མགོ་ལོག་ཁུལ་རྨ་ཆེན་རྫོང་གིས་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ས་ནག་ཐང་བཅོས་སྐྱོང་ཚད་ལྡན་ཅན་གྱི་དཔེ་སྟོན་ལས་གཞི་ལ་གྲུབ་འབྲས་མངོན་གསལ་ཐོབ།
2018.12.03 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 38

མཚོ་སྔོན་ཡོན་ཧྲི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ཚད་ཡོད་ཀུང་སིས་འགན་སྒྲུབ་བྱས་པ་དང་། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་ཁམས་ཞིབ་འཇུག་ཁང་དང་མཚོ་སྔོན་ཞིང་ཆེན་ཕྱུགས་རྩྭ་སོན་བཟང་གསོ་སྤེལ་ར་བ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཕྱུགས་ཟོག་ཕྱུགས་སྨན་ལས་དོན་ས་ཚིགས། རྨ་ཆེན་རྫོང་རྩྭ་ཐང་ལས་དོན་ས་ཚིགས་སོགས་ལས་ཁུངས་ཀྱིས་བྱེ་བྲག་ཏུ་ལག་བསྟར་བྱས་པའི2017ལོའི་རྒྱལ་ཁབ་ཀྱི་ཚད་ལྡན་ཅན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གིས་བཀྲམ་པའི་ཞིང་ལས་ཚད་ལྡན་ཅན་གྱི་དཔེ་སྟོན་ལས་གཞི་སྐོར་དགུ་པ་སྟེ་རྒྱལ་ཁབ་གཙང་གསུམ་འབྱུང་ཡུལ་གྱི་ས་ནག་ཐང་བཅོས་སྐྱོང་ཚད་ལྡན་ཅན་གྱི་དཔེ་སྟོན་ལས་གཞི་དེ2017ལོར་མགོ་ལོག་ཁུལ་རྨ་ཆེན་རྫོང་ནས་ལག་བསྟར་བྱེད་མགོ་བརྩམས། ལག་བསྟར་ལས་ཁུངས་སོ་སོས་མཉམ་དུ་ཧུར་བརྩོན་བྱས་པ་དང་ཆེད་ལས་མི་སྣས་མཛུབ་སྟོན་ཞིབ་མོ་བྱས་འོག ལོ་ངོ་གཉིས་ཀྱི་རིང་ལ་བྱ་བ་སྣ་ཚོགས་ཀྱི་འཕེལ་རིམ་བདེ་བླག་ཡིན་ཞིང་གྲུབ་འབྲས་མངོན་གསལ་ཐོབ།

ལས་གཞི་དེ་ནི2017ལོའི་ཟླ་དང་པོ་ནས2019ལོའི་ཟླ་བཅུ་གཉིས་པའི་བར་གྱི་ལོ་ངོ་གསུམ་རིང་ལ་ལག་བསྟར་བྱེད་རྩིས་ཡོད། ས་ནག་ཐང་བཅོས་སྐྱོང་ཚད་ལྡན་ཅན་གྱི་དཔེ་སྟོན་ཁུལ་གྱིས་མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དགུ་སྟོད་སྡེ་བ་དཀྱིལ་སྙིང་ས་ཁུལ་བྱས་ཏེ། ཚད་ལྡན་ཅན་གྱི་དཔེ་སྟོན་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་བརྒྱ་དང་ཉི་ཤུ་ཡོད་པ་དང་། འབྲོག་པ་ཁྱིམ་ཚང་བརྒྱ་ལ་དཔེ་སྟོན་དང་སྣེ་ཁྲིད་བྱེད་པ། སྡེ་བ་དེའི་ད་ཡོད་ཀྱི་ས་ནག་ཐང་གི་རྒྱ་ཁྱོན་གྱི་བརྒྱ་ཆའི་བཅོ་བརྒྱད་ཟིན་ཡོད། ཉེ་འགྲམ་གྱི་རྭ་རྒྱ་གྲོང་རྡལ་སོགས་ཡུལ་ཁོངས་ཀྱི་སྤྱི་ཆིང་སུམ་བརྒྱ་རུ་ཁྱབ་གདལ་བྱས་པ་དང་། མཐའ་འཁོར་གྱི་འབྲོག་པ་ཁྱིམ་ཚང་བཞི་བརྒྱ་ལ་སྣེ་ཁྲིད་བྱས།

གཙང་གསུམ་འབྱུང་ཡུལ་གྱི་ས་ནག་ཐང་བཅོས་སྐྱོང་ཚད་ལྡན་ཅན་དུ་གཏོང་བའི་དཔེ་སྟོན་ཁུལ་གྱི་ལས་གཞི་ལག་བསྟར་བྱེད་པའི་བྱ་བར་ཏན་ཏིག་གིས་སྐུལ་འདེད་གཏོང་ཆེད། 2017ལོའི་ཟླ་བརྒྱད་པར། མགོ་ལོག་ཁུལ་རྨ་ཆེན་རྫོང་གིས“རྒྱལ་ཁབ་གཙང་གསུམ་འབྱུང་ཡུལ་གྱི་ས་ནག་ཐང་བཅོས་སྐྱོང་ཚད་ལྡན་ཅན་དཔེ་སྟོན་ཁུལ་གྱི་ལས་གཞི”དངོས་སུ་ལག་བསྟར་བྱེད་མགོ་བརྩམས། དེའི་མཛད་སྒོ་གྲོལ་རྗེས། ཆེད་མཁས་ཚན་ཆུང་གི་ཁོངས་མི་ཉི་ཤུ་ཡིས2017ལོའི་རྟ་བོ་གྲོང་རྡལ་གྱི་ས་ནག་ཐང་བཅོས་སྐྱོང་དང་དགུ་སྟོད་སྡེ་བའི་ས་ནག་ཐང་བཅོས་སྐྱོང་། གངས་རི་ཞང་གི་རྩྭ་ས་ཞན་འགྱུར་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་བརྟག་དཔྱད་བྱས།

དེའི་སྐབས་སུ་ཆེད་མཁས་པ་ཚོས་དཔེ་སྟོན་ཁུལ་གྱི་རོང་འབྲོག་པ་རྣམས་ལ་རྩྭ་ས་ཞན་འགྱུར་དུ་སོང་བ་བཅོས་སྐྱོང་དང་སྐྱེ་ཁམས་ཕྱུགས་ལས་གོང་སྤེལ་དུ་གཏོང་བའི་ལག་རྩལ་ཞན་པའི་གནས་ཚུལ་ལ་དམིགས་ནས། ཡུལ་དེའི་འབྲོག་པ་བརྒྱ་དང་ལྔ་བཅུ་ལ་ཡུལ་དངོས་དང་གཞུང་ལུགས་སློབ་ཁྲིད་སྐབས་གཉིས་སྤེལ་བ་དང་། མི་ཐེངས་སུམ་བརྒྱ་གསོ་སྦྱོང་བྱས། ལག་རྩལ་ཚན་ཆུང་གིས་དཔར་པའི《ས་ནག་ཐང་བཅོས་སྐྱོང་ཚད་ལྡན་ཅན་གྱི་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་ལག་རྩལ》ཞེས་པའི་གསོ་སྦྱོང་བསླབ་དེབ་བརྒྱ་དང་ལྔ་བཅུ་བྱིན། 2018ལོར་རྟ་བོ་གྲོང་རྡལ་དགུ་སྟོད་འབྲོག་དམངས་ཨུ་ཡོན་ལྷན་ཁང་དུ་ཚད་ལྡན་དཔེ་སྟོན་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཉིས་བརྒྱ་སུམ་ཅུ་དང་། གསོ་སྦྱོང་དཔེ་སྟོན་ཁྱིམ་ཚང་གཉིས། དཔེ་སྟོན་སྣེ་ཁྲིད་འབྲོག་ཁྱིམ་བརྒྱ་དང་བཅུ་ལྷག་བཅས་བཙུགས། སྡེབ་སྒྲིག་བྱས་པའི་གཙང་གསུམ་འབྱུང་ཡུལ་གྱི་ས་ནག་ཐང་བཅོས་སྐྱོང་ཚད་ལྡན་ཅན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་གཞི་རྩའི་བྱ་བའི་ཚད་གཞི་གཏན་འབེབས་བྱས་ཏེ་ཚད་ལྡན་ཅན་དཔེ་སྟོན་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཉིས་བརྒྱ་བཙུགས་པ་དང་། འབྲོག་པ་མི་ཐེངས་ལྔ་བརྒྱ་ལ་དཔེ་སྟོན་སྣེ་ཁྲིད་དང་གསོ་སྦྱོང་བྱས། ཉེ་འགྲམ་གྱི་རྭ་རྒྱ་གྲོང་རྡལ་སོགས་ཀྱི་ཡུལ་ཁོངས་སུ་སྤྱི་ཆིང་སུམ་བརྒྱ་ཁྱབ་གདལ་བྱས་ཏེ། ས་ནག་ཐང་བཅོས་སྐྱོང་ཚད་ལྡན་ཅན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་རྒྱ་ཁྱོན་སྔར་བས་རྒྱ་བསྐྱེད།

ལས་གཞི་དེས2017ལོར་ས་ནག་ཐང་སྤྱི་ཆིང་བརྒྱ་དང་ཉི་ཤུ་བཅོས་སྐྱོང་བྱས་ཏེ། ཆ་སྙོམས་ཀྱི་སྔོ་ཁེབས་ཚད་བརྒྱ་ཆའི་བཅུ་མ་གཏོགས་མི་ཟིན་པ་ནས་ད་ལྟ་བརྒྱ་ཆའི་ཞེ་གཉིས་ཟིན་ཡོད། སྐྱེ་ཁམས་རིག་པའི་ཐོན་ཚད་མུས་གྲུ་བཞི་མ་རེར་ཁེ་ཉི་ཤུ་ནས་མུས་གྲུ་བཞི་མ་རེར་ཁེ་དྲུག་བརྒྱ་རེ་བདུན་ལ་ཇེ་མཐོར་སོང་། ཨ་བྲ་དང་རི་བོང་གིས་གནོད་འཚེ་བཏང་བའི་ས་ཁུང་མུའུ་རེའི་ནང་དུ་བཞི་བརྒྱ་བཅུ་རེ་ཡོད་པ་ནས་མུའུ་རེའི་ནང་དུ་བཅུ་གཉིས་ལ་ཇེ་ཉུང་དུ་སོང་བ་དང་སྤྱི་ཆིང་ཉིས་བརྒྱ་དང་ཉི་ཤུ་ལ་དཔེ་སྟོན་སྣེ་ཁྲིད་བྱས། 2018ལོར་ཆ་སྙོམས་ཀྱི་སྔོ་ཁེབས་ཚད་བརྒྱ་ཆའི་བརྒྱ་རུ་ཇེ་མཐོར་སོང་། སྐྱེ་དངོས་རིག་པའི་ཐོན་ཚད་མུའུ་རེའི་ནང་སྟོང་ཁེ་སྟོང་གཉིས་སུ་ཇེ་མཐོར་སོང་། ཨ་བྲ་དང་རི་བོང་གིས་གནོད་འཚེ་བཏང་བའི་ས་ཁུང་གི་གྲངས་ཀ་མུའུ་རེའི་ནང་དུ་བཅུ་ནས་ཉི་ཤུ་བར་མ་གཏོགས་མེད། ད་ལོ་རིམ་བསགས་ཀྱིས་གཟན་རྩྭ་གསར་པ་ཏུན་སྟོང་གསུམ་དང་དྲུག་བརྒྱ་ཐོན་སྐྱེད་བྱས། བཙུགས་ཡོད་པའི་ས་ནག་ཐང་བཅོས་སྐྱོང་ཚད་ལྡན་ཅན་གྱི་དཔེ་སྟོན་ཁུལ་སྤྱི་ཆིང་ཉིས་བརྒྱ་སུམ་ཅུ་དེ་བཅོས་སྐྱོང་མ་བྱས་པའི་ས་ནག་ཐང་དང་བསྡུར་ན། དཔེ་སྟོན་ཁུལ་གྱི་སྔོ་ཁེབས་ཚད་བརྒྱ་ཆའི་སུམ་ཅུ་ནས་བརྒྱ་ཆའི་ལྔ་བཅུ་རུ་བསླེབས་པ་དང་། གཟན་རྩྭ་ཐོན་ཚད་ལྡབ་ལྔ་ཡན་དུ་ཇེ་མཐོར་ཕྱིན་ལ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལྡབ་གཅིག་ཇེ་མང་དུ་སོང་། ས་རྒྱུ་རུ་སྐྱེ་ལྡན་གྱི་ཆ་འདུས་ཚད་བརྒྱ་ཆའི་ལྔ་བཅུ་ཇེ་མཐོར་སོང་། 2017ལོར་བཙུགས་པའི་དཔེ་སྟོན་ཁུལ་གྱི་སྔོ་ཁེབས་ཚད་བརྒྱ་ཆའི་བརྒྱ་རུ་སླེབས་ཡོད་པ་དང་། ཕྱུགས་རྩྭའི་ཐོན་ཚད་ལྡབ་ཉི་ཤུ་ཇེ་མཐོར་སོང་ཞིང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལྡབ་གཉིས་ཇེ་མང་དུ་སོང་བ་དང་། ས་རྒྱུའི་སྐྱེ་ལྡན་གྱི་ཆ་འདུས་ཚད་བརྒྱ་ཆའི་དྲུག་ཅུ་ཇེ་མཐོར་སོང་སྟེ་ཕན་ལྡན་གྱིས་རྩྭ་ས་ཞན་འགྱུར་དང་ས་ཆུ་ཤོར་བ་བཀག་འགོག་བྱས་པ་དང་། རྩྭ་སའི་སྔོ་ཁེབས་སླར་གསོ་བྱུང་ཚད་ཇེ་མགྱོགས་སུ་སོང་སྟེ། རྩྭ་སའི་ཐོན་ཁུངས་རྒྱུན་མཐུད་ནས་བེད་སྤྱོད་བྱེད་ཚད་སྔར་བས་ཇེ་དྲག་ཏུ་སོང་།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།