སྒ་སྐྱ་ལོའི་རྩྭ་ཐང་གི་གོམས་སྲོལ་བཟང་པོ།
2018.12.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 49

འབྲི་སྟོད་རྫོང་མཁར་གྱི་སྲང་ལམ་དུ་དལ་གྱིས་སྐྱོད་དུས།ལེ་དབར་ཁྲི་ཡི་འབྲི་ཆུའི་མགོ་ཁུངས་ཀྱི་རྫོང་དང་པོ་རུ་གྲགས་པའི་རྫོང་མཁར་འདིའི་དམངས་ཚིས་ལེགས་བཅོས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། སྐྱེ་ཁམས་དཔལ་ཡོན་ལེགས་ཤིང་གངས་རི་དང་རྩྭ་ཐང་མཛེས་ལ། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་བརྟན་པས་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག ཕར་འགྲོ་ཚུར་འོང་གི་རླངས་འཁོར་མང་པོའི་ཁྲོད་མི་རྣམས་ཀྱིས་འགྲོ་འདུག་བྱེད་སྟངས་ལེགས་པོ་རྒྱུན་སྲུང་བྱས་ཏེ་ཕན་ཚུན་ལ་བརྩི་བཀུར་བྱེད་པའི་གོམས་སྲོལ་ལེགས་པོ་ཆགས་ཡོད།

འབྲི་སྟོད་རྫོང་ནི་གཙང་གསུམ་འབྱུང་ཡུལ་གྱི་དཀྱིལ་དབུས་སུ་ཆགས་ཡོད་པ་དང་། རྫོང་ཁོངས་སུ་ཡོད་པའི་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ནི་མིག་སྔར་འཛམ་གླིང་སྟེང་གི་གདོད་མའི་ཁོར་ཡུག་སྲུང་སྐྱོབ་བྱས་པ་ཆེས་བཟང་བའི་ས་ཁུལ་ནང་གི་གཅིག་ཡིན་ལ།རྒྱལ་ཡོངས་ཀྱི་རྒྱ་ཁྱོན་ཆེས་ཆེ་ཞིང་མཚོ་ངོས་ལས་ཆེས་མཐོ་བ།རི་སྐྱེས་སྲོག་ཆགས་དང་རང་བྱུང་སྐྱེ་དངོས་ཆེས་ཕུན་སུམ་ཚོགས་པའི་རང་བྱུང་ཤུལ་བཞག་ས་གནས་ཤིག་ཡིན།

“སྔོན་པོའི་རི་དང་དྭངས་མོའི་ཆུ་ནི་གསེར་རི་དངུལ་རི་ཡིན”པའི་འཕེལ་རྒྱས་ཀྱི་འདུ་ཤེས་འཛིན་པ་དང་སྲ་བརྟན་དུ་བཏང་བ་དང་།སྐྱེ་ཁམས་ལ་བརྩི་འཇོག་དང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས་ཏེ་སྐྱེ་ཁམས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད།འབྲི་སྟོད་རྫོང་གིས་ནམ་ཡང་སྐྱེ་ཁམས་འཛུགས་སྐྲུན་བྱེད་པ་དེ་ཆེས་ཆེ་བའི་ཆབ་སྲིད་དང་ཆེས་ཆེ་བའི་དམངས་ཚིས་ལེགས་བཅོས་སུ་བརྩིས་ཏེ། སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་བྱེད་པའི་འདུ་ཤེས་དེ་ནམ་ཡང་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་གོ་རིམ་ཡོངས་སུ་ཁྱབ་པ་དང་། བློ་ཐག་རྦད་ཆོད་ཀྱིས་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཁེ་ཕན། སྤྱི་ཚོགས་ཀྱི་ཁེ་ཕན་བཅས་གཅིག་གྱུར་ཡོང་བའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པས་གྲུབ་འབྲས་མི་དམན་པ་བླངས་ཡོད།

ང་ཚོའི་མིག་ལམ་དུ་མངོན་པ་ནི་མ་དངུལ་སྒོར་འབུམ་བཞི་བཏང་བའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་མགོ་ཁུངས་ས་ཁུལ་གྱི་སྒོ་ཆེན་དང་སྲུང་སྐྱོབ་ས་ཚིགས་འཛུགས་སྐྲུན་བྱེད་པའི་ལས་གཞི་སྤྱིའི་བཟོ་འགོད་ཀྱི་ཕྱེད་ཀ་ལེགས་འགྲུབ་བྱུང་ཟིན་པ་དང་། ས་ནག་ཐང་བཅོས་སྐྱོང་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས་བྱེད་པའི་ལས་གཞི་ལེགས་འགྲུབ་བྱུང་བ། དམངས་དམག་ཡིན་ལ་སྐྱེ་ཁམས་སྲུང་སྐྱོབ་མཁན་ཡང་ཡིན་པའི་འབྲོག་པ་རྣམས་ཀྱིས་གནས་འདིའི་རི་ཆུ་ལ་སྲུང་སྐྱོབ་གང་ལེགས་བྱེད་ཀྱིན་པའི་རྣམ་པ། རིམ་པ་གསུམ་པའི་ཆུ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་སྟེ།འབྲི་སྟོད་རྫོང་ཁོངས་ཀྱི་ཆུ་བོ་དང་མཚེའུ་ཡོངས་རྫོགས་ཐོ་འགོད་བྱས་ཡོད་པ།མ་དངུལ་སྒོར་ས་ཡ་ལྔ་བཏང་ནས་རྫོང་མཁར་གྱི་ལྗང་བསྒྱུར་བཟོ་འགོད་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ།མཛེས་པའི་ཡུལ་གྲོང་དང་རྫོང་མཁར་གཙོ་གནད་ས་ཁུལ་གྱི་ཁོར་ཡུག་ལེགས་བཅོས་ཁྱོན་ཡོངས་ནས་རྗེས་སུ་ཆོད་ཡོད་པ་སོགས་ཀྱི་གནས་ཚུལ་ཡིན།

འབྲི་སྟོད་ཀྱི་འབྲོག་པ་མང་ཚོགས་ལ་སྔར་ལས་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་རོལ་ཏུ་འཇུག་རྒྱུ་དང་། འབྲོག་པའི་མཁར་གསར་འདི་སྔར་ལས་མཛེས་ཤིང་སྡུག་པ་ཞིག་ཏུ་སྐྲུན་རྒྱུའི་འདུན་པ་ནམ་ཡང་སེམས་ལ་བཅངས་ནས། འབྲི་སྟོད་རྫོང་གི་གོང་འོག་ཡོངས་ཀྱིས་བསམ་པ་གཅིག་མཐུན་དང་ཇུས་ཤུགས་མཉམ་འདོན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་དང་ནང་དོན་མུ་མཐུད་དུ་ཕུན་ཚོགས་སུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྙེག་པའི་གོམ་པ་བརྟན་པོ་མདུན་ནས་མདུན་དུ་སྤོས།

ད་ལོའི་ལོ་སྟོད་དུ།ཆེས་མཛེས་པའི་འབྲི་སྟོད་པའི་མི་སྣའི་མིང་ཐོ་ཕྱི་རུ་བསྒྲགས།མང་ཚོགས་ལ་དབུལ་སྐྱོར་ལས་བྱེད་པ་དང་དམངས་དམག ལས་བཟོ་པ་དཀྱུས་མ།དགེ་རྒན།མཚོ་སྔོན་ལ་རོགས་སྐྱོར་བྱེད་ཀྱིན་པའི་ལས་བྱེད་པ།སྨན་པ་བཅས་ཀྱི་ཁྲོད་ནས་རང་ཉིད་ཀྱི་ཉེ་འགྲམ་དུ་ཡོད་པའི“ཆེས་མཛེས་པའི་འབྲི་སྟོད་པ”བཙལ་དུ་བཅུག་པ་དང་།འབྲོག་པ་མང་ཚོགས་དངོས་གནས་མིག་དཔེ་འོས་སྦྱོར་བྱེད་མཁན་གྱི་ནུས་ཤུགས་གཙོ་བོར་གྱུར་དུ་བཅུག་པས།ཁོ་ཚོའི་མཛེས་པ་དང་དགེ་བ་འཚོལ་བའི་སྤྲོ་སེམས་བསླངས།མང་ཚོགས་ཀྱིས“ཆེས་མཛེས་པའི་འབྲི་སྟོད་པ”ཡི་ལུས་སྟེང་གི་མཛེས་པ་འཚོལ་ཞིབ་བྱས་པ་བརྒྱུད་དེ།ཀུན་སྤྱོད་ཀྱི་མིག་དཔེ་བཏོན་ཞིང་ཉེ་འགྲམ་གྱི་མི་ཡོངས་ལ་རིན་ཐང་གི་ཚད་གཞི་བཙུགས།

བློ་གཏོད་དང་གུས་བཀུར་བྱེད་འོས་ཤིང་ཡིད་རྟོན་དང་སློབ་སྦྱོང་བྱེད་རིན་ལྡན་པའི“ཆེས་མཛེས་པའི་འབྲི་སྟོད་པ”རེ་རེ་ཡི་འབོད་སྐུལ་དང་ཤུགས་རྐྱེན།སྒུལ་ཤུགས་བཅས་ལ་བརྟེན་ནས།མང་ཚོགས་ཀྱིས་དགེ་བ་བསྒྲུབ་འདོད་པའི་ཕྱོགས་སུ་བསྒྱུར་ཏེ།མི་ཡོངས་རྫོགས་ཀུན་སྤྱོད་འཛུགས་སྐྲུན་གྱི་ནང་དུ་ཞུགས་པ་དང་དམངས་ཡོངས་འགུལ་སྐྱོད་བྱེད་པའི་རྣམ་པ་བཟང་པོ་ཆགས་སུ་བཅུག

འབྲི་སྟོད་རྫོང་ལས་བྱེད་པ་རྒན་པ་དོ་དམ་ཅུས་ཀྱི་ཅུས་ཀྲང་པ་སངས་ཆོས་མཚོ་ནི་ལས་བྱེད་པ་རྒན་པ་རྣམས་ཀྱི་བློས་ཐུབ་ཀྱི་གྲོགས་མོ་ཡིན།མོའི་སེམས་སུ་ནམ་ཡང་གཟི་བརྗིད་དང་སྐྱིད་སྣང་ཞིག་གིས་ཁེངས་ཡོད།རྫོང་མཁར་གྱི་ལམ་ཆེན་དང་ཉེ་འགྲམ་གྱི་སྲང་ལམ་ཆུང་ཆུང་གང་ཞིག་ཡིན་རུང་།གཙང་སྦྲ་དང་འཕྲོད་བསྟེན།ཀུན་སྤྱོད་སོགས་ཀྱི་ཐད་ནས་སྔོན་ཆད་དང་བསྡུར་ཐབས་མེད།དེ་ལས་ཀྱང་ཡིད་སྤྲོ་བ་ཞིག་ནི་ཁོར་སྲུང་ལས་བཟོ་པའི་ངལ་རྩོལ་ལ་བརྩི་བཀུར་དང་ཐུགས་ཁུར་བྱས་ཏེ།ཕན་ཚུན་ལ་བརྩི་འཇོག་བྱེད་པ་དེ་ནི་ད་ལྟའི་འབྲི་སྟོད་རྫོང་མཁར་གྱི་ཀུན་སྤྱོད་བཟང་པོ་ཞིག་ཏུ་གྱུར་ཡོད།

མང་ཚོགས་ཀྱི་སྒོར་ཁུག་ཕྱུག་པོར་གྱུར་པ་དང་བསྟུན་ནས།ཀླད་པ་ཡང་ཕྱུག་པོར་གྱུར་ཡོད་པས།དུས་དང་རྣམ་པ་ཀུན་ཏུ་སྐྱིད་སྣང་གིས་ཁེངས་ཡོད།

འབྲི་སྟོད་རྫོང་གི་སྤྱི་དམངས་ཀུན་སྤྱོད་འཛུགས་སྐྲུན་བཟོ་འགོད་ལག་ལེན་གཏིང་ཟབ་བྱས་པ་དང་།མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ།“སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་བྱས་ཏེ།བརྩི་བཀུར་དང་གུས་པ་ལྡན་པའི་འབྲི་སྟོད་པ་ཞིག་བྱེད་དགོས”ཞེས་པ་བརྗོད་གཞི་ཡིན་པའི་སློབ་གསོའི་ལག་ལེན་བྱ་འགུལ་གྱི་ཆས་རྟགས་ཤིག་བསྐྲུན་པ་དང་།འབྲོག་པ་མང་ཚོགས་ཀྱི་དཔལ་ཡོན་སྤུས་མཚག་དང་མཁར་གྲོང་གི་དཔལ་ཡོན་ཆུ་ཚད་བསྟུད་མར་ཇེ་མཐོར་བཏང་ནས།འབྲི་སྟོད་རྫོང་དེ“དྲུག་བཟང”དཔེ་སྟོན་རྫོང་དུ་འཛུགས་སྐྲུན་བྱེད་པར་བསམ་པའི་སྒུལ་ཤུགས་དང་སྤྱོད་བཟང་གི་གསོ་བཅུད་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱས།

གསར་སྐྲུན་བྱ་བར་སྐུལ་འདེད་བཏང་བ་དང་བསྟུན་ནས།འབྲི་སྟོད་རྫོང་གི་མི་སེམས་ལ་དྲོད་ཁོལ་སྦྱིན་པའི“དམངས་ཚིས་ལས་གཞི”མང་པོ་ཞིག་གཅིག་འཕྲོར་གཅིག་མཐུད་ནས་རེ་རེ་བཞིན་དངོས་འབེབས་བྱས་ཤིང་།ཚང་མ་མི་དམངས་ཀྱི་འདོད་བློ་དང་མཐུན་པའི་དོན་བཟང་དང་དོན་དངོས་ཡིན་པས།འབྲོག་པ་མང་ཚོགས་ཀྱི་འཚོ་བའི་སྤུས་ཀ་དང་སྐྱིད་སྣང་སྔར་ལས་ཇེ་མཐོར་བཏང་།

“དམངས་ཚིས་ལ་བརྟེན་ནས་དམངས་སེམས་འགུག་པ་དང་།དམངས་སེམས་ལ་བརྟེན་ནས་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་།”ལོ་ངོ་མང་པོའི་རིང་ལ།འབྲི་སྟོད་རྫོང་གིས་ནོར་སྲིད་ཡོང་སྒོའི་བརྒྱ་ཆའི་བརྒྱད་ཅུ་ཡན་དམངས་ཚིས་ལེགས་བཅོས་བྱེད་པའི་ཕྱོགས་སུ་བཀོལ་བ་དང་།དམངས་ཚིས་འགན་སྲུང་བྱེད་པའི་ཚད་ཇེ་ཆེར་བཏང་ནས།དམངས་ཚིས་ལེགས་བཅོས་བྱེད་པར་བརྟེན་ནས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་སྐུལ་འདེད་བཏང་། ནང་སྒོས་སུ་སྤྱི་ཚོགས་རྒན་གསོ་ཞབས་ཞུ་མ་ལག་འཐུས་ཚང་དུ་བཏང་བ་དང་།མཁར་གྲོང་གཞིས་དམངས་ཀྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་ནས།“འགན་སྲུང་བྱེད་དགོས་པ་ཚང་མ་འགན་སྲུང”བྱས།འབྲོག་པ་མང་ཚོགས་ཀྱི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སྤྲོ་སེམས་བསླང་གང་ཐུབ་བྱས་ཏེ།འབྲི་སྟོད་རྫོང་གིས“ཀུན་སྤྱོད་སློབ་ཁྲིད”གཡུལ་ས་རུ་བཟུང་ནས།“ཀུན་སྤྱོད་ཀྱི་གོམས་སྲོལ་བཟང་པོ་ཁྱིམ་ཚང་མང་པོར་སྐྱེལ་བ”དང“ཀུན་སྤྱོད་དཔེ་ལེགས་ཅན་འདེམ་པ”།“ཆེས་མཛེས་པའི་འབྲི་སྟོད་པའི་བྱས་རྗེས་སྐོར་སྐྱོད་གཏམ་བཤད”བྱེད་པ་སོགས་ཀྱི་བྱ་འགུལ་མང་པོ་སྤེལ་བ་དང་།སྤྱོད་བཟང་ཅན་གྱི་དྲང་ཕྱོགས་ནུས་པ་བརྒྱུད་སྒྲོག་བྱེད་པའི་ཚ་རླབས་བསླངས་ནས།ཀུན་སྤྱོད་གླེང་བ་དང་མི་བཟང་པོ་བྱེད་པ།སྲོལ་བཟང་དར་སྤེལ་དུ་གཏོང་བ་བཅས་ཀྱི་སྣང་ཚུལ་སྟུག་པོ་ཞིག་ཆགས་སུ་བཅུག་པར་མ་ཟད།སེམས་ཤུགས་གཅིག་ཏུ་སྒྲིལ་ཞིང་། བྱ་བ་ལེགས་པོར་བསྒྲུབ་པ།ཧུར་བརྩོན་གྱིས་མཆོང་བརྒལ་བྱེད་པ་བཅས་ཀྱི་བསམ་པའི་དཔལ་ཡོན་རྫོང་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་བརྩམས། 

ལངས་ཕྱོགས་གསལ་ཞིང་འབུར་དུ་དོད་པའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་འགུལ་མང་པོ་གཅིག་རྗེས་གཉིས་མཐུད་དུ་སྤེལ་བས།གཅིག་ལས་གཅིག་ལྷག་པ་དང་། བླ་ན་མེད་པའི་བསམ་ཚུལ་གྱིས་བསམ་པའི་དཔལ་ཡོན་གྱི་ས་བོན་བཏབ།འབྲི་སྟོད་རྫོང་ཁོངས་སུ་ཡིད་རྟོན་གཞི་རུ་འཛིན་པ་དང་སྤྱོད་པ་གཙོ་བོར་འཛིན་པའི་ཀུན་སྤྱོད་བཟང་པོ་སྲུང་བས།ཡར་རྒྱས་ཧུར་བརྩོན་དང་སྤོབས་པ་ཆེན་པོས་མདུན་དུ་སྐྱོད་པའི་བསམ་བློའི་སྣང་ཚུལ་ལེགས་པོ་ཆགས་ཡོད།

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།