དབུལ་ཐར་བྱེད་པར་གཞན་ལ་བརྟེན་མི་རུང་བ་དང་ཕྱུག་འགྱུར་གཏོང་བར་སྒྱིད་ལུག་བྱེད་མི་རུང་།
2018.12.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 56

ཉིན་རེར་སྐྱ་རེངས་བཀྱགས་པ་ནས་ས་རུབ་པའི་བར་དུ་ཁོ་ལ་ཁོམ་ལོངས་ཅུང་ཙམ་ཡང་མེད་པར་ལས་ཀ་ལས་ནས་ཐང་ཆད་མོད། འོན་ཀྱང་ཁོ་ཚང་གི་འཚོ་བའི་ཆ་རྐྱེན་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་པས་ཁོའི་སེམས་ཁོངས་སུ་སྐྱིད་སྣང་གིས་ཁེངས་འདུག དེང་སྐབས་རིན་ཆེན་དོན་ཡོད་ཀྱིས་དབྱར་ཁའི་དུས་སུ་ཆུང་མ་དང་མཉམ་དུ་འབྲོག་ཁྱིམ་སྤྲོ་སྐྱིད་གླིང་གཉེར་བཞིན་ཡོད་ལ། དགུན་ཁའི་དུས་སུ་སྡེ་བའི་ནང་གི་ནོར་ལུག་གསོ་སྤེལ་སྐྱེལ་འདྲེན་ཚོང་བདག་ཞིག་དང་མཉམ་དུ་ནོར་ལུག་སྐྱེལ་འདྲེན་གྱི་ཚོང་ལས་གཉེར་བཞིན་ཡོད། ཁོ་ནི་སྔོན་ཆད་ལས་ཀ་ཅི་ཡང་མེད་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ནས་ད་ལྟ་ལས་ཀ་ལས་རྒྱུར་དགའ་བའི་ལས་གཉེར་མི་སྣ་གམ་ཡང་ན་ཁོམ་ལོངས་མེད་པའི་སྣེ་ཁྲིད་པ་ཞིག་ཏུ་གྱུར་སོང་།

ད་ལོར་ལོ་ན་སོ་གསུམ་ཡིན་པའི་རིན་ཆེན་དོན་ཡོད་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་མཁར་དམར་གྲོང་བརྡལ་མཁར་དམར་སྡེ་བའི་སྡེ་དམངས་དཀྱུས་མ་ཞིག་ཡིན། ལོ་འགའི་སྔོན་ལ།  རིན་ཆེན་དོན་ཡོད་ཚང་གི་འཚོ་བའི་ཆ་རྐྱེན་དེ་འདྲའི་བཟང་རྒྱུ་མེད་པ་དང་། དེའི་རྒྱུ་མཚན་ནི་ཁོ་ཚང་ལ་རྩྭ་ས་མེད་པའི་ཁར། ཁོ་ཚང་གི་བུ་དབང་བོ་སྐྱོན་ཅན་ཞིག་ཡིན་པས་བྱིས་པ་གཞན་དག་དང་འདྲ་བར་སློབ་གྲྭར་འགྲོ་བའི་སྐལ་བ་མ་ལྡན་པས། ཆུང་མས་ཁྱིམ་དུ་བྱིས་པར་བདག་སྐྱོང་བྱེད་པ་ལས་སྒོ་ཕྱི་རུ་སོང་ནས་ཞོར་ལས་གཉེར་པའི་གོ་སྐབས་གཏན་ནས་མེད་སྟབས།ཁྱིམ་ཚང་གང་བོའི་དཔལ་འབྱོར་གྱི་གནོན་ཤུགས་ཡོད་ཚད་རིན་ཆེན་དོན་ཡོད་གཅིག་པུའི་ཕྲག་སྟེང་དུ་བབས་ཡོད།

ཉིས་སྟོང་བཅུ་དྲུག་ལོར། མཁར་དམར་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་དང་སྡེ་སྡོད་དབུལ་སྐྱོར་བྱ་བའི་ཚན་ཆུང་གིས་རོགས་སྐྱོར་འོག  རིན་ཆེན་དོན་ཡོད་སྡེ་བའི་ནང་གི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་པ་དང་།  དང་ཐོག་སྲིད་གཞུང་གིས་ང་ཚོ་ལ་བདེ་འཇགས་སྡོད་ཁང་གི་གནད་དོན་ཐག་གཅོད་བྱས་པ་དང་། ང་རང་སྐྱེ་ཁམས་ལྟ་སྲུང་བའི་བྱ་བའི་ལས་རྐང་ཞིག་བཀོད་སྒྲིག་བྱས། དེའི་སྐབས་སུ་སྲིད་གཞིང་གིས་སྒོར་མོ་དང་དངོས་པོ་སྟེར་བས་འཚོ་བའང་སྟབས་བདེ་ཞིག་རོལ་ཐུབ་པས་ད་འགྲིག་འདུག་བསམ་ཡོད་པ་དང་། ཁ་སང་དེ་རིང་གི་འཚོ་བ་འདི་ལ་ཡིད་ཚིམས་ནས་འདུག་པ་ལས། རྗེས་ཕྱོགས་དང་མ་འོངས་པའི་འཚོ་བ་ལ་བསམ་བློ་སྤུ་ཙམ་ཡང་བཏང་མ་མྱོང་ཞེས་རིན་ཆེན་དོན་ཡོད་ཀྱིས་གདོང་ལ་འགྱོད་པའི་རྣམ་འགྱུར་ཞིག་ཤར་ནས་དེ་ལྟར་བཤད་བྱུང་།

སྡེ་སྡོད་དབུལ་སྐྱོར་བྱ་བའི་ཚན་ཆུང་ཐེངས་མང་པོར་སྡེ་བའི་ཁྱིམ་ཚང་རེ་རེར་སོང་སྟེ་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་ནས། རིན་ཆེན་དོན་ཡོད་ཀྱིས་རང་ཉིད་དབུལ་བོར་གྱུར་བའི་རྒྱུ་རྐྱེན་ཅི་ཞིག་ཡིན་པ་དང་འབྱོར་ཕྱུག་གི་ལམ་དུ་ཇི་ལྟར་བསྐྱོད་རྒྱུའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་འགོ་བརྩམས།  རིན་ཆེན་དོན་ཡོད་ཀྱི་ཁྱིམ་ཚང་དང་ངལ་རྩོལ་པའི་གནས་ཚུལ་ལ་དམིགས་ནས། སྡེ་སྡོད་དབུལ་སྐྱོར་བྱ་བའི་ཚན་ཆུང་གིས་ཁོ་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་གསར་བ་ཞིག་གཏན་འབེབ་བྱས་པ་དང་། སྲིད་གཞུང་གི་རོགས་སྐྱོར་ལ་སྒུག་པ་དང་། རོགས་སྐྱོར་སྲིད་ཇུས་ལ་བརྟེན་པ། གཞན་པའི་གནང་སྦྱིན་ལེན་པ་བཅས་ཀྱི་བསམ་བློ་རྩ་བ་ནས་བསྒྱུར་བཅོས་བྱས། དངུལ་རྩའི་དབུལ་སྐྱོར་སྲིད་ཇུས་ཀྱིས་འགན་སྲུང་དང་གྲོང་བརྡལ་ཏང་ཨུ་དང་གྲོང་བརྡལ་སྲིད་གཞུང་། སྡེ་དམངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཧུར་ཐག་གིས་མཐུན་སྦྱོར་དང་རོགས་རམ་བྱས་པ་བརྒྱུད། རིན་ཆེན་དོན་ཡོད་ཀྱིས་ཀྱང་ཐེངས་དང་པོར་དངུལ་བུན་ཆུང་བ་ཞིག་ལེན་པར་རེ་ཞུ་བྱེད་ཐུབ་སོང་བ་དང་། སྔོན་ཆད་ཀྱི་མཁར་དམར་གླ་སྡུད་ས་ཚིགས་ཀྱི་ཉེ་འགྲམ་དུ་བཟའ་བཏུང་དང་། སྡོད་ཁང་། རོལ་རྩེད་ཁང་། རོལ་མྱོང་སོགས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་འབྲོག་ཁྱིམ་སྤྲོ་སྐྱིད་གླིང་ཞིག་གསར་དུ་བཙུགས་པ་དང་། དུས་དེ་ནས་བཟུང་ཁོ་ཚང་གི་འཚོ་བ་ལའང་འགྱུར་ལྡོག་འབྱུང་འགོ་བརྩམས་པ་རེད།

ད་སྐབས།  རིན་ཆེན་དོན་ཡོད་ཀྱིས་དབྱར་ཁར་འབྲོག་ཁྱིམ་སྤྲོ་སྐྱིད་གླིང་གཉེར་ནས་ཡོང་སྒོ་བཙལ་བ་དང་། དགུན་ཁར་སྡེ་བའི་ནང་གི་ནོར་ལུག་གསོ་སྤེལ་སྐྱེལ་འདྲེན་ཚོང་བདག་ཞིག་དང་མཉམ་དུ་ནོར་ལུག་སྐྱེལ་འདྲེན་གྱི་ཚོང་ལས་གཉེར་བཞིན་ཡོད། རིན་ཆེན་དོན་ཡོད་ཀྱིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་སྔོན་ཆད་ཀྱི་འཚོ་བ་རོལ་ཐབས་ཀྱི་རྣམ་པ་བསྒྱུར་བ་དང་།འཚོ་བའི་ཆ་རྐྱེན་ཡང་ཉིན་རེ་ནས་ཉིན་རེར་ཇེ་ལེགས་སུ་འགྲོ་བཞིན་ཡོད། ཉིས་སྟོང་བཅུ་བདུན་ལོར། རིན་ཆེན་དོན་ཡོད་ཚང་གི་འབྲོག་ཁྱིམ་སྤྲོ་སྐྱིད་གླིང་གི་ཡོང་འབབ་སྒོར་ཁྲི་བདུན་ལྷག་ལ་སླེབས་པ་དང་། ཕྱུགས་ཟོག་གསོ་སྤེལ་སྐྱེལ་འདྲེན་གྱི་ཡོང་འབབ་སྒོར་ཁྲི་ལྔ་ལ་བསླེབས་ཡོད་པས། རིན་ཆེན་དོན་ཡོད་ཚང་གི་ཁྱིམ་དུ་སྤྲོ་དགས་ཁེངས་ཤིང་རིམ་བཞིན་ཕྱུག་འགྱུར་གྱི་ལམ་དུ་ཆས་མོད། རིན་ཆེན་དོན་ཡོད་ཀྱིས་ཐབས་ཆག་དབུལ་ཕོངས་ཀྱི་འཚོ་བའི་དཀའ་སྡུག་ད་དུང་བརྗེད་མེད། ཁོའི་ཉེ་འཁོར་དུ་སྔོན་ཆད་ཁོ་དང་འདྲ་བའི་དབུལ་ཕོངས་དང་དཀའ་ཁག་ཆེ་བའི་ཁྱིམ་ཚང་གང་མང་ཡོད་པ་རྟོགས་ནས། ཁོས་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་དེ་དག་ལ་རོགས་རམ་བྱེད་དགོས་པར་སྙམ་སྟེ། ཁོ་ཚོར་སྣེ་ཁྲིད་བྱས་ནས་མཉམ་དུ་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་འགོ་བརྩམས།   “ ང་ཚོ་རང་ཉིད་ལ་རྐང་ལག་ཡོད་པས། རང་ཉིད་ཀྱིས་འབད་བརྩོན་ལྷོད་མེད་བྱས་ནས་གཞུང་རྒྱུད་དྲང་བ་དང་བདེན་དོན་ལ་ཁ་ཕྱོགས་ཐུབ་ན་ང་ཚོ་སུ་ཡིན་རུང་སྒོར་མོ་བཙལ་ཐུབ་ལ། དབུལ་ཕོངས་ལས་ཐར་མི་ཐུབ་པ་གཅིག་ཀྱང་མེད། ”ཞེས་རིན་ཆེན་དོན་ཡོད་ཀྱིས་རང་གི་མྱོང་ཚོར་དང་བཅས་ཏེ་དེ་ལྟར་བཤད།

ཉེ་ལམ་ཁོས་སྡེ་མི་རྡོ་ཚེ་རིང་དང་། འབྲུག་དཀར། ཧྲང་ཡི་བཅས་དབུལ་ཕོངས་ཁྱིམ་ཚང་མང་པོ་ཕྱུག་འགྱུར་གྱི་ལམ་སྣེར་ཁྲིད་པ་དང་།  རང་ཉིད་ཀྱིས་འགན་འཁུར་ཡོད་པའི་སྐྱེ་ཁམས་ལྟ་སྲུང་གི་ལས་རྐང་དེའང་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་གཞན་དག་ལ་སྤྲད་པ་རེད། ནན་ཏན་ཡིན་ལ་བརྩོན་འགྲུས་ཆེ་བའི་རིན་ཆེན་དོན་ཡོད་ཀྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འཚོ་བའི་ཆ་རྐྱེན་ཇེ་རྒྱས་ཇེ་ལེགས་སུ་བཏང་བར་མ་ཟད། སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་དག་དབུལ་ཕོངས་ལས་ཐར་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱས་པས་འཚོ་བའང་སྐྱིད་པོ་རོལ་ཐུབ་སོང་བ་རེད། དབུལ་བོ་ལས་ཐར་དགོས་ན་སྒུག་པ་དང་བརྟེན་པ། ལེན་པ་གསུམ་བྱེད་མི་རུང་ལ། འབྱོར་ཕྱུག་གི་ལམ་དུ་བསྐྱོད་ན་སྒྱིད་ལུག་གཏན་ནས་བྱེད་མི་རུང་།མི་ལ་སེམས་ཤུགས་དང་སྙིང་སྟོབས་ཡོད་ན་ཆེས་དཀའ་སྡུག་གི་འཚོ་བར་འཕྲད་ནའང་དེ་ནི་འདས་སོང་གི་ལོ་ཟླར་གྱུར་འགྲོ་ཞེས་རིན་ཆེན་དོན་ཡོད་ཀྱིས་དུས་རྒྱུན་དུ་ཡུལ་མི་ཚོར་སྐད་ཆ་འདི་བཤད་ཀྱིན་ཡོད་ལ། ཁོའི་བབ་ཆགས་ཀྱི་སྐད་ཆའི་ནང་དུ་ཁོ་རང་གི་མི་ཚེ་ཧྲིལ་བོའི་བློ་གྲོས་འདུས་ཡོད། ཉིས་སྟོང་བཅུ་བདུན་ལོའི་ལོ་འཇུག་ཏུ་མཁར་དམར་སྡེ་བས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེས་འདེམས་བསྐོའི་ཁྲོད་རིན་ཆེན་དོན་ཡོད་ཀྱིས་བརྩེ་སེམས་དང་གཞན་ལ་རོགས་རམ་བྱ་རྒྱུར་དགའ་བའི་གཤིས་རྒྱུད་བཟང་པོ་དེར་རྒྱ་ཆེའི་སྡེ་མི་རྣམས་ཀྱིས་ཁས་ལེན་དང་རྒྱབ་སྐྱོར་ཐོབ་ལ། འདེམས་ཤོག་ཆེས་མང་པོ་ཐོབ་པའི་དབང་གིས་ཁོ་རང་མཁར་དམར་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བསྐོ་འཇོག་བྱས་པས། མ་འོངས་པའི་འཚོ་བའི་ནང་དུ་སྡེ་དཔོན་རིན་ཆེན་དོན་ཡོད་ཀྱིས་སྣེ་ཁྲིད་འོག་སྡེ་བ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཀྱང་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་ཡིད་ཆེས་བརྟན་པོ་ཡོད།
                                                                                                                          ལོ་ཙཱ་བ།  སྐར་མ་མཚོ།