མགོ་ལོག་ཁུལ་གྱིས་ཏང་འཛུགས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་བྱ་བར་རམ་འདེགས་བྱས་པ།
2018.11.05 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 41

ད་ལོའི་ལོ་མགོ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད་སྔར་ལས་ལྷག་པར་ནན་ཏན་གྱིས་ཏང་ཨུའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ནས། ཏང་འཛུགས་དང་གནད་ཁེལ་དབུལ་སྐྱོར་ཕན་ཚུན་གཏིང་ཟབ་ཏུ་འདྲེས་ཐུབ་པར་བྱ་ཕྱིར།དམིགས་བསལ་གྱིས་སྔོན་ལ་འཇོན་ནུས་ལྡན་པའི་མགོ་ཁྲིད་ཚན་ཁག་དང་གཞི་རིམ་རྩ་འཛུགས་དཔུང་སྟོབས་དང་ལྡན་པ་ཞིག་འཛུགས་སྐྲུན་བྱེད་པ། གཞི་རིམ་གྱི་ཏང་རྩ་འཛུགས་གང་ཉིད་ལ་རྨང་གཞི་བརྟན་པོ་འདིང་བ་སོགས་ནུས་ལྡན་གྱི་ཐབས་ལམ་མང་པོ་སྤྱད་པ་བརྒྱུད་ནས། ཏང་ཨུ་ཡི་རྟེན་ས་གཙོ་བོའམ་སྲོག་ཤིང་གི་ནུས་པར་ཤུགས་སྣོན་བརྒྱབ་པ་དང་། ཏང་འཛུགས་ལ་བརྟེན་ནས་གནད་ཁེལ་དབུལ་སྐྱོར་ལ་རམ་འདེགས་དང་སྐུལ་འདེད་བླ་ལྷག་བྱས་པས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། མགོ་ལོག་ཁུལ་གྱིས་ཐེངས་འདིར་ཞང་གྲོང་ནི་དོ་དམ་བྱེད་མཁན་གྱི་གཙོ་གཞི་ཡིན་པ་དང་། གྲོང་སྡེ་དང་སྡེ་ཁུལ་ནི་གཞི་རྩའི་སྡེ་ཚན་ཡིན་པའི་ཐབས་ལམ་སྤྱད་པར་བརྟེན་ནས། ཕྱོགས་བསྡུས་དྲ་མིག་ཅན་གྱི་ཞབས་ཞུ་དོ་དམ་མ་ལག་ཅིག་བཙུགས་པ་དང་། རིམ་པ་དང་རིགས་འདྲ་མིན་གྱི་དྲ་མིག་ཉིས་སྟོང་ལྷག་དབྱེ་བ་བཀར་ནས་བགོས་ཡོད། སྔ་ཕྱི་སྡེབ་རྩིས་བྱས་ན་གཞི་རིམ་གྱི་ལས་བྱེད་པ་དང་དྲ་མིག་དོ་དམ་མི་སྣ་གསོ་སྦྱོང་བྱེད་པའི་གྲོན་དངུལ་སྒོར་ཁྲི་ཡ་ས་གཅིག་དང་བྱེ་བ་བཞི་ལྷག་བཏང་ལ། དྲ་མིག་དོ་དམ་མི་སྣ་སྟོང་ལྔ་དང་ཉིས་བརྒྱ་ལྷག་གདན་ཞུས་བཀོལ་སྤྱོད་བྱས་ནས། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”དང་སྡེ་སྡོད་ལས་བྱེད་པར་གཞོགས་འདེགས་བྱེད་བཞིན་ཡོད་ཅིང་། དབུལ་ཕོངས་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་དང་དབུལ་ཕོངས་པའི་ད་ལྟའི་གནས་བབ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེས་མཐའ་མཇུག་གི་ལམ་ཐག་བཏོད།

དུས་མཚུངས་སུ།“ཁྱིམ་ཚང་རེ་ལ་སྲིད་ཇུས་རེ་གཏན་འབེབས་བྱས་པ་དང་། ས་ཕྱོགས་གཅིག་སྐུལ་ཁྲིད་བྱེད་པའི”ལས་ཀ་སྒྲུབ་སྟངས་ཤིག་ལ་རྒྱབ་བརྟེན་བཅོལ་བ་དང་།“ཁུལ་རིམ་པས་རང་གྲབས་དང་རྫོང་རིམ་པས་ཆ་སྒྲིག”བྱེད་སྟངས་དུས་ལས་མ་ཡོལ་བར་ལག་ལེན་བཏབ་པར་བརྟེན་ནས། མ་དངུལ་སྒོར་ཁྲི་བྱེ་བ་བཞི་དང་འབུམ་བཞི་ལྷག་གཏོང་འཇོག་བྱས་ཤིང་།“ཏང་ཡོན་དབུལ་ཐར་དཔེ་སྟོན་དུད་ཁྱིམ”གསར་འཛུགས་བྱ་བ་ལག་བསྟར་བྱས་ནས། ཚགས་བཙུགས་བྱང་སྒྲིག་དབུལ་ཕོངས་སྡེ་བ་དོན་གསུམ་ལ་མ་དངུལ་སྒོར་ཁྲི་འབུམ་གཉིས་ཁྲི་བཞི་ལྷག་བཏང་བར་མ་ཟད།“གསུམ་ལྡན་བཞི་རོགས་དཔྱད་བསྡུར་གཉིས”ཀྱི་གནད་ཁེལ་དབུལ་སྐྱོར་རམ་འདེགས་སྐུལ་འདེད་བྱ་འགུལ་ཁྱད་པར་ཅན་ཞིག་སྤེལ་བ་རེད། དེར་མ་ཟད། ཁུལ་རྫོང་ཞང་གསུམ་གྱི་ལས་ཁུངས་དང་ཁེ་དོན་ལས་སྡེ་ཚན་སུམ་བརྒྱ་བཅུ་བཞི་ཡིས་སྡེ་བ(སྡེ་ཁུལ)་བརྒྱ་དང་གྱ་བརྒྱད་ལ་མཉམ་སྐྲུན་གྱི་ཆ་བསྒྲིགས་ནས། ལས་བྱེད་པ་དང་ལས་བཟོ་པ་སྟོང་ལྔ་དང་བཞི་བརྒྱ་ཡིས་ཚགས་བཙུགས་བྱང་སྒྲིག་ཁྱིམ་ཚང་ཁྲི་གཅིག་ལྔ་བརྒྱ་ལ་རོགས་སྐྱོར་གཉེན་ཉེ་བསྒྲིགས་ནས། དབུལ་ཕོངས་ཁྱིམ་ཚང་རྣམས་ལ་སྣེ་ཁྲིད་དེ་ཉེར་སྤྱོད་ཀྱི་ལག་རྩལ་བསླབས་པར་སྐུལ་འཁྲིད་བྱས།

མིག་སྔའི་བར་དུ། གཞི་རིམ་གྱི་ཏང་རྩ་འཛུགས་དང་ཧྲུའུ་ཅི་དང་པོ། སྡེ་བར་སྡོད་པའི་ལས་བྱེད་རུ་ཁག་བཅས་ཀྱིས་ལྷན་ཅིག་ཏུ་དབུལ་ཕོངས་མང་ཚོགས་རྣམས་ལ་ལས་བྱེད་པར་འབྲེལ་གཏུག་བྱེད་སྤྱད་ཀྱི་བྱང་བུ་ཁྲི་གཅིག་སྟོང་དགུ་ལྷག་བཀྲམ་ནས་སོ་སོར་བྱིན་པ་དང་། སྡེ་བར་སྡོད་པའི་ལས་བྱེད་པས་དམངས་ཀྱི་གནས་ཚུལ་ཟིན་བྲིས་འབྲི་དེབ་བཞི་བརྒྱ་བདུན་ཅུ་ལྷག་བཟོས་ཡོད་ལ། རིགས་འདྲ་མིན་སྣ་ཚོགས་ཀྱི་ལས་གཞི་བརྒྱ་དང་ལྔ་གཅིག་མཉམ་གྲོས་ཀྱིས་མཐུན་ཐབས་བྱས་ཡོད་པར་མ་ཟད། རོགས་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ལྷག་ཆེད་དམིགས་ཀྱིས་བརྩོན་ལེན་བྱས་ནས། དབུལ་ཕོངས་མི་གྲངས་བརྒྱད་བརྒྱ་བཅུ་གསུམ་ཙམ་ཞིག་གི་ལས་ཞུགས་གནད་དོན་ཐག་བཅད་པ་རེད།


རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།