རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་འབྲོག་པ་མང་ཚོགས་མ་རྐང་ལ་བརྟེན་ནས་ཕྱུར་པོར་གྱུར།
2018.11.26 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 44

རྩྭ་ཐང་སྔར་ལས་མཛེས་སྡུག་ལྡན། ཐོན་སྐྱེད་སྔར་ལས་བཟང་པོར་གྱུར། འབྲོག་པའི་ཡོང་སྒོ་སྔར་ལས་མང་དུ་འཕར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཉིན་ཤུག་ཞང་སྦྲ་དཀར་སྡེ་བས་ལོ་བདུན་གྱི་ཡར་སྔོན་དུ་མཉམ་ལས་ཁང་བཙུགས་ནས་འབྲོག་པ་མང་ཚོགས་དབུལ་ཕོངས་ལས་ཐར་བའི་བགྲོད་ལམ་དུ་ཞུགས།  མཉམ་ལས་ཁང་རིམ་བཞིན་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་སྦྲ་དཀར་དཔེ་དབྱིབས་ཀྱིས་ཉེ་འཁོར་གྱི་དབུལ་ཕོངས་སྡེ་བ་མང་པོ་ཞིག་དཀའ་ཁག་ལས་ཐར་བར་སྣེ་ཁྲིད་བྱས།

སྦྲ་དཀར་སྡེ་བ་ནི་ཆ་སྙོམས་ས་བབ་ཀྱི་མཐོ་ཚད་མུས་སུམ་སྟོང་ལྔ་བརྒྱའི་ཡན་ཟིན་ཞིང་། ཐན་པ་ཆེ་བ་དང་ཁོར་ཡུག་ཞན་པ།  འགྲིམ་འགྲུལ་མི་བདེ་བ། རྩྭ་ཕྱུགས་བར་ཀྱི་འགལ་བ་མངོན་གསལ་ཡིན་པ་སོགས་ཀྱི་དབང་གིས། ཕྱུགས་ལས་རྐྱང་པའི་སྡེ་བ་དེའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་བཞིན་ཡོད། 2010ལོར་སྡེ་བ་དེའི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་སྒོར་སྟོང་གཉིས་ལྔ་བརྒྱ་བཅུ་གཉིས་ཙམ་ཡིན་པ་དང་།  དབུལ་ཕོངས་མི་གྲངས་ཀྱིས་སྡེ་བ་དེའི་མི་གྲངས་ཀྱི70%ཟིན་ཡོད་པ་རེད།

“སྡེ་མི་ཚོའི་འཚོ་བ་ཇེ་བཟང་དུ་གཏོང་དགོས་ན་ངེས་པར་དུ་མཉམ་འབྲེལ་སྒོས་མཉམ་ལས་ཁང་གཉེར་དགོས” 2011ལོའི་ལོ་སྟོད་དུ་རུ་ཁག་གཉིས་པའི་རུ་དཔོན་ཨོ་རྡོས་སྡེ་བའི་ཚོགས་ཆེན་ཐོག་མཉམ་ལས་ཁང་འཛུགས་རྒྱུའི་ལྟ་ཚུལ་བཏོན་ནའང་། སྡེ་མི་མང་ཆེ་བ་མོས་མཐུན་མ་བྱུང་བ་རེད། ཨོ་རྡོས་སེམས་ཤུགས་མ་ཉམས་པར་ཁྱིམ་ཚང་སོ་སོར་དྲིལ་བསྒྲགས་བྱས་ཏེ།  ཟླ4པར་གཞི་ནས་འབྲོག་པ་ཁྱིམ་ཚང་36གིས་མོས་མཐུན་བྱས་ནས། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དངོས་སུ་བཙུགས་ཤིང་། ལོ་དེར་འབྲོག་པ་ཁྱིང་ཚང36ལ་ཁེ་སྤོགས་སྒོར་འབུམ་གཉིས་ཁྲི་གཅིག་བགོས་པ་རེད།

སྡེ་མི་ཚོས་མཉམ་ལས་ཁང་གི་མདུན་ལམ་མཐོང་སྟེ་རང་འགུལ་ངང་མཉམ་ལས་ཁང་དུ་ཞུགས། 2017ལོའི་ལོ་མཇུག་བར་སྡེ་བ་དེའི་ཁྱིམ་ཚང174ལས་ཁྱིམ་ཚང172ཀྱིས་མཉམ་ལས་ཁང་ལ་རྩྭ་ས་མུའུ་ཁྲི་བརྒྱད་སྟོང་གཉིས་ལྷག་དང་། ལུག་སྟོང་གཉིས་ལྔ་བརྒྱ།  འབྲི་གཡག་སྟོང་བཞི་བཞི་བརྒྱ་ཡི་མ་རྩ་བཞག་པ་རེད།

མཉམ་ལས་ཁང་རུ་ཆུང་3དུ་བགོས་པའི་ཁྲོད་འབྲི་གཡག་འཚོ་གསོ་ལེགས་པོ་དང་རྒྱུད་བཟང་གསོ་སྤེལ་རུ་ཆུང་གིས་མཉམ་ལས་ཁང་གི་རང་བྱུང་རྩྭ་ས་དང་འབྲི་གཡག་རྣམས་ཕྱུགས་ལས་རུ་ཆུང་20རུ་བགོས་ནས་ས་ཁོངས་བཀར་ནས་འཚོས་པ་དང་། ལུག་འཚོ་གསོ་དང་རྒྱུད་བཟང་གསོ་སྤེལ་རུ་ཆུང་གིས་རང་བྱུང་གི་དབྱར་ས་གླས་ནས་ལུ་གུ་རྩེབས་རྒྱུ་ཡོད་པའི་མ་མོ་རྣམས་འཚོ་གསོ་རུ་ཆུང་4རུ་དབྱེ་བ། དབྱར་ཁར་རྩྭ་ས་བགོས་ནས་འཚོ་གསོ་དང་། དགུན་ཁར་གཟན་ཆས་ཀྱིས་གསོ་བ། ཐོན་ལས་འཕེལ་རྒྱས་དང་ཚོང་ལས་བདག་གཉེར་རུ་ཆུང་གིས་འཚོ་གསོ་རུ་ཆུང་20ཡི་ངལ་རྩོལ་ནུས་ཤུགས་ལྷག་མར་གསོ་སྦྱོང་བྱས་ཏེ་ཡང་བསྐྱར་ལས་བགོས་བྱས་ནས་གླ་གཏོང་རླངས་འཁོར་གཏོང་བ་དང་།  ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་། ས་གཞན་དུ་ཞོར་ལས་ལ་འགྲོ་བ་བཅས་བྱས།

རྩྭ་ས་སྡེ་ཚན་གྱིས་ལག་རྩལ་གྱི་མཛུབ་ཁྲིད་དང་། ཕྱུགས་ནད་སྨན་བཅོས་ས་ཚིགས་ཀྱིས་ཕྱུགས་ནད་སྔོན་འགོག་ཚོད་འཛིན། རྒྱུད་བཟང་གསོ་སྤེལ་དང་ཚན་རིག་ལྟར་འཚོ་གསོ་ ཁྱབ་གདལ། ཞིང་ལས་འཕྲུལ་ཆས་དོ་དམ་ས་ཚིགས་ཀྱིས་ཞིང་ལས་འཕྲུལ་ཆས་ཡོ་བྱད་བེད་སྤྱོད་གསོ་སྦྱོང་། རྩེ་ཁོག་རྫོང་ཏང་ཨུ་དང་སྲིད་གཞུང་གིས་རྫོང་དཔལ་འབྱོར་དོ་དམ་སྡེ་ཁག་གིས་མཉམ་ལས་ཁང་གི་རྩིས་ཐོ་འཐུས་ཚང་དུ་གཏོང་བར་ཁྲིད་སྟོན་དང་རོགས་སྐྱོར་བྱས་ནས། “སྦྲ་དཀར་གྱི་དཔེ་དབྱིབས”ཆགས་པ་རེད།

2012ལོ་ནས་2017ལོ་བར་སྦྲ་དཀར་མཉམ་ལས་ཁང་གི་ཡོང་འབབ་རྐྱང་བ་སྒོར་བྱེ་བ་གཅིག་ས་ཡ་གཉིས་འབུམ་གསུམ་ལྷག་ཏུ་བསླེབས་པ་དང་། 2017ལོ་ཁོ་ནར་མཉམ་ལས་ཁང་གི་མི་རེའི་ཡོང་འབབ་སྒོར་ཁྲི་གཅིག་སྟོང་ལྔ་ལྷག་ཏུ་བསླེབས།

གནས་སྤོར་ཁ་གསབ་སྲིད་ཇུས་ཀྱི་རོགས་རམ་འོག་སྦྲ་དཀར་སྡེ་བའི་སྡེ་མི་རྣམས“རྩྭ་ཆུར་བསྙེག་ནས་འཚོ་བ་རོལ་བའི་རྣམ་པ་མཇུག་རྫོགས་པ་དང་།  2017ལོའི་ཟླ་11པར་སྨི་གྲུ་བཞི་མ་80ཟིན་པའི་སྡོད་ཁང་གསར་བའི་ནང་གནས་སྤར།

“ འཚོ་བར་འགན་སྲུང་ཡོད་པས། དཀའ་ཁག་ཅི་ཡང་མི་འདུག”ཅེས་སྡེ་མི་བསོད་དར་གྱིས་དེ་ལྟར་བཤད་པ་དང་།  ན་ནིང་མཉམ་ལས་ཁང་གིས་ཁོ་ལ་ཁེ་སྤོགས་སྒོར་ཁྲི་གཅིག་སྟོང་ལྔ་ལྷག་བགོས་པ་རེད། རང་གིས་མཉམ་ལས་ཁང་དུ་ལས་ཀ་ལས་པའི་ཡོང་འབབ་དང་བུ་མོས་རྫོང་ཐོག་གི་ཟ་ཁང་ཞིག་ཏུ་གླ་རྒྱག་པའི་ཡོང་འབབ་བསྡོམས་ན་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་དེ་སྒོར་སྟོང་བདུན་དང་དྲུག་བརྒྱ་ལྷག་ཟིན་གྱི་ཡོད་པས།  འཚོ་བ་ཇེ་བཟང་རེད།    “ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་དྲིན་ལས་བདེ་སྐྱིད་གྱི་འཚོ་བ་སྐྱེལ་ཐུབ་སོང་”ཞེས་བསོད་དར་གྱིས་དེ་ལྟར་བཤད་བྱུང་།

མིག་སྔར་སྦྲ་དཀར་མཉམ་ལས་ཁང་དེ་དཔེ་སྟོན་མཉམ་ལས་ཁང་ལ་བདམས་ཡོད།  རྩེ་ཁོག་རྫོང་དུ་སྦྲ་དཀར་མཉམ་ལས་ཁང་ལྟ་བུའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་65ཙམ་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་པ་དང་འབྲོག་པ་མཉམ་ལས་ཁང་དུ་ཞུགས་ཚད་80%དང་། རྩྭ་ས་མུའུ་ས་ཡ་བདུན་འབུམ་དགུ་ཁྲི་བརྒྱད། ཕྱུགས་རིགས་སྣ་ཚོགས་འབུམ་བཞི་ཁྲི་དྲུག་ལྷག་བཅས་ཟིན་ཡོད། ད་ལྟ། སྡེ་བ་ཚང་མར་མཉམ་ལས་ཁང་ཡོད་པ་དང་། ཞང་སོ་སོར་སྐྱེ་ལྡན་ཕྱུགས་རིགས་འཚོ་གསོ་རྟེན་གཞི་བཙུགས་པ། ཁྱིམ་ཚང་རེ་རེ“སྐྱེ་ལྡན་ ཕྱུགས་ལས་མཉམ་ལས་ཁང”གི་ཁོངས་མིར་གྱུར་ཡོད།

རྩེ་ཁོག་རྫོང་གཡང་དཀར་པ་ཏྲ་ནོར་ལུག་ཁུ་ལུའི་ཐོན་ལས་ཚད་ཡོད་ཀུང་སིའི་ལས་བཟོ་བ18ཚང་མ་སྔོན་ཆད་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོ་རེད། ད་ལྟ་ལོ་གཅིག་གི་ནང་ཟླ་8མ་གཏོགས་ལས་ཀ་ལས་མི་དགོས་ནའང་། ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཉིས་བཞི་བརྒྱ་ཙམ་ཟིན་གྱི་ཡོད།

གཞན་ཡང་། རྩེ་ཁོག་རྫོང་རྩེ་རོང་ཚན་རྩལ་ཁོར་སྲུང་འབུད་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་རང་གི་ཁྱད་ཆོས་ལྡན་པའི་ཕྱུག་འགྱུར་གྱི་ལམ་དུ་སོང་།

ཉེ་བའི་ལོ་འགའི་རིང་། གནད་ཕིགས་དབུལ་སྐྱོར་གྱི་སྐུལ་འདེད་དང་གོང་རིམ་འབྲེལ་ཡོད་སྡེ་ཁག་གིས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་འོག  རྩེ་ཁོག་རྫོང་རྩེ་རོང་ཚན་རྩལ་ཁོར་སྲུང་འབུད་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་དེ་རང་གི་ཁྱད་ཆོས་ལྡན་པའི་ཕྱུག་འགྱུར་གྱི་ལམ་དུ་ཞུགས་འགོ་བརྩམས།

རྩེ་ཁོག་རྫོང་རྩེ་རོང་ཚན་རྩལ་ཁོར་སྲུང་འབུད་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་ནི་ཉིས་སྟོང་བཅུ་དྲུག་ལོའི་ཟླ་གསུམ་པར་བཙུགས། སྐྱེ་དངོས་ནུས་སྲི་འབུད་རྫས་འཕེལ་རྒྱས་གཏོང་བ་གཙོ་བོར་འཛིན་པའི་ཚན་རྩལ་ཁོར་སྲུང་རང་བཞིན་འཛོམས་པའི་རོང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཤིག་ཡིན།

མཉམ་ལས་ཁང་བཙུགས་པའི་ཚུན་ལ། སྔ་གཞུག་ཏུ་ཁྱོན་བསྡོམས་སྒོར་ཁྲི་ཉིས་བརྒྱ་དང་དྲུག་ཅུ་ཡི་མ་དངུལ་བཏང་ནས་ཐོན་སྐྱེད་རྟེན་གཞི་ཐོག་མར་འཛུགས་སྐྲུན་བྱས་ཤིང་། མཉམ་ལས་ཁང་གི་སྤྱིའི་རྒྱ་ཁྱོན་ལ་མུའུ་ཉེར་གཅིག་ཡོད།

རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་འོག སྔ་རྗེས་སུ་སྒོར་འབུལམ་བདུན་ཁྲི་ལྔ་ལྷག་བཏང་སྟེ། ཐོན་སྐྱེད་ལས་གཞི་རྒྱ་བསྐྱེད་བཏང་། མཉམ་ལས་ཁང་གིས་ལྕི་བ་དང་རིལ་མ་རྒྱུ་ཆ་གཙོ་བོ་བྱས་ཏེ།  དེང་རབས་ལག་རྩལ་གྱིས་ལས་སྣོན་བརྒྱུད། ཉིན་རེར་ཏུན་བཅོ་ལྔ་ཐོན་སྐྱེད་བྱེད་ཐུབ་པར་མ་ཟད་དེ་དག་ཐད་ཀར་བཀོལ་སྤྱོད་བྱེད་ཆོག་པའི་རྣམ་པ་གསར་བའི་འབུད་རྫས་གཙང་མ་བཟོས། ལས་བཟོ་བ་རེར་ཟླ་རེར་སྒོར་ཆིག་སྟོང་བརྒྱད་བརྒྱའི་གླ་ཕོགས་བྱིན་ཏེ་མིག་སྔའི་འཚོ་བའི་གནད་དོན་ཐག་གཅོད་བྱེད་པར་རོགས་རམ་བྱས།

དེའི་མཚུངས་སུ་མཉམ་ལས་ཁང་གིས་ཐོན་སྐྱེད་གཞི་ཁྱོན་ཅན་དང་ཚན་རྩལ་ཅན་དུ་འཛུགས་སྐྲུན་བྱེད་པར་ཉེ་འཁོར་གྱི་དབུལ་ཁྱིམ་མི་སྣར་སྣེ་ཁྲིད་བྱས་ནས།  སྐྱེ་ཁམས་སྲུང་སྐྱོབ་དང་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་།  དབུལ་ཁྱིམ་གྱི་ཡོང་སྒོ་འཕར་སྣོན་སོགས་ཀྱི་ཐད་ནུས་པ་ཆེན་པོ་བཏོན་པ་རེད།

མཉམ་ལས་ཁང་གིས་དཀའ་བ་ཁྱད་བསད་ཀྱིས་དྭངས་གཙང་འབུད་རྫས་ཐོན་སྐྱེད་བྱེད་པ་དང་།  རྩེ་ཁོག་རྫོང་གི་རྫོང་མཁར་གྱི་རྒྱ་ཆེའི་སྡོད་དམངས་ཀྱི་འབུད་རྫས་གཙང་མ་བཀོལ་བར་ཧུར་བརྩོན་བྱས། རང་ས་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད།  ཕྱུགས་ཟོག་གི་ཨོང་ལུད་ཀྱིས་བཟོས་པའི་ཁོར་ཡུག་འབག་བཙོག་གི་སྣང་ཚུལ་ཇེ་ཉུང་དུ་གཏོང་བ་དང་། ཕྱུགས་ལས་ས་ཁུལ་དུ་ནུས་ཁུངས་དཀོན་པའི་གནད་དོན་ཐག་གཅོད་བྱེད་པ་སོགས་ཀྱི་ཐད་ལའང་ནུས་པ་ཆེན་པོ་བཏོན་ཡོད།

བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན།  མཉམ་ལས་ཁང་གིས་ལོ་རེར་ཁོར་སྲུང་འབུད་རྫས་ཏུན་བཞི་སྟོང་བཞི་བརྒྱ་ཐོན་སྐྱེད་བྱས་པ་དང་། དཔལ་འབྱོར་ཡོང་སྒོ་སྒོར་ཁྲི་སུམ་བརྒྱ་དང་གོ་དྲུག་མངོན་འགྱུར་བྱས། རྫོང་ཡོངས་ཀྱི་ཞང་གྲོང་སོ་སོའི་དབུལ་ཁྱིམ་ཁ་ཤས་དང་ཨོང་ལུད་ཉོ་སྡུད་ཀྱི་གན་རྒྱ་བཞག་སྟེ། ལོ་རེར་རྫོང་ཡོངས་ཀྱི་གྲོང་བརྡལ་གསུམ་དང་ཞང་བཞི་ཡི་དབུལ་ཁྱིམ་སོ་གསུམ་གྱི་ལག་ཏུ་ཨོང་ལུད་ཏུན་སུམ་སྟོང་ཉོ་སྡུད་བྱས་ཤིང་། སྒོར་ཁྲི་ཞེ་བརྒྱད་ཀྱིས་དཔལ་འབྱོར་ཡོང་སྒོ་མངོན་འགྱུར་བྱས་པར་མ་ཟད། དབུལ་བོ་བཅུ་གསུམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཤིང་། མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཉིས་ཁྲི་དྲུག་བརྒྱ་དྲུག་བརྒྱ་བསླེབས་ཏེ། རིམ་བཞིན་ཕྱུག་འགྱུར་གྱི་ལམ་ཏུ་བསྐྱོད་བརྩམས།
                                                                       
                                                                                                                    རྩོམ་སྒྲིག་པ།   སྟོབས་ལྡན་རྒྱལ།