ཡོད་ཚད་ནི་ས་འདིའི་མང་ཚོགས་ཀྱི་བདེ་འཇགས་ཆེད་དུ་ཡིན།
2018.12.11 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 56

—ཀོས་ནན་རྫོང་མགོ་མང་གྲོང་རྡལ་མངག་གཏོང་ཁང་གི་གནས་ཚུལ་རགས་བཀོད།

དགུན་གྱི་ལྷགས་རླུང་ཤུར་ཤུར་ལྡང་ཞིང་འཛིན་མའི་ཁྱོན་ཀུན་འཁྱགས་པས་བསྡམས། རྒྱང་རིང་གི་རི་རྩེ་ཀུན་ཏུ་ཁ་བས་གཡོགས་ཏེ་དཀར་བོང་བོང་བྱེད།

ཉེ་ལམ། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་དུ་ཆས། མགོ་མང་གྲོང་རྡལ་ནི་ཀོས་ནན་རྫོང་གི་ཤར་ཕྱོགས་སུ་ཆགས་ཡོད་ལ། ས་འདིའི་མེས་པོ་ཚོའི་བཤད་རྒྱུན་དུ། སྔོན་ཆད་ལུང་པ་འདིར་ཆུ་མགོ་མང་བའི་མགོ་མང་དུ་ཐོགས་སྐད། ད་ལྟ་ཆུ་མགོ་མང་པོ་མིག་གི་ལོངས་སྤྱོད་དུ་སྨིན་པའི་སྐལ་བ་དབེན་ཡང་། ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་དང་། ལྷག་པར་བཅོས་བསྒྱུར་སྒོ་འབྱེད་ཀྱི་བསིལ་འཇམ་རླུང་བུ་མཐོ་སྒང་མ་མའི་ཕང་བར་ལྡང་ཚུན་དུ། སྔོན་ཆད་ཀྱི་ཞང་ནས་ད་ལྟའི་གྲོང་རྡལ་དུ་འཕེལ་ཞིང་། ལུང་ཁུད་དུ་ཐར་ཐོར་དུ་ཆགས་པའི་ཁང་པ་སྐྱ་ལེབ་དེ་དག་གི་ཚབ་ཏུ་དེང་རབས་ཀྱི་ཁྱད་ཆོས་མངོན་པར་རྫོགས་པའི་ཁང་བརྩེགས་ཀྱི་བཀོད་པ་ཚར་དུ་དངར། གཞན་ཡང་ཟི་ལིང་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་གནས་འདི་བརྒྱུད་ནས་འགྲོ་དགོས་སྟབས་ཀོས་ནན་རྫོང་གི་ཤར་སྒོ་ཆེན་མོ་ལྟ་བུར་གྱུར་ཡོད་པས། གནས་འདིར་ཚོང་ཟོང་དར་ཞིང་མི་ཚོགས་ཀྱི་འདུ་འགོད་རབ་ཏུ་འཁྲིགས།

གསར་འགོད་པ་མགོ་མང་གྲོང་རྡལ་མངག་གཏོང་ཁང་དུ་ཕྱིན་ནས་རྒྱུས་ལོན་བྱས་པ་ན། མགོ་མང་གྲོང་རྡལ་མངག་གཏོང་ཁང་གི་མངའ་ཁོངས་སུ་སྲིད་འཛིན་སྡེ་བ་བཅུ་གཉིས་ཡོད་པ་དང་། སྡོད་ཁུལ་དང་རྩྭ་ལས་ཀུང་སི་གཉིས་བཅས་ཡོད་ལ། ཁྱོན་བསྡོམས་འདུས་སྡོད་མི་གྲངས་ཁྲི་གཉིས་ལྷག་ལ་སླེབས་པས་རྫོང་ཡོངས་ཀྱི་མི་གྲངས་ཀྱི་སུམ་ཆའི་གཅིག་ཙམ་ཟིན། མངག་གཏོང་ཁང་དེར་ཉེན་རྟོག་པ་བཅུ་གཅིག་ཡོད་ཅིང་། དེའི་ནང་དུ་སོའོ་ཀྲང་གཅིག་དང་སོའོ་ཀྲང་གཞོན་པ་གཅིག ཁྱིམ་ཐོ་དོ་དམ་ཉེན་རྟོག་པ་གཅིག ཁྱིམ་ལས་ཉེན་རྟོག་པ་གཅིག བདེ་སྐྱོང་ཉེན་རྟོག་པ་དྲུག་བཅས་ཡོད། ཁོ་ཚོས་རྣམ་ཀུན་ཏུ་ས་འདིའི་མང་ཚོགས་ཀྱི་བདེ་འཇགས་ཡིད་ལ་བཅངས་ཏེ་དབྱར་གྱི་ཚ་བ་དང་དགུན་གྱི་གྲང་ངར་ལ་མ་འཛེམས་པར་རང་རང་གི་ཕྲག་ཏུ་བབས་པའི་འོས་འགན་ལག་བསྟར་བྱེད་བཞིན་མཆིས།

བཅར་འདྲི་བྱས་པའི་བརྒྱུད་རིམ་ཁྲོད། མགོ་མང་གྲོང་རྡལ་ནི་འབྲོག་ལས་རྐྱང་རྐྱང་གི་གྲོང་རྡལ་ཞིག་ཡིན་པ་ཤེས་ལ། ཉེ་བའི་ལོ་འདི་དག་གི་རིང་ལ། སྲིད་གཞུང་གིས་རུ་བ་གཏན་སྡོད་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་སྲིད་འཛིན་སྡེ་བ་དྲུག་གྲོང་རྡལ་དུ་གནས་སྤར་ཡོད་ལ། རིག་གནས་ཆུ་ཚད་དང་ཁྲིམས་ལུགས་ཀྱི་འདུ་ཤེས་ལྟོས་བཅས་ཀྱིས་ཞན་པའི་མི་སྣ་མང་པོ་མཉམ་སྡོད་བྱས་ཡོད་སྟབས་བདེ་འཇགས་ཐད་ཀྱི་གྱོད་དོན་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད། ཐ་ན་ཉེས་དོན་ཐད་ཀྱི་གྱོད་དོན་ཆེན་པོའང་ཐེངས་འགར་བྱུང་མྱོང་། འོན་ཀྱང་། ས་གནས་མངག་གཏོང་ཁང་གིས་དཀའ་ཁག་ཁྱད་གསོད་ཀྱིས་བྱ་བ་སྣ་ཚོགས་ཧུར་ཐག་འབད་ཐག་གིས་བསྒྲུབས་པ་དང་། དུས་མཚུངས་སུ། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་དོ་དམ་གྱི་རྣམ་པར་ཤུགས་སྣོན་བྱས་པས་ས་གནས་ཀྱི་གྱོད་དོན་རིམ་གྱིས་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ། ཞིང་ཆེན་དང་ཁུལ་རིམ་པའི་སྤྱི་བདེ་ཅུས་ཀྱིས་སྔོན་ཐོན་མངག་གཏོང་ཁང་དུའང་བདམས་མྱོང་།

མགོ་མང་གྲོང་རྡལ་མངག་གཏོང་ཁང་གི་སའོ་ཀྲང་རྣམ་ཐར་ནི་ཀོས་ནན་རྫོང་སུམ་མདོ་རུ་སྐྱེས་པའི་ས་སྐྱེས་རྡོ་སྐྱེས་ཀྱི་ཀོས་ནན་པ་ཞིག་ཡིན་ལ། བལྟས་ཚོད་ཀྱིས་མིག་ལ་གྲུང་ཤ་དོད་ཅིང་རྣམ་རིག་ཅན་ཞིག་ཡིན་པ་ཤེས་ཐུབ། ཁོས་ལོ་མང་པོའི་རིང་དུ་ཉེན་རྟོག་གི་བྱ་བ་བསྒྲུབས་པས་དེའི་ཐད་དུ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། ཁོས་བཤད་རྒྱུར། ས་གནས་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཅུང་ཞན་པས་རྒྱུན་དུ་སྡེ་བ་སོ་སོར་སོང་ནས་བཅའ་ཁྲིམས་དྲིལ་སྒྲོག་བྱེད་རྒྱུ་དེ་ནི་ཧ་ཅང་འགངས་ཆེན་ཞིག་རེད། ཡིན་ནའང་ལོ་འདི་དག་རིང་དྲ་བ་ཤུགས་ཆེར་དར་ཞིང་། ལྷག་ཏུ་སྐད་འཕྲིན་སོགས་དེང་རབས་ཡོ་བྱད་རྣམ་པ་སྣ་ཚོགས་ཡོད་པས། སྔོན་ཆད་དང་བསྡུར་ན་བཅའ་ཁྲིམས་དྲིལ་སྒྲོག་སྟེགས་བུ་མང་པོ་ཡོད་པ་དེས་གཞི་རིམ་གྱི་ཉེན་རྟོག་བྱ་བར་ཕན་འབྲས་ཆེན་པོ་ཐོབ། ཁོས་དེ་ལྟར་བཤད་བཞིན་མངག་གཏོང་ཁང་གི་རྩིགས་ལྡེབས་སུ་སྦྱར་ཡོད་པའི་འདྲ་པར་དག་བསྟན་ནས་ཉེ་བའི་ལོ་འདི་འགའི་རིང་གི་བྱ་བའི་གནས་ཚུལ་དག་རེ་རེ་བཞིན་ངོ་སྤྲོད་བྱས།

སའོ་ཀྲང་རྣམ་ཐར་གྱི་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་དུ། རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་གླས་ཁང་ནང་དུ་ཁྲིམས་འགལ་ཉེས་གསོག་གི་གྱོད་དོན་འབྱུང་བཞིན་ཡོད་ཅིང་། ཁང་པ་གླ་གཏོང་ལ་ཡིབ་སྐུང་རང་བཞིན་ལྡན་པས་མངག་གཏོང་ཁང་གི་བདེ་འཇགས་དོ་དམ་བྱ་བའི་ཁྲོད་དུ་དཀའ་ཁག་ཆེན་པོར་འཕྲད་བཞིན་ཡོད། ཁང་བདག་གིས་མི་གཞན་ལ་ཁང་པ་གླ་གཏོང་བྱས་རྗེས་མངག་གཏོང་ཁང་སོགས་འབྲེལ་ཡོད་ལས་ཁུངས་སུ་སོང་ནས་སྙན་སེང་ཐོ་འགོད་བྱེད་པ་ནི་ཤིན་ཏུ་ཉུང་ལ། ཐ་ན་ཁང་པ་གླ་མཁན་གྱི་མི་ལ་རྒྱུས་ལོན་གཏན་ནས་མི་བྱེད་པའང་ཡོད་ངེས། མངག་གཏོང་ཁང་གི་ཁང་པ་གླ་གཏོང་བྱེད་པའི་འབྲེལ་ཡོད་ཡིག་ཚགས་སྒྲིག་བཟོ་དང་དོ་དམ་བྱ་བར་བར་ཆད་བཟོ་བཞིན་ཡོད་པས། གྱོད་དོན་ཞིག་བྱུང་ཚེ་གྱོད་དོན་གྱི་ཁུངས་སྣེ་འཚོལ་དཀའ་ཞིང་། སྒོས་སུ་ཁྲིམས་འགལ་བཟོ་མཁན་ལ་ཁྲིམས་འགལ་ཉེས་གསོག་གི་མཐུན་རྐྱེན་ཞིག་བསྐྲུན་འདུག གནད་དོན་དེར་དམིགས་ནས་མངག་གཏོང་ཁང་གི་ཉེན་རྟོག་པ་རྣམས་ཀྱིས་སྙིང་སྟོབས་ཆེན་པོས་བྱ་གཞག་གསར་སྤེལ་དང་དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་ཕྱིར་བཏོན་ནས། ད་ལོའི་ལོ་སྟོད་ནས་བཟུང་ཁོངས་གཏོགས་ས་ཆའི་ཁང་པ་གླ་གཏོང་བྱས་ཡོད་པ་རྣམས་ཐོ་འགོད་བྱས་ཏེ་ཡིག་ཚགས་གསར་སྒྲིག་བྱས་ཡོད་པ་རེད།

མགོ་མང་མངག་གཏོང་ཁང་གི་ཁོངས་གཏོགས་ས་ཁུལ་དུ་མི་གྲངས་ཁྲི་གཉིས་ལྷག་ཡོད་ལ། ཉེན་རྟོག་པ་རེ་རེ་ཡིས་ཆ་སྙོམས་ཀྱིས་མི་སྟོང་གཉིས་ལྷག་གི་བདེ་འཇགས་ཐད་ལ་དོ་དམ་བྱེད་དགོས་པས། ཁོངས་གཏོགས་ས་ཁུལ་དེའི་བདེ་སྐྱོང་བྱ་བ་རྙོག་འཛིང་ཆེ་ལ་བྱ་བའི་གནོན་ཤུགས་ཀྱང་ཤིན་ཏུ་ཆེ།

ཡིན་ནའང་། མགོ་མང་མངག་གཏོང་ཁང་གིས་ཀོས་ནན་རྫོང་སྤྱི་བདེ་ཅུའུ་ཏང་ཨུའི་འགོ་ཁྲིད་ཀྱི་ཡང་དག་པའི་སྣེ་ཁྲིད་ལ་བརྟེན་ནས། ཁོངས་གཏོགས་ས་ཆ་འདིའི་སྤྱི་ཚོགས་བདེ་འཇགས་བྱ་བར་ཕྱོགས་ཡོངས་ནས་འཆར་འགོད་དང་བྱེད་ཐབས་གསར་པ་གཏན་འཁེལ་བྱས་ཤིང་། སྤྱི་ཚོགས་བདེ་འཇགས་བྱ་བ་ཚད་མཐོན་པོའི་ངང་ཁག་ཐེག་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་།

སའོ་ཀྲང་རྣམ་ཐར་གྱིས་བྱ་བའི་གནས་ཚུལ་དག་ངོ་སྤྲོད་བྱས་རྗེས། ཧ་ཅང་གཟབ་ནན་ངང“ང་ཚོས་བསྒྲུབས་དང་སྒྲུབ་གྱིན་པའི་བྱ་བ་ཡོད་ཚད་ནི་ས་འདིའི་མང་ཚོགས་ཀྱི་བདེ་འཇགས་ཆེད་དུ་ཡིན་པས། ང་ཚོའི་བྱ་བར་འཐུས་ཤོར་གཏན་ནས་འབྱུང་མི་རུང”ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།