་ལེགས་བྱས།

ལོ་ཙཱ་བ། སྟོབས་ལྡན་རྒྱལ།