ད་ནས་བཟུང་ཕྱུགས་རྫི་མི་བྱེད་ཁོ་ཐག་ཡིན།
2018.10.30 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 70

མི་གཞན་པའི་མིག་ནང་དུ་ཚེ་རིང་རྡོ་རྗེ་ནི་མི“གྱོང་པོ”ཞིག་རེད། ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་ཁོས་དོན་དག་ཞིག་ལ་འཆར་གཞི་བཟོ་བཞིན་ཡོད་དེ། དེ་ནི་བྱིས་པ་གཉིས་ཀ་སློབ་གྲྭར་སྐྱེལ་རྒྱུ་དེ་རེད། ཁྱིམ་ཚང་གི་འབྱོར་བ་ཧ་ཅང་ཞན་པས། མི་ལ་ལས་ཁོར་བྱིས་པ་མཐོ་འབྲིང་ལས་མཐར་ཕྱིན་ཏུ་བཅུག་ན་ཆོག་འདུག་ཅེས་ཁ་བརྡ་བྱེད། ཡིན་ཡང་ཁྱིམ་ཚང་གི་འབྱོར་བ་ཇི་ལྟར་ཞན་ན་ཚེ་རིང་གི་སེམས་པ་ནི་དེ་ལྟར་བརྟན་པོ་ཡིན་ཏེ། ཁོས་རྒྱུན་དུ“ང་ནི་ཡིག་རྨོངས་པ་ཞིག་ཡིན། ད་ནི་བྱིས་པ་གཉིས་ཀ་ང་རང་ནང་བཞིན་རིག་གནས་མེད་པའི་གྱོང་རག་ཏུ་འཇུག་མི་རུང”ཞེས་བཤད་པ་རེད།

ད་ལོར་ལོ་ཞེ་བདུན་ལ་སོན་པའི་ཚེ་རིང་རྡོ་རྗེ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་མེ་ཏོག་ལུང་བ་གོང་མ་སྡེ་བའི་མི་ཡིན་ལ། ཆུང་དུས་སུ་སྒལ་ཚིགས་སྒུར་བའི་ནད་ཕོག་པས། ལས་ཀ་ལྗིད་མོ་ཅི་ཡང་ལས་ཐུབ་ཀྱིན་མེད། རྗེས་སུ་ཆུང་མས་ཀྱང་ཁོ་དང་བཟའ་ཐོར་བྱས། གོང་ན་ལོ་ལོན་དང་འོག་ན་བྱིས་པ་སྙོར་རྒྱུ་ཡོད་ལ། བཟའ་མི4བོའི་བཟའ་བཏུང་འགྲོ་འདུག་གི་འགྲོ་སོང་ཚང་མ་ཁོ་གཅིག་པུའི་ཕྲག་ཏུ་བབས་ཡོད། གཅིག་ནས་ལག་རྩལ་མེད་པ་དང་། གཉིས་ནས་རིག་གནས་མེད་པའི་ཁར་ལུས་ཤུགས་ངལ་རྩོལ་གྱི་ལས་ཀའང་ལས་མི་ཐུབ་པས། ཚེ་རིང་རྡོ་རྗེའི་བརྟེན་ས་གཅིག་པུ་ནི་ཁོ་ཚང་གི་ས་མུའུ་བཅུ་ལྷག་ཡོད་པའི་ས་ཞིང་དང་ལུག་དྲུག་ཅུ་པོ་དེ་རེད། ཕྱོགས་གཅིག་ནི་ན་ཚའི་སྡུག་བསྔལ་དང་ཕྱོགས་གཞན་ནི་འཚོ་བའི་ཁུར་པོ་ལྗིད་མོ་དེ་ཡིན་པས། སྐབས་མང་པོ་ཞིག་ལ། རང་ཉིད་ཀྱིས་ལྕོགས་མི་ཐུབ་པའི་ཚོར་བ་བྱུང་མྱོང་།

བུ་མོ་བསམ་འགྲུབ་འཚོ་ནི་བུ་ཆུང་སྐལ་བཟང་དོན་འགྲུབ་ལས་ལོ་གཉིས་ཀྱིས་ཆེ་ལ། སློབ་ཆུང་འགྲིམ་སྐབས། ནམ་རྒྱུན་བྱིས་པ་གཉིས་ཀ་ཨ་ཕ་དང་མཉམ་དུ་ལུག་འཚོ་རུ་འགྲོ་འདོད། དེ་ལྟར་ཡུན་རིང་ཞིག་འགོར་རྗེས། ཚེ་རིང་རྡོ་རྗེ་ཡིས་འདི་ལྟར་སོང་ཚེ་བྱིས་པ་གཉིས་ཀྱི་སློབ་སྦྱོང་ལ་ཤུགས་རྐྱེན་ཐེབས་སྲིད་སྙམ་སྟེ། ཁོས་ཨམ་གཙིགས་བསྡམས་ཞོར་དུ་ཁྱིམ་ཚང་གི་རྒྱུ་ནོར་ཕྱེད་ཀ་ཕྱིར་བཙོངས་པ་རེད།

ལུག་རྣམས་བཙོངས་རྗེས། ཁྱིམ་ཚང་གི་འཚོ་བ་སྔར་ལས་ཀྱང་ཇེ་སྡུག་ཏུ་གྱུར། ཁྱིམ་མཚེས་ཚང་མས་ཚེ་རིང་རྡོ་རྗེ་སྨྱོས་འདུག་ཟེར། ཡིན་ཡང་ཁོའི་བསམ་པར་བྱིས་པས་སློབ་གྲྭ་འདོན་ཐུབ་སོང་ན་ཅི་ཞིག་བསྒྲུབ་ཀྱང་རིན་ཐང་ཡོད་པར་སྙམ།

སྐད་ཅིག་ཙམ་ལ་ལོ་ངོ་དུ་མ་རིམ་གྱིས་འདས། གནམ་ལ་བརྟེན་ནས་འཚོ་བ་རོལ་བཞིན་པའི་ཁྱིམ་ཚང་འདི་སྔར་བཞིན་དབུལ་ཕོངས་རེད། སྟོན་བསྡུའི་དུས་སྐབས་སུ། གཡུལ་བཅག་རྗེས་འབྲུ་རིགས་ཉུང་ཙམ་ཞིག་ཁྱིམ་མི་རྣམས་ཀྱི་བཟའ་འབྲུ་རུ་བསྐྱུར་བ་ལས་གཞན་པ་ཚང་མ་ཕྱིར་བཙོངས་ཏེ་ཁྱིམ་ཚང་གི་འགྲོ་གྲོན་ཐད་ཁ་གསབ་བྱེད་བཞིན་ཡོད། “སྒོར་བཅུ་ཕྲག་ཁ་ཤས་བཀོལ་བ་ལའང་ཞིབ་རྩིས་རྒྱག་དགོས་ལ། ལོ་ངོ་ཅི་ཙམ་འགོར་ཡང་། ངེད་ཚང་གིས་ལོ་གསར་ཞིག་རོལ་མ་མྱོང་།”

2014ལོར། བསམ་འགྲུབ་འཚོ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་རྒྱུགས་འཕྲོད་པས། ཚེ་རིང་རྡོ་རྗེ་དགའ་བ་འབུམ་གྱིས་མྱོས་སོང་། ཡིན་ཡང་། ཕྱོགས་གཞན་ཞིག་ལ་འདང་བརྒྱབ་པ་ན། བུ་མོའི་སློབ་ཡོན་ནི་དཀའ་གནད་ཆེན་པོ་ཞིག་ཏུ་གྱུར། ཐེངས་དེར། ཚེ་རིང་གིས“གཉེན་ཉེ་ཡོད་ཚད”ལ་སྒོར་མོ་བསྐྱིས་ཏེ། བུ་མོའི་སློབ་ཡོན་ལོང་ཐབས་བྱས།

ཚེ་རིང་རྡོ་རྗེས་སེམས་ཁྲལ་བྱས་ཏེ་གཉིད་ཁུག་གྱིན་མེད་པའི་སྐབས་དེར། སྡེ་བས་ཁོ་ཚང་དབུལ་ཕོངས་ཁྱིམ་ཚང་གི་ཁྲོད་བཞག་ཅིང་། བསམ་འགྲུབ་འཚོ་སློབ་གྲྭར་འགྲོ་བར་སྲིད་གཞུང་གིས་ཁ་གསབ་རོགས་དངུལ་བྱིན་ལ། ཁྱིམ་མི་བཞི་བོས་ཟླ་རེར་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་སྟོང་གཅིག་དང་ཉིས་བརྒྱ་ལྔ་བཅུ་རེ་ལེན་ཐུབ་པས། དེ་མ་ཐག་ཚེ་རིང་རྡོ་རྗེའི་ཁུར་པོ་ཇེ་ཡང་དུ་སོང་།

སྲིད་གཞུང་གིས“མཐིལ་རྟོལ”རོགས་སྐྱོར་བྱས་ཀྱང་། ཕྱུག་བསྒྱུར་ནི་རང་ཉིད་ལ་བརྟེན་དགོས།

“ང་ཚོའི་འཚོ་བ་ཤིན་ཏུ་སྡུག་པས། རྒྱལ་ཁབ་ཀྱིས་ཀྱང་སེམས་ཁྲལ་བྱེད་མགོ་བརྩམས་སོང་། ང་ཚོ་རང་ཉིད་ཀྱིས་ཀྱང་ལས་ཤིག་སྒྲུབ་དགོས།”རིམ་གྱིས་ཚེ་རིང་རྡོ་རྗེས་རང་ཉིད་ཀྱིས་ཅི་ཞིག་སྒྲུབ་དགོས་པར་བསམ་བློ་གཏོང་མགོ་བརྩམས། ཕྱུགས་ཟོག་གསོ་སྤེལ་བྱས་ན་ཡག་པོ་འདུག་སྙམ། དེས་ན་ནོར་གསོ་དགོས་སམ་ཡང་ན་ཕག་གསོ་དགོས། འདི་འདྲའི་བསམ་ཚུལ་ཡོད་ཀྱང་འཕེལ་རྒྱས་ཀྱི་མ་དངུལ་དཀོན་པས་ཁོ་རང་སྔར་བཞིན་འགུལ་སྐྱོད་བྱེད་ཐབས་བྲལ།

2017ལོར། གུང་ཧོ་རྫོང་གི་མགོ་ཁྲིད་མི་སྣ་མེ་ཏོག་ལུང་བ་གོང་མ་སྡེ་བ་རུ་རྟོག་ཞིབ་བྱེད་དུ་ཡོང་ལ། ཚེ་རིང་རྡོ་རྗེ་ལ་ཁོའི་བསམ་ཚུལ་འདྲི་སྐབས། ཁོས་རང་ཉིད་ཀྱི་འཆར་གཞི་དང་དཀའ་ཁག་སོགས་གཅིག་གཅིག་གཉིས་གཉིས་སྒོས་བཤད་པ་རེད།

“ཧྲུའུ་ཅི་ཁྲེན་ལགས་ཀྱིས་དེ་མ་ཐག་ཚང་མར་སྣེ་ཁྲིད་དེ་ང་ལ་རོགས་སྐྱོར་ཞལ་འདེབས་བྱས་ཤིང་། མགོ་ཁྲིད་མི་སྣ་བཅུ་གཅིག་གིས་མི་རེས་སྒོར་སྟོང་གཉིས་རེ་ཡིས་རོགས་སྐྱོར་བྱས་ལ། ཅུང་མ་འགོར་བར་སྒོར་ཁྲི་གཉིས་དང་སྟོང་གཉིས་ངེད་ཚང་ལ་བསྐྱལ་འོང་།”དམིགས་བསལ་ཅན་གྱི་རོགས་སྐྱོར་མ་དངུལ་དེར་བརྟེན་ནས་ཚེ་རིང་རྡོ་རྗེས་ཕག་ཁང་ལས་ཤིང་། ཕག་བཅུ་གཅིག་དང་གཟན་ཆས་སོགས་ཀྱང་ཉོས།

ས་ཞིང་འདེབས་པ་དང་། ཕག་གསོ་བར་བརྟེན་ནས་ཚེ་རིང་རྡོ་རྗེ་ཚང་གི་འཚོ་བ་ཇེ་བཟང་དུ་གྱུར་ཅིང་། ཟླ9པར། ཁོས་བུ་ཆུང་མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་དུ་བསྐྱལ། ལོ་ངོ་གསུམ་སྔོན་གྱི་སེམས་ཁྲལ་དང་བསྡུར་ན། ད་ལྟ་སྲིད་གཞུང་གི་རོགས་སྐྱོར་ཡོད་པས། ཚེ་རིང་རྡོ་རྗེའི་སེམས་སུ་སྔར་ལས་གདེང་ཚོད་ཡོད་པར་གྱུར།

“ན་ནིང་གི་ལོ་མཇུག་ཏུ། ངས་ཟླ་དུ་མར་གསོས་པའི་ཕག་གཞན་ལ་བརྒྱུད་འཚོང་བྱས་ཤིང་། རྩིས་ཤིག་བརྒྱབ་པ་ན། སྒོར་སྟོང་དྲུག་བདུན་ལྷག་གི་ཁེ་བཟང་རག་འདུག སྔོན་ཆད་ཀྱི་ལོ་ངོ་དུ་མའི་རིང་གི་ཡོང་སྒོ་ལས་ཀྱང་མང་པོ་འདུག དེའི་རྗེས་སུ། ངས་ཡང་བསྐྱར་སྒོར་ཁྲི་ལྔ་ཡི་དངུལ་བུན་བླངས་ཏེ། ཕག་ཕྲུག་བཅུ་ལྷག་ཉོས་ནས་གསོས་པ་ཡིན།”ཚེ་རིང་རྡོ་རྗེས་འཚོ་བར་རེ་ལྟོས་འདུག་སྙམ་པའི་སྐབས་དེར། བུ་མོས་ཀྱང་གཏམ་བཟང་ཞིག་འཁྱེར་ཡོང་སྟེ། བུ་མོས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་དགེ་རྒན་གྱི་བྱ་བར་རྒྱུགས་འཕྲོད་ཟེར།

ན་ནིང་གི་ལོ་མཇུག་ཏུ། མེ་ཏོག་ལུང་བ་གོང་མ་སྡེ་བ་དབུལ་ཐར་བྱས་ཤིང་། དབུལ་ཕོངས་ལས་ཐར་བའི་ཚེ་རིང་ལ་རང་ཉིད་ཀྱི་འཆར་གཞི་གསར་པ་ཡོད་པར་གྱུར་ཏེ། སྒོར་མོ་མང་དུ་བསགས་རྗེས་འདྲུད་འཐེན་འཁོར་ལོ་ཞིག་ཉོས་ན། ཡོང་སྒོ་ཕག་གསོ་བ་ལས་ཀྱང་མཐོ་བར་སྙམ།
                                                                                                                           རྩོམ་སྒྲིག་པ། སྐར་མ་མཚོ།