སྡེར་ནང་ས་བྲིས་ཀྱི་སྒྱུ་རྩལ་ནོར་བུའི་གཟི་འོད་མགོ་ལོག་རྩྭ་ཐང་དུ་འཚེར་བ།
2018.12.17 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 93

ད་ལོའི་ཟླ་བརྒྱད་པར། མགོ་ལོག་དར་ལག་རྫོང་གི་གླིང་དཀར་རྟ་རྒྱུག་ར་བ་རུ། ལོ་རེ་རེར་འཚོགས་པའི་དར་ལག་རྫོང་གི་རྟ་རྒྱུག་འགྲན་ཚོགས་དངོས་སུ་སྤེལ་བཞིན་འདུག

འདུ་འགོད་ཀྱི་ཡོ་ལང་རྣམ་པར་རྒྱས་པའི་རྟ་རྒྱུག་ར་བའི་འགྲམ་ཟུར་ཞིག་ཏུ། ནོར་གནག་གི་རྩིད་པས་བཏགས་པའི་སྦྲ་གུར་ཆེན་པོ་ཞིག་ཏུ་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་འབྲི་བྱེད་ཀྱི་མཁོ་ཆས་མང་པོ་གསལ་ལེར་བཤམས་འདུག་ལ། དེ་མིན་སྨྱུ་གུ་བཟོ་བྱེད་དང་སྣག་ཚ། འབྲི་ཤོག་སོགས་གང་ལ་ཅི་མཁོའི་ཡོ་བྱད་ཀྱི་མ་བཅོས་རྒྱུ་ཆ་ཡང་མང་པོ་ཞིག་བཀྲམ་ཡོད་པ་མཐོང་བྱུང་།

བསྟན་པའི་རྒྱལ་མཚན་དང་ཁོང་གི་དགེ་ཕྲུག་ཚོས་ལག་ཏུ་སྨྱུ་གུ་བཟུང་ནས་རང་ཡུལ་གྱི་ཁྱད་ཆོས་ལྡན་པའི་སྡེར་ནང་གི་ཡིག་གཟུགས་ནན་ནན་ཏིག་ཏིག་གིས་ཤར་ཤར་དུ་འབྲི་བཞིན་མཆིས།

བསྟན་པའི་རྒྱལ་མཚན་ནི་དར་ལག་རྫོང་གི་སྡེར་ནང་ས་བྲིས་བོད་ཀྱི་རིག་གནས་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་ཡིན་ལ། དར་ལག་རྫོང་གི་སྡེར་ནང་ས་བྲིས་ཡིག་གཟུགས་ཀྱི་ཁྱབ་སྤེལ་གཏོང་མཁན་གཙོ་བོའང་རེད། ཐེངས་འདིར་ཁོང་དང་དགེ་ཕྲུག་ཚོ་རྟ་རྒྱུག་འགྲན་ཚོགས་ཀྱི་སྟེང་ལ་དངོས་སུ་ཡོང་བའི་དམིགས་ཡུལ་ནི་ས་ཕྱོགས་ཡར་མར་ནས་ཕེབས་པའི་མང་ཚོགས་སྔར་ལས་མང་པོར་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་དྲིལ་སྒྲོག་དང་རྒྱུས་ལོན་བྱེད་དུ་འཇུག་པའི་ཆེད་ཡིན་པ་ཤེས།

ལྷ་སྨྱུག་ཇི་ལྟར་བྱུང་བའི་ངག་རྒྱུན་གཏམ་རྒྱུད།

དར་ལག་རྫོང་ནི་གེ་སར་རིག་གནས་འབྱུང་ཡུལ་གྱི་ལྟེ་གནས་ས་ཁོངས་ཡིན་ལ། གནས་དེ་རུ་རྣ་བར་སྙན་ཞིང་ངོ་མཚར་ལྐོག་གྱུར་གྱི་ངག་རྒྱུན་དང་གཏམ་རྒྱུད་མང་པོ་གང་སར་ཁྱབ་ཡོད། སྡེར་ནང་ཞང་ནི་དར་ལག་རྫོང་གི་ཤར་ཕྱོགས་སུ་གནས་ཡོད་པ་དང་། ཕྱུགས་ལས་གཙོ་བོར་གཉེར་བའི་བོད་རིགས་ཞང་ཞིག་ཡིན། གནས་དེ་རུ་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་བྲིས་རྒྱུན་ཇི་ལྟར་བྱུང་ཚུལ་གྱི་ངག་རྒྱུན་ཐད་ལ། ས་དེའི་སྐྱེ་བོ་ཕལ་ཆེར་ཞིག་གི་རྣ་ལ་འཇགས་ཤིང་ངག་ལ་འདྲ་མིན་གྱི་གཏམ་རྒྱུད་གསལ་པོ་རེ་བཤད་རྒྱུ་མཆིས།

ངག་རྒྱུན་ཞིག་ལ། སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་འདི་སྤྱི་ལོ་དུས་རབས་བརྒྱད་པའི་ནང་ཐུ་བྷོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་བྱུང་བར་རྟེན་འབྲེལ་གྱི་མགོ་དེ་ནས་འགྲིག་པ་ཡིན་ཟེར། སྐབས་དེར་མཚན་མིང་ལ་བེེ་རོ་ཙ་ན་ཟེར་བའི་ལོ་ཙཱ་བ་དང་ཡིག་མཁན་མཁས་པ་ཞིག་བྱོན་པར། བཙན་པོས་བཀའ་བསྒོས་ནས་ཁམས་ཀྱི་ས་ཆར་དམ་པའི་ཆོས་སྤེལ་དུ་བཏང་། ལོ་ཆེན་བེེ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་ནས་ཡར་ཕེབས་སྐབས། ལམ་བར་དུ་དར་ལག་རྫོང་གི་སྡེར་ནང་ས་ཁུལ་བརྒྱུད་ནས་འགྲོ་བའི་ཚེ། སྤྲིན་སྨུག་ལང་ལོང་འཐིབས་པའི་ཁྲོད་བརྗིད་ཆགས་འགྱིང་ངེར་ལངས་པའི་དར་ལག་རྫོང་གི་མཛེས་སྡུག་ལྡན་པའི་རི་བོ་དང་རྨ་ཀླུང་དལ་འབབ་རིང་མོའི་སྒེག་ཉམས་མཐོང་བའི་མོད་ལ་ཁོང་གི་ཡིད་དབང་ཅིག་ཅར་འཕྲོག་སྟེ། སེམས་ཀྱི་དགའ་སྤྲོའི་རླབས་ཕྲེང་འགོག་མེད་དུ་འཕྱུར་བ་དང་ཆབས་ཅིག་ཕྱག་གི་བྲིས་སྨྱུག་ནམ་མཁར་འཕངས་ཏེ་སྨོན་ལམ་བཏབ་ཅིང་། མ་འོངས་པར་སྨྱུ་གུ་འདི་སུ་དང་འཕྲད་ན། དེས་བདག་གི་བྲིས་རྒྱུན་རྩོལ་མེད་དུ་ཤེས་པར་ཤོག་ཅེས་ཐུགས་སྨོན་མཛད་མྱོང་། ཡིག་གཟུགས་ཀྱི་བྲིས་རྒྱུན་འདི་དེ་ལྟར་མུ་མཐུད་དུ་རྒྱུན་འཛིན་བྱས་ནས་ཡོང་ལ། དེ་ནས་དར་ལག་རྫོང་གི་སྡེར་ནང་ས་ཁུལ་དུ་ཡིག་གཟུགས་ཀྱི་བྲིས་རྒྱུན་འདི་དར་བའི་རྟེན་འབྲེལ་གྱི་མགོ་འགྲིག་པ་རེད། དེ་ནས་དུས་རབས་བཅོ་བརྒྱད་པར་བསླེབས་པ་ན། ས་ངན་བསྟན་འཛིན་ཞེས་པའི་ཕྱག་ཏུ་ལྟས་མཚན་བཟང་པོ་དང་བཅས་བེེ་རོ་ཙ་ནའི་ལྷ་སྨྱུག་ཁྱད་པར་བ་དེ་ཐོག་དང་པོར་འབྱོར་ནས་འཕྲིན་ལས་ཁྱད་པར་ཅན་གྱི་དབུ་མེད་གཟབ་མའི་བྲིས་ཚུགས་བྱུང་བས་མིང་ཡང་ས་བྲིས་སུ་ཐོགས། བསྟན་པའི་རྒྱལ་མཚན་གྱིས་གསར་འགོད་པར་བཤད་རྒྱུར།“སྔོན་ཆད་ས་ངན་བསྟན་འཛིན་གྱིས་ལོ་ཆེན་བེེ་རོ་ཙ་ནའི་བྲིས་རྒྱུན་སྡེར་ནང་རྩྭ་ཐང་དུ་དར་ཡོད་པའི་ཡིག་གཟུགས་དེ་དང་སི་ཁྲོན་སྡེ་དགེའི་ཡིག་གཟུགས་གཉིས་ལེགས་པར་སྦྱངས་པའི་རྨང་གཞིའི་སྟེང་། རང་གི་ཐུན་མོང་མ་ཡིན་པའི་འབྲི་སྲོལ་ཞིག་གསར་དུ་བཏོད་ནས་རང་ལུགས་ཁྱད་པར་བ་རྒྱུན་འཛིན་བྱས་པ་དེ་ལ་ས་ངན་བསྟན་འཛིན་གྱི་ཡིག་གཟུགས་བྲིས་རྒྱུན་ཟེར་བ་དང་། དེའི་མིང་སྣ་བསྡུས་པས་ཀུན་གྱིས་དེ་ལ་ས་བྲིས་ཞེས་འབོད་པ་རེད”ཅེས་སྨྲས།

ས་ངན་བསྟན་འཛིན་གྱི་ཤུགས་རྐྱེན་བཟང་པོ་ཐེབས་པའི་འོག་ཏུ། སྡེར་ནང་ས་ཁུལ་གྱི་མི་ཧ་ཅང་མང་པོ་ཞིག་གིས་ཁོང་ཉིད་མུ་མཐུད་དུ་དགེ་རྒན་ལ་བསྟེན་ནས་ཡིག་གཟུགས་སློབ་སྦྱོང་བྱས་པས། སྡེར་ནང་ས་ཁུལ་ཡང་ས་བྲིས་ཀྱི་ཕྱག་རྒྱུན་གཙོ་བོར་དར་བའི་ཡུལ་ཁོངས་སུ་གྱུར་སོང་བ་རེད། དེའི་རྗེས་ནས། མི་རྣམས་ཀྱིས་ཡིག་གཟུགས་བྲིས་རྒྱུན་འདི་དང་བྲིས་གཟུགས་ཐུན་མོང་མ་ཡིན་པ་འདིའི་སྣག་ཤོག་སྨྱུག་གསུམ་ཚད་ལྡན་བཟོ་བའི་ལག་ཤེས་བཟོ་རྩལ་ལ་རྩོད་མེད་འཐད་ལྡན་དུ“སྡེར་ནང་ས་བྲིས”ཞེས་མིང་བཏགས།

ས་ངན་བསྟན་འཛིན་གྱིས་གསར་གཏོད་གནང་བའི་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་བྲིས་རྒྱུན་འདི་བྱུང་བ་ནས་བཟུང་། སྔ་གཞུག་ཏུ་རྒྱུན་འཛིན་མི་རབས་བརྒྱད་ཙམ་གྱིས་ཧུར་བརྩོན་བྱས་པ་བརྒྱུད་ནས། ད་གཟོད་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་བྲིས་རྒྱུན་འདི་མགོ་ལོག་དར་ལག་ཡུལ་གྱི་སྡེར་ནང་རྩྭ་ཐང་དུ་ཆ་ལག་མ་ཉམས་པར་ཡོངས་སུ་སྤེལ་ནས་ཕལ་ཆེར་མི་ལོ་བརྒྱ་ཕྲག་གཉིས་ཀྱི་རིང་ལ་བྲིས་མཁན་གོང་མ་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་མཚར་སྡུག་འོད་སྟོང་ཆེམ་ཆེམ་འཕྲོ་ཐུབ་པ་བྱུང་།

ཐུན་མོང་མ་ཡིན་པའི་ཁྱད་མཚར་སྣག་ཤོག་སྨྱུ་གུ་བཟོ་རྩལ།

བསྟན་པའི་རྒྱལ་མཚན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་བྲིས་རྒྱུན་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལམ་བུ་དཀའ་ཚེགས་ཆེ་ཞིང་ཀྱག་ཀྱོག་གི་འགལ་རྐྱེན་བར་ཆད་མང་པོ་བརྒྱུད་མྱོང་། སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་བྲིས་རྒྱུན་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བརྒྱུད་འཛིན་གྱི་བླང་བྱའི་ཐད་ནས། སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་བྲིས་མཁན་རེ་རེ་ནས་ཐུན་མོང་མ་ཡིན་པའི་ཁྱད་མཚར་ཡིག་གཟུགས་འདི་ཉིད་ཀྱི་འབྲི་སྟངས་ལེགས་པར་སློབ་དགོས་པར་མ་ཟད། ད་དུང་ཡིག་གཟུགས་འབྲི་བྱེད་ལ་མཁོ་བའི་ཡོ་ཆས་སྣག་ཤོག་སྨྱུག་གསུམ་གྱི་བཟོ་རྩལ་ཡང་བྱང་ཆུབ་པར་སློབ་དགོས་པ་ཡིན།

བསྟན་པའི་རྒྱལ་མཚན་གྱིས་ད་དུང་འདི་ལྟར་ངོ་སྤྲོད་བྱས་པ་སྟེ། སྨྱུ་གུ་བཟོ་བྱེད་ཀྱི་སྨྱུག་མའི་རྒྱུ་ཆ་ལ་ཧ་ཅང་གིས་དོ་སྣང་བྱེད་དགོས། སྤྱིར་བཏང་ཡིན་ན་རི་ནས་སྐྱེས་པའི་སྨྱུག་མ་བཀོལ་དགོས་པས། ཐོག་མར་པགས་ཤ་སྲ་ཞིང་སྨྱུག་རྒྱུ་ལེགས་པ་དང་ཆུ་རྔུབ་ཀྱི་ནུས་པ་བཟང་བའི་སྨྱུག་ལེབ་ཚིགས་ཅན་སྐམ་པོ་འཚོལ་དགོས། མགོ་ལོག་ལྟ་བུའི་སྨྱུག་མའི་ཐོན་ཁུངས་མེད་པའི་ས་ཆ་ཞིག་ལ་མཚོན་ན་རྒྱུ་སྤུས་བཟང་བའི་སྨྱུག་མ་ལོན་རྒྱུ་ནི་ཧ་ཅང་ལས་ཁག་པོ་ཞིག་ཅི་ལ་མིན། སྨྱུག་མ་བཟང་པོ་ཞིག་ལོན་པའི་ཆེད་དུ་སྐབས་འགར་བྲིས་མཁན་རང་ཉིད་སི་ཁྲོན་སོགས་ཀྱི་ས་ཆར་བསྐྱོད་ནས་བླང་བྱ་དང་མཐུན་པའི་སྨྱུག་མ་འཚོལ་དགོས།

རེའུ་ལྕག་གི་རྩ་བ་ནི་བོད་ཤོག་གི་རྒྱུ་ཆ་གཙོ་བོ་ཡིན།

བཏུས་འོངས་པའི་སྨྱུག་མ་ལ་ལས་སྣོན་རགས་རིམ་སྟབས་བདེ་ཞིག་བྱས་པའི་རྗེས་སུ། འབྲི་སྨྱུག་གི་དབྱིབས་སུ་བཅོས་ནས་རྟ་ལྷས་སུ་རྟ་སྦངས་ཀྱི་ནང་དུ་ཟླ་འགའ་ལ་བསྙལ་རྗེས་སྨྱུ་གུ་དེ་དག་བླངས་ནས་ཉི་མར་བསྐམས་པ་དང་། དེ་ནས་ནོར་ལྕི་དང་ལུག་གི་རིལ་མ་སྦར་བའི་མེ་ཤུགས་བཙན་ལྷོད་རན་པའི་ནང་སྨྱུ་གུ་བཙོ་བསྲེགས་བྱེད་དགོས་པ་ཡིན། དེའི་སྐབས་སུ། ད་དུང་སྨྱུག་མའི་སྟེང་ལ་གཡག་སར་གྱི་རྐང་དང་འབྲི་མར་སོ་མ་བྱུགས་ནས་བཙོ་དགོས་ཤིང་། སྨྱུག་མ་འཇམ་པོ་འོད་མདངས་ལྡན་པ་ཞིག་ཡོང་བར་བྱེད་དགོས། མཇུག་མཐར་གཏུབ་གཞོག་བརྐོ་གསུམ་གྱི་ལས་རིམ་མང་པོ་བརྒྱུད་ནས་ཞིབ་བཟོ་བྱས་རྗེས། འབྲི་བྱེད་སྨྱུ་གུ་ངོ་མ་ཞིག་བཟོས་ཚར་སོང་བ་ཡིན་པར་བརྩིས་ཆོག

བསྟན་པའི་རྒྱལ་མཚན་གྱི་སྦྲ་གུར་འགྲམ་དུ། སྐམ་རྙིད་དུ་གྱུར་ཟིན་པའི་རྩི་ཤིང་གི་རྩ་ཐག་ཕོན་པོ་འགའ་བཞག་འདུག བསྟན་པའི་རྒྱལ་མཚན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། རྩི་ཤིང་གི་རྩ་ཐག་འདི་ཚོ་ནི་བོད་ཤོག་བཟོ་བྱེད་ཀྱི་རྒྱུ་ཆ་གཙོ་བོ་ཡིན་ཟེར། རྩི་ཤིང་གི་རྩ་ཐག་འདི་རྣམས་མེ་ཏོག་ཕོན་པོར་སྐྱེས་པའི་ར་མ་རེའུ་ལྕག་གི་དུག་རྩྭ་ཡིན་པ་རེད། རེའུ་ལྕག་མེ་ཏོག་ནི་སྨན་ཡང་ཡིན་ལ་དུག་ཀྱང་རེད། མིང་གཞན་དུ་ར་དུག་རེ་ལྕག་དང་བོང་དུག་ནག་པོ་ཡང་ཟེར། བོད་རིགས་མི་དམངས་རྣམས་ཀྱིས་རེའུ་ལྕག་མེ་ཏོག་གི་ཁྱད་ཆོས་དང་ནུས་པ་འདི་ཉིད་གང་ལེགས་ཀྱིས་བེད་སྤྱོད་བྱས་ནས་བོད་ཤོག་བཟོས་པ་རེད། “བཏུས་ཡོང་བའི་ཤོག་བུ་ལས་བྱེད་ཀྱི་རྩྭ་ལྡུམ་སྟེ་རེའུ་ལྕག་མེ་ཏོག་གི་རྩ་ཐག་འདི་ལ་གཙབ་གཏུབ་བཙོ་བརྡར་སོགས་ཀྱི་ལག་རྩལ་ལས་སྣོན་བྱས་པ་བརྒྱུད་འབྲི་བྱེད་ཤོག་བུ་བཟོས་ཆོག་པ་ཡིན། རེའུ་ལྕག་མེ་ཏོག་གི་རྩ་ཐག་འདི་བཀོལ་ནས་བཟོས་པའི་ཤོག་བུ་ལ་དུག་ཡོད་པའི་རྐྱེན་གྱིས། འབུ་དང་ཙི་གུས་ཟ་བར་སྐྲག་མི་དགོས་ཤིང་ཡུན་རིང་རུལ་མི་ཐུབ་པས། ལོ་ཟླ་མང་པོ་འགོར་ཡང་ད་དུང་སྔར་བཞིན་འཐུས་ཤོར་མེད་པར་ཉར་ཚགས་ལེགས་པོ་བྱེད་ནུས་ཕྱིར། འདི་ཡང་བོད་ཡིག་གི་བསྟན་བཅོས་གླེགས་བམ་ཤིན་ཏུ་མང་པོ་ལོ་ངོ་སྟོང་ཕྲག་གི་རིང་ལ་ཉར་ཚགས་གནས་ཐབས་བྱེད་ཐུབ་པའི་རྒྱུ་རྐྱེན་ཞིག་ཅི་ལ་མིན”ཞེས་བསྟན་པའི་རྒྱལ་མཚན་གྱིས་དེ་ལྟར་བཤད།

སྣག་ཚ་བཟང་པོ་ནི་བྲིས་ལེགས་པར་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པས། སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་འབྲི་ན་སྣག་ཚ་ཡང་ངེས་པར་མེད་དུ་མི་རུང་བའི་མཁོ་རྫས་ཤིག་ཡིན། ཁོ་ཚོས་སྤྱོད་པའི་སྣག་ཚ་འདིའི་རིགས་ནི་གཞན་དང་མི་འདྲ་བའི་སྣག་ཚ་ཁྱད་པར་བ་ཞིག་ཡིན། ད་ལྟ་ཅུང་ཟད་རྒྱུན་མཐོང་ཡིན་པའི་སྣག་ཚ་ནི་རྫ་ཁོག་སོགས་ཀྱི་སྣོད་ཆས་ནང་གཏེར་རྡོ་དང་སྣུམ་ཚིལ་འདྲེས་པའི་སྐྱེ་དངོས་བཙོ་བསྲེགས་བྱེད་པའི་དུད་དྲེག་བྲད་ནས་ལེན་པ་དང་ཞིབ་བརྡར་འདུལ་སྦྱོང་བྱས་པའི་ཐོག་གླ་རྩི་དང་ག་བུར་སོགས་རང་བྱུང་གི་རྒྱུ་རྫས་འགའ་རེ་སྡེབ་སྦྱོར་འོས་འཚམ་བྱས་ནས་བཟོས་པ་ཡིན་པས།“སྣག་ཚ་འདིའི་རིགས་ལ་སྣག་མདངས་གསལ་བ་དང་། དམ་ཁ་ཆེ་བ། ཉར་ཡུན་རིང་བ། ཆུ་ཆར་གྱིས་སྐྱོན་མི་ཚུགས་པ། མདོག་མི་ཡལ་བའི་དགེ་མཚན་ཁྱད་ཆོས་ལྡན”ཞེས་བསྟན་པའི་རྒྱལ་མཚན་གྱིས་དེ་ལྟར་ངོ་སྤྲོད་རགས་པ་ཞིག་བྱས།

རུ་བ་སྤོ་བའི་འབྲོག་པའི་རིག་གནས་ཀྱི་མཚོན་སྟངས།

བསྟན་པའི་རྒྱལ་མཚན་དང་ཁོང་གི་དགེ་ཕྲུག་ཚོས་བྲིས་པའི་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་ལ་ཞིབ་ཏུ་བལྟས་པ་ན། ཁྱོད་ཀྱིས་རང་ཤུགས་ངང་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་དང་རྒྱ་ཡིག་གི་ཡིག་གཟུགས་འབྲི་སྟངས་ཀྱི་ཁྱད་པར་ཅི་འདྲ་ཡིན་པ་གསལ་པོ་ཤེས་ཐུབ། ཕན་ཚུན་བསྡུར་བ་བྱས་ནས་ཅིག་བལྟས་ན། སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་འབྲི་བའི་ཁོར་ཡུག་གི་རེ་འདུན་བླང་བྱ་བལྟོས་བཅས་ཀྱིས་ཅུང་ཟད་དམའ་བ་རེད།

བསྟན་པའི་རྒྱལ་མཚན་གྱིས་བཤད་རྒྱུར། “གལ་ཏེ་ཡི་གེའི་འབྲི་གདན་ཅུང་ཟད་སྲ་མོ་བཀན་མོ་ཞིག་དང་། སྣག་ཤོག་སྨྱུག་གསུམ་སྣག་བུམ་བཅས་པ་ལེགས་པར་འཛོམས་པ་ཡིན་ན། མི་རྣམས་ཀྱིས་ས་དེར་ཐང་ལ་བསྡད་ནས་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་ཐད་ཀར་ཤར་ཤར་དུ་འབྲི་ཆོག་ཆོག་ཡིན། བོད་རིགས་ནི་རུ་བ་སྤོ་བའི་ཕྱུགས་ལས་གཉེར་མཁན་གྱི་མི་རིགས་ཤིག་ཡིན་པས། མི་རྣམས་རྩྭ་ཆུ་བསྙེགས་ནས་འཚོ་སྡོད་བྱེད་ཀྱིན་ཡོད་ལ། རྒྱུན་དུ་གནས་གཅིག་ནས་མི་འདུག་པར་སྤོར་སྐྱོད་བྱེད་པ་ཡིན་པས། སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་འབྲི་བྱེད་ཀྱི་མཁོ་རྫས་ནི་ཁྱེར་ན་སྟབས་བདེ་དང་བྲིས་ན་སྟབས་བདེ་ཡིན་པ་ཞིག་ཡིན་དགོས། འདི་ནི་རུ་བ་སྤོ་བའི་འབྲོག་པའི་རིག་གནས་ཀྱི་མཚོན་སྟངས”རྨ་མེད་པ་ཞིག་རེད།

“སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་འདི་ཆེས་ཐོག་མའི་སྐབས་སུ་གཙོ་བོ་ཞལ་འདོན་ཆོས་དཔེ་དང་གསུང་རབ་བསྟན་བཅོས་འབྲི་བྱེད་ཡིན་པས། ཡིག་གཟུགས་འབྲི་བ་ལ་ལུགས་སྲོལ་སྒྲིག་ལམ་ངེས་ཅན་ཞིག་ཡོད། སྔར་དང་མི་འདྲ་བའི་ཡིག་གཟུགས་སྣ་ཚོགས་གསར་གཏོད་བྱས་ཆོག་པ་ཡིན་མོད། འོན་ཀྱང་རང་ཉིད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ལྡན་འདུག་ཕྱིར། སྤྱི་ཁོག་གི་བླང་བྱ་དང་རེ་བ་ཡིན་ན་སྔར་བཞིན་དུ་འགྱུར་ལྡོག་ཆེན་པོ་ཡོད་མི་ཆོག་པ་རེད”ཅེས་བསྟན་པའི་རྒྱལ་མཚན་གྱིས་གསར་འགོད་པར་དེ་ལྟར་སྨྲས་བྱུང་། དེའི་རྐྱེན་གྱིས། སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་བརྩམས་ཆོས་ཧ་ཅང་མང་པོ་ཞིག་དཔར་ཁང་གིས་དཔར་བའི་ཡིག་གཟུགས་དང་ཤིན་ཏུ་འདྲ་ཞིང་། ཡིག་གཟུགས་གྲལ་དག་ཚད་ལྡན་ཡིན་ལ། བལྟས་ན་ཡག་པོ་མིག་དབང་འཕྲོག་པ་ཞིག་རེད།

སྡེར་ནང་ས་བྲིས་ཀྱི་འབྲི་སྟངས་དེ་དེང་རབས་རྩིས་འཁོར་བོད་ཡིག་གན་མཛོད་དུ་བཅུག་པ།

སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་སྒྱུ་རྩལ་འདིའི་རིགས་ཚད་ལྡན་ཞིག་སློབ་སྦྱོང་བྱེད་དགོས་ན། ངེས་པར་དུ་རྩ་བའི་གནད་འགག་དང་འབྲི་སྟངས་བྱང་ཆུབ་པ་ཞིག་ངེས་ནས་ཁོང་དུ་ཆུད་པར་བྱེད་དགོས་ལ། རང་ཉིད་ཀྱིས་ཤོག་སྨྱུག་བཟོ་བ་དང་སྨྱུ་གུ་བཀོལ་བར་ཐོགས་པ་མེད་ཅིང་། ཤར་ཤར་འབྲི་བར་ནང་བྱན་ཆུད་པ། ཡིག་གཟུགས་མཛེས་ལ་འགྲོས་གཙང་བ་ཡིན་དགོས་པའི་བླང་བྱར་སླེབས་དགོས་པ་རེད་མོད། ཡིན་ན་ཡང་ཡིག་གཟུགས་འབྲི་སྦྱོང་གི་ལས་ཀ་དེའི་ཕྱོགས་སུ་དུས་ཚོད་དང་སེམས་ཤུགས་འབོར་ཆེན་མང་པོ་ཟད་གྲོན་བྱེད་དགོས་པའི་ཕྱིར་ན། ཉེ་བའི་ལོ་ངོ་བརྒྱ་ཕྲག་གཉིས་ཀྱི་རིང་རྒྱུན་འཛིན་བྱེད་པའི་གོ་རིམ་ཁྲོད་དུ། སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་བྲིས་རྒྱུན་ཁྱད་པར་བ་འདི་རྒྱུན་ཆད་ལ་ཉེ་བའི་སྐྱོ་སྡུག་གི་གནས་སུ་ལྷུང་ཞིང་ཕྱི་རབས་བརྒྱུད་འཛིན་པ་ཉིན་སྐར་བཞིན་ཉུང་བའི་དཀའ་གནས་ལ་འཕྲད་ཡོད།

སྒྱུ་རྩལ་གྱི་ནོར་མཆོག་རིན་ཐང་བྲལ་བ་འདི་ཉིད་བརྒྱུད་འཛིན་ལེགས་པོ་བྱེད་པའི་ཆེད་དུ། མགོ་ལོག་ཁུལ་མི་དམངས་སྲིད་གཞུང་དང་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་རྒྱུན་འཛིན་མཁན་ནམ་ཁྱབ་སྤེལ་གཏོང་མཁན་གྱིས་ལས་དོན་འདིའི་ཐད་ལ་སྔ་ཕྱིར་དཀའ་སྤྱད་འབད་བརྩོན་དང་སྐུ་ཚེགས་འོ་བརྒྱལ་ཧ་ཅང་མང་པོ་མྱངས་ཡོད། 2008ལོར། སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་འདི་ཉིད་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་ལས་གཞིའི་མིང་ཐོའི་དཀར་ཆག་ནང་དུ་ཚུད་ཅིང་། འདི་ལྟར་མགོ་ལོག་རྩྭ་ཐང་དུ་བཞད་པའི་སྒྱུ་རྩལ་གྱི་མེ་ཏོག་ངོ་མཚར་ཅན་འདིས་ཡང་བསྐྱར་བརྒྱུད་འཛིན་དང་དར་སྤེལ་གྱི་དཔྱིད་དུས་ཤིག་ངང་གིས་བསུས་ཡོང་བ་རེད།

2013ལོར། སྡེར་ནང་ས་བྲིས་ཀྱི་བོད་ཡིག་བྲིས་གཟུགས་འདི་དངོས་སུ་དེང་རབས་རྩིས་འཁོར་གྱི་ཡིག་གཟུགས་སུ་གསར་འབྱེད་བཀོལ་སྤྱོད་བྱས་ནས། བོད་ཡིག་གན་མཛོད་དུ་བཅུག་པ་རེད། དེ་ལྟར་སྡེར་ནང་ས་བྲིས་ཀྱི་བོད་ཡིག་བྲིས་གཟུགས་འདི་སྔར་ལས་གོ་ཆོད་ནུས་ལྡན་སྒོས་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱེད་ཐུབ་པ་བྱུང་ཡོད།

ད་ལྟ། སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་བྲིས་རྒྱུན་འདི་སྤྱིར་བཏང་གི་མང་ཚོགས་དཀྱུས་མའི་ཁྱིམ་དུ་སླེབས་ཡོད་པར་མ་ཟད། ད་དུང་གྲོགས་ཕན་ཚུན་ལ་ལེགས་སྐྱེས་སུ་འབུལ་བའི་སྒྱུ་རྩལ་བརྩམས་ཆོས་སུའང་གྱུར་ཡོད། མགོ་ལོག་རྩྭ་ཐང་དུ། སློབ་གཉེར་ལ་དུངས་པའི་མི་སྔར་ལས་ཧ་ཅང་མང་པོ་ཞིག་གིས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་འབྲི་སྦྱོང་བྱེད་པའི་མགོ་ཚུགས་ཡོད། བསྟན་པའི་རྒྱལ་མཚན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལྟ་ཁོའི་ཞབས་ལ་བསྟེན་ནས་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་འབྲི་སྦྱོང་བྱེད་པའི་སློབ་མ་ཕལ་ཆེར་བརྒྱ་ཕྲག་ཁ་ཤས་ཡོད་ཅིང་། སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་བྲིས་རྒྱུན་རྩ་སྟོངས་སུ་འགྲོ་ལ་ཉེ་བ་ནས་ད་ལྟ་དངོས་སུ་ཡར་ངོའི་ཟླ་བ་ལྟར་འཕེལ་རྒྱས་འགྲོ་བའི་དུས་རབས་ཕྱོགས་སུ་སྐྱོད་བཞིན་པའི་སྒང་རེད་ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།