མཚོ་སྔོན་བོད་ཁུལ་དུ་སྐྱེ་ཁམས་ཕྱུགས་ལས་ཀྱི་འཕེལ་རྒྱས་འཚོལ་ཞིབ་བྱས་ནས་ཕན་འབྲས་ཐོབ་པ།
2018.11.07 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 29

སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་གླེང་དུས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་ཞང་གངས་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཙན་སྲུང་གིས་གསར་འགོད་པར་ས་དེའི་སྐྱེ་ཁམས་བདག་སྲུང་པས་པར་བླངས་པའི་བརྙན་རིས་རྩ་ཆེན་ཞིག་བསྟན།  མགོ་ལོག་ཁུལ་ནི་མདོ་དབུས་མཐོ་སྒང་གི་ས་ཡི་ལྟེ་བ་རྨ་ཆུའི་འབྱུང་ཁུངས་སུ་ཡོད་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་གཏོགས་ལ། རྒྱ་ཁྱོན་ས་སྤྱི་ཆིངས་འབུམ་བདུན་ཙམ་ལ་སླེབས་ཡོད། དུས་ཡུན་རིང་པོར་ས་དེའི་མང་ཚོགས་ཀྱིས་ཕྱུགས་ལས་ལ་བརྟེན་ནས་ཡོང་སྒོ་བཙལ་བཞིན་ཡོད། འོན་ཀྱང་ཕྱུགས་ཟོག་མང་དྲགས་པ་དང་གད་སྙིགས་སོགས་ཀྱིས་རྩྭ་སར་གཏོར་བརླག་ཐེབས་པས་ས་དེའི་རྩྭ་ས་བྱེ་འགྱུར་དང་ཞན་འགྱུར་གྱི་གནས་ཚུལ་ཚབས་ཆེན་དུ་གྱུར་བ་དང་། “མི་དང་ཕྱུགས་ཟོག རྩྭ་ས”བཅས་བར་གྱི་འགལ་བ་ཉིན་རེ་བཞིན་འབུར་དུ་ཐོན་པས། མང་ཚོགས་ཀྱི་ཡོང་སྒོ་འཕར་དཀའ་བ་དང་དབུལ་ཕོངས་ལས་ཐར་དཀའ་བར་གྱུར།  

“2008ལོར་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་ཉིས་བརྒྱ་ཉེར་བཞི་ཡི་འབྲོག་པ་མི་རེའི་ཡོང་སྒོ་སྒོར་ལྔ་བརྒྱ་བདུན་ཅུ་མ་གཏོགས་མེད་ལ། ན་ནིང་མཉམ་ལས་ཁང་གིས་ཁྱིམ་ཚང་རེར་ཁེ་སྤོགས་སྒོར་ཁྲི་གཅིག་ཙམ་བགོས་པ་རེད།” བཙན་སྲུང་གིས་བལྟས་ན་སྡེ་བའི་འགྱུར་ལྡོག་ནི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལས་ཐོབ་པ་ཡིན་པར་འདོད།  2008ལོར་མཚོ་སྔོན་ཞིང་ཆེན་གྱིས་མ་རྐང་ལམ་ལུགས་བསྒྱུར་བཀོད་ལྟེ་གནས་ཡིན་པ་དང་སྐྱེ་ཁམས་སྲུང་སྐྱོབ་རྒྱུ་རྐྱེན་གཙོ་བོ་ཡིན་པའི་ཕྱུགས་ལས་འཕེལ་རྒྱས་ཀྱི་དཔེ་དབྱིབས་འཚོལ་ཞིབ་བྱས།  མཚོ་ངོས་ལས་མཐོ་ཚད་མུས་སུམ་སྟོང་དགུ་བརྒྱ་ལྔ་བཅུ་ཡོད་པའི་གངས་ལུང་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་ཡིན། བཙན་སྲུང་གིས་བཤད་རྒྱུར། སྡེ་བའི་ས་ནག་ཐང་གི་རྒྱ་ཁྱོན་རང་བྱུང་རྩྭ་ས་ལས་ཆེ་ཟེར། 

2008ལོ་ནས་བཟུང་། སྲིད་གཞུང་གི་རོགས་རམ་འོག གངས་ལུང་སྡེ་བས་སྲིད་གཞུང་གི་ཁ་གསབ་རོགས་དངུལ་བཀོལ་ནས་རྩྭ་ས་དང་ཕྱུགས་ཟོག་མ་རྐང་དུ་འཇོག་པའི་བྱེད་ཐབས་བེད་སྤྱད་དེ། སྡེ་བ་ཡོངས་ཀྱི་ཐོན་ཁུངས་ཀྱི་མ་རྐང་ལམ་ལུགས་བསྒྱུར་བཀོད་བྱས་པ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་ནས། ལེགས་བསྡུས་ཞིབ་གཉེར་ཅན་གྱི་འཕེལ་རྒྱས་བྱས།  མིག་སྔར་གངས་ལུང་སྡེ་བ་ཡོངས་ཀྱི་ནོར་གནག་སྟོང་གཉིས་ལྔ་བརྒྱ་ཐིག་གཉིས་དང་རྩྭ་ས་མུའུ་འབུམ་གཅིག་དང་ཁྲི་གསུམ་ཙམ་མ་རྐང་བྱས་ནས་མཉམ་ལས་ཁང་དུ་ཞུགས་པ་དང་། མཉམ་ལས་ཁང་གིས་རྩྭ་ས་ལྟར་ཕྱུགས་ཟོག་ཕན་ནུས་མཐོ་བའི་གསོ་སྤེལ་བྱས་ལ། རྩྭ་སར་རེས་སྐོར་ནས་ཕྱུགས་འཚོ་བ་དང་དུས་ཚིགས་ལྟར་ཕྱུགས་ཟོག་རེས་མོས་སྒོས་ཚོ་གསོ་བྱས། མཉམ་ལས་ཁང་གི་ཁོངས་མི་ཁག་བགོ་བ་དང་ལས་ཀ་བགོ་བ། རྩོལ་བསྟུན་ཐོབ་སྤྲོད། མ་རྐང་ལྟར་ཐོབ་ཆ་བགོ་བ་སོགས་བྱེད་ཐབས་སྤྱད་པས། སྡེ་མི་ཚང་མ་མཉམ་ལས་ཁང་དུ་ཞུགས་ཡོད། བཙན་སྲུང་གིས“ན་ནིང་གི་ལོ་མཇུག་ཏུ་མཉམ་ལས་ཁང་ལ་ཁེ་སྤོགས་རྐྱང་རྐྱང་སྒོར་ས་ཡ་གཉིས་དང་འབུམ་བཞི་ཐོབ་ཡོད”ཟེར།  

འབྲོག་པ་མ་རྐང་འཛིན་མཁན་དུ་གྱུར་ལ། ཕྱུགས་ཟོག་ཇེ་ཉུང་དུ་བཏང་ཡང་ཡོང་སྒོ་ཇེ་ཉུང་དུ་སོང་མེད། མགོ་ལོག་ཁུལ་དུ་གངས་ལུང་སྡེ་བ་ལྟ་བུའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བརྒྱ་དང་བདུན་ཡོད། སྐྱེ་ཁམས་ཕྱུགས་ལས་ཀྱི་འཕེལ་རྒྱས་ལས་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་བཟང་པོ་ཞིག་བྱུང་ཡོད་པ་དང་།  མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཞང་རྙན་འདྲ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཕྱུགས་རྫི་རིག་བྷོས་འཚོ་བའི་འགྱུར་ལྡོག་གླེང་དུས་གདོང་ལ་འཛུམ་མདངས་ཤར་འདུག རིག་བྷོ་ནི་སྡེ་བའི་ཡིག་ཚགས་སུ་ཚུད་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་ལ། སྔོན་ཆད་ཕྱི་ཕྱོགས་སུ་ལས་ཀ་གཉེར་པ་དང་ཕྱུགས་འཚོ་བ་སོགས་བྱས་རུང་། ཁྱིམ་ཚང་གི་ལོ་རེའི་ཡོང་སྒོ་ནི་སྒོར་སྟོང་བརྒྱད་ཙམ་ལས་མེད། “ད་ལྟ་ངས་མཉམ་ལས་ཁང་དུ་ལས་ཀ་གཉེར་བཞིན་ཡོད་ལ། ལོ་རེའི་ཟླ་ཕོགས་སྒོར་ཁྲི་གསུམ་ལྷག་ཡོད་པ་དང་རྒྱལ་ཁབ་ཀྱི་ཁ་གསབ་བསྣན་ན། ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི་ལྔ་ལྷག་ཡོད”ཟེར། རིག་བྷོས་བཤད་རྒྱུར། ལྟོ་གོས་གནད་དོན་ཐག་བཅད་རྗེས་རང་ལ་རེ་བ་ཆེན་པོ་ཞིག་ཡོད་པ་ནི་བུ་མོས་སློབ་སྦྱོང་བཟང་པོ་བྱས་ནས་རྩྭ་ཐང་ལ་ཁ་འབྲལ་དུ་འཇུག་རྒྱུ་དེ་ཡིན་ཟེར།

  མགོ་ལོག་ཁུལ་དར་ལག་རྫོང་གི་བྲག་མཆོག་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཨ་མ་དགའ་བདེ་ཡིས་བལྟས་ན་མཉམ་ལས་ཁང་གིས་མོར་འཚོ་བ་སྐྱིད་པོ་ཞིག་བསྐྲུན་པར་སྙམ། “སྔོན་ཆད་ངེད་ཚང་གིས་གནས་གཏན་འཁེལ་མེད་པའི་འབྲོག་པའི་འཚོ་བ་རོལ་བཞིན་ཡོད། ཁྱིམ་དུ་བརྟན་འཇགས་ཀྱི་ཡོང་སྒོ་མེད་ལ། འཚོ་བར་ཡང་དཀའ་ཁག་ཆེན་པོ་ཡོད། ད་ལྟ་མཉམ་ལས་ཁང་དུ་ཞུགས་རྗེས། ང་ནི་མཉམ་ལས་ཁང་གི་ཕྱུགས་རྫི་དང་འོ་མ་བཞོ་མཁན་ཡིན་ལ། ཟླ་རེར་ཟླ་ཕོགས་སྒོར་སྟོང་ཡན་ཡོད་པས། ཁྱིམ་ཚང་གི་འཚོ་བ་ཡང་སྐྱིད་པོར་གྱུར་ཡོད”ཟེར།  སྐྱེ་ཁམས་ཕྱུགས་ལས་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས་པ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་རྩྭ་སའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལྟ་སྐུལ་ཚད་ལེན་བྱས་པའི་གྲངས་ཀ་ལས་མངོན་པ་ལྟར་ན། ཉེ་བའི་ལོ་ལྔའི་རིང་ལ། མགོ་ལོག་ཁུལ་གྱི་ཨ་བྲའི་གནོད་པ་བྱུང་ཚད་བརྒྱ་ཆའི་ཉེར་གཅིག་དང་གྲངས་ཆུང་དྲུག་དྲུག་གིས་ཇེ་ཉུང་དུ་སོང་བ་དང་། ཨ་བྲའི་གནོད་ཐེབས་རྒྱ་ཁྱོན་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་དགུ་དགུ་མར་བབས། ཉེ་བའི་ལོ་གསུམ་གྱི་ནང་མགོ་ལོག་ཁུལ་གྱི་སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་ང་བདུན་དང་གྲངས་ཆུང་བདུན་བདུན་ནས་བརྒྱ་ཆའི་དྲུག་ཅུ་དང་གྲངས་ཆུང་དྲུག་གཉིས་སུ་འཕར་བ་དང་། ས་ནག་ཐང2013ལོའི་མུའུ་བྱེ་བ་གཉིས་དང་ས་ཡ་དྲུག་འབུམ་གཅིག་ཁྲི་ལྔ་སྟོང་བཞི་ནས་མུའུ་བྱེ་བ་གཉིས་ས་ཡ་བཞི་འབུམ་ལྔ་ཁྲི་དགུ་དང་སྟོང་བཞི་ལ་མར་ཆགས་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།