རྩྭ་ཐང་དང་མཚེའུ་ཡི་སྔར་གྱི་རྣམ་པ་སླར་གསོ་བྱུང་བ།
2018.12.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 66

ལྷགས་རླུང་འུར་འུར་དུ་ལྡང་བ་དང་། སྔོ་ལྟེམ་ལྟེམ་གྱི་མཚེའུ་མཐའ་མི་མངོན་ཞིང་། བྱ་རིགས་རྣམས་ཁྱུ་དང་ཁྱུ་བྱས་ནས་མཚོ་ངོས་སུ་འཕུར་བཞིན་འདུག ཟླ་བཅུ་གཉིས་པའི་ཟླ་མགོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་མཚོ་སྐྱ་རེངས་འགྲམ་དུ། མིག་གི་མཐོང་ཚད་ཐམས་ཅད་བརྗིད་ཅིང་མཛེས་པ་དང་ལྷིང་འཇགས་ཀྱི་སྣང་བ་ཞིག་དབང་མེད་དུ་སྟེར་བར་བྱེད།

རིན་ཆེན་རིག་འཛིན་གྱིས་ང་རང་གནས་འདི་ནས་སྐྱེས་པ་དང་། ཆུང་ངུའི་དུས་སུ། ཡངས་པའི་ས་གཞི་འདིའི་སྟེང་དུ་ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་ཡོད་ཀྱང་། རྗེས་སུ་ཚད་ལས་བརྒལ་བའི་སྒོ་ནས་ཕྱུགས་ཟོག་འཚོས་པར་བརྟེན་སྐྱེ་ཁམས་ལ་གཏོར་བརླག་ཚབས་ཆེན་ཐེབས་ཏེ། རྩྭ་ཐང་ཡང་རིམ་བཞིན་ཉམས་ཞན་དུ་གྱུར། དེ་ནས་ལོ་ངོ་བཅུ་ལྷག་ལ་དཀའ་སྤྱད་ཀྱིས་བཅོས་སྐྱོང་བྱས་པར་བརྟེན་ནས་གནས་འདི་ད་གཟོད་གསོན་ཉམས་ལྡན་པར་གྱུར། ངའི་ཨ་ཕ་ད་ལྟ་གནས་འདིར་བསྡད་མེད་ཀྱང་། ཁོའི་རེ་བ་ནི་ངས་གནས་འདིའི་ཉིན་མ་རེ་རེའི་འགྱུར་ལྡོག་དེ་པར་ལ་བཏབ་ནས་ཕྱིར་ཡུལ་ལ་ལོག་ན་ཁོ་ལ་ལྟ་རུ་འཇུག་རྒྱུ་དེ་ཡིན་ཟེར།

ད་ལོ་ལོ་ན་སུམ་ཅུར་སླེབས་པའི་རིན་ཆེན་རིག་འཛིན་གྱི་ནག་ཅིང་འོད་འཁྱུག་པའི་ངོ་གདོང་ལ་བརྟན་བརླིང་གི་མདངས་ཞིག་ཤར་ཡོད་པ་དང་། ཁོ་རང་གསོ་སྐྱོང་གནང་སའི་ས་གཞི་འདི་ལ་ཁོས་རང་གི་རྣམ་པ་ལྟར་ཏག་ཏག་ལོ་ངོ་གསུམ་གྱི་རིང་ལ་སྲུང་སྐྱོབ་བྱས་པ་རེད།

རྨ་སྟོད་ཞེས་པ་ནི་རྨ་ཆུའི་འབྱུང་ཡུལ་ཡིན་པས་དེ་ལྟར་མིང་ཐོགས་པ་དང་། དེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་ཁུལ་དུ་གནས་ཡོད་ཅིང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་མུས་སྟོང་བཞི་དང་ལྔ་བརྒྱ་ཡོད་པ་རེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དཀྱིལ་སྙིང་ཁུལ་དུ་ཡོད་པས། རྨ་ཆུའི་འབྱུང་ཁུངས། མཚེའུ་སྟོང་གི་རྫོང་ཞེས་པའི་མཚན་སྙན་ཞིག་ཀྱང་ཐོགས་ཡོད། རྫོང་ནང་ཁུལ་དུ་ཆུ་བོའི་བཞུར་རྒྱུན་མང་ཞིང་། མཚེའུ་མང་ལ། མཚེའུ་ཆེ་ཆུང་སྟོང་ལྔ་ལྷག་ཡོད་པ་རེད།

ཉིས་སྟོང་བཅུ་དྲུག་ལོར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་སྒྲིག་སྲོལ་གྲོས་གཞི་ལ་གྲོས་འཆམ་བྱུང་བ་དང་བསྟུན་ནས། རི་དང་། ནགས་ཚལ། ཆུ། རྩྭ་ཐང་། མཚོ་སོགས་ལ་གཅིག་གྱུར་གྱི་དོ་དམ་བྱེད་པའི་རེ་བ་ལྟར། སྐྱེ་ཁམས་སྲུང་སྐྱོབ་དང་འབྲོག་དམངས་ཡོངས་དབུལ་ཐར་བྱེད་པའི་རྣམ་པ་མངོན་འགྱུར་བྱས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱིས་སྐྱེ་ཁམས་དོ་དམ་ལྟ་སྲུང་བའི་སྤྱི་ཕན་ལས་གནས་རྐྱེན་སྲོལ་དང་སྐྱེ་ཁམས་དོ་དམ་ལྟ་སྲུང་པར་དོ་དམ་སྒྲིག་ལུགས་གཏན་འཁེལ་བྱས། ད་ལྟ་རྨ་སྟོད་རྫོང་དུ་སྐྱེ་ཁམས་དོ་དམ་ལྟ་སྲུང་པ་སྟོང་གསུམ་ཙམ་གྱིས་རང་ཉིད་ཀྱི་ཕ་ཡུལ་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། རིན་ཆེན་རིག་འཛིན་ནི་དེའི་ཁྲོད་ཀྱི་གཅིག་ཡིན། མཚོ་ངོས་ལས་མཐོ་ཚད་ལ་མུས་སྟོང་བཞི་དང་དྲུག་བརྒྱ་ལྷག་ཡོད་པའི་རྨ་ཆུའི་མགོ་ཁུངས་སུ། གདུག་རྩུབ་ཆེ་བའི་རང་བྱུང་ཆ་རྐྱེན་ལས་གཞན་ད་དུང་བཟོད་དཀའ་བའི་ས་མཐོ་ཡང་བྱུང་རྒྱུ་ཡོད་པ་དང་། མྱུར་མོར་གོམ་པ་གཉིས་རེ་སོང་ན་དབུགས་ཀྱང་ལེན་དཀའ་བར་འགྱུར་ལ། འགུལ་སྐྱོད་དྲག་པོ་བྱས་ན་མགོ་ཡོམ་འགོར་ནས་མགོ་བོ་ན་སྲིད་པས། དུས་ཚོད་སྐར་ཆ་ཙམ་ལ་ཡང་ཚེ་སྲོག་དང་འགྲན་རྩོད་བྱེད་བཞིན་པ་དང་མཚུངས།

རིན་ཆེན་རིག་འཛིན་ལ་མཚོན་ནས་བཤད་ན། ཟླ་གཅིག་གི་ཉིན་ཉེར་བརྒྱད་ཀྱི་རིང་ལ། ཁོ་རང་ཉིན་རེར་ཆེས་མ་མཐའ་ཡང་སྤྱི་ལེ་བཅུའི་ལམ་དུ་བསྐྱོད་དེ་བསྐོར་བསྐྱོད་བྱ་བ་སྒྲུབ་བཞིན་ཡོད་པ་དེ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་ཏུ་གྱུར་ཡོད་པ་དང་། བསྐོར་བསྐྱོད་རུ་ཁག་གི་ལྭ་བ་གྱོན་ནས་དཔུང་རྟགས་དམར་པོ་བཏགས་སྟེ། འཕྲུལ་རྟར་ཞོན་ནས་བསྐོར་བསྐྱོད་ལ་འགྲོ་བའི་གཟུགས་བརྙན་དེ་ཡང་རྒྱུན་མཐོང་གི་སྣང་བརྙན་ཞིག་ཏུ་གྱུར་ཡོད།

བསྐོར་བསྐྱོད་དུ་འགྲོ་བའི་ལམ་བར་དུ། བསྐོར་བསྐྱོད་བྱ་བའི་དཀའ་སྡུག་གླེང་སྐབས། རིན་ཆེན་རིག་འཛིན་གྱིས་གློ་བུར་དུ་རྒྱང་ཐག་རིང་བོ་ཞིག་བསྟན་ནས་གདོང་ལ་འཛུམ་ཞིག་ལངས་བཞིན་ང་ཚོར་བཤད་རྒྱུར། བསྐོར་བསྐྱོད་ཀྱི་ལམ་ཚང་མར་ཆ་རྒྱུས་ཧ་ཅང་གསལ་བོ་ཡོད། བསྐོར་བསྐྱོད་བྱེད་སའི་ས་ཐག་ཆེས་ཉེ་ས་ཡང་རང་ཁྱིམ་དང་སྤྱི་ལེ་བཅུའི་མཚམས་སུ་ཡོད་པ་དང་། ཆེས་རིང་བ་ཡང་རང་ཁྱིམ་དང་སྤྱི་བརྒྱ་དང་དགུ་བཅུའི་མཚམས་སུ་ཡོད། བར་དུ་རི་ལམ་མང་པོ་ཡོད་པ་དང་། ལམ་ཡང་མི་བདེ། ཕར་འགྲོ་ཚུར་འོང་ལ་ཉིན་བཞི་ཡས་མས་ཀྱི་དུས་ཚོད་དགོས། ལམ་མཚམས་ཁ་ཤས་སུ་འཕྲུལ་རྟར་ཞོན་ཆོག་པ་དང་། ས་ཆ་ཁ་ཤས་རྟར་ཞོན་ནས་མ་གཏོགས་འགྲོ་མི་ཐུབ་ཟེར།

ཁོའི་ལག་པའི་མཛུབ་མོས་བསྟན་སའི་ཁ་ཕྱོགས་སུ་ལྟོས་པ་ན། རི་དྭགས་རྐྱང་བཞི་ཚང་མའི་མིག་ལམ་དུ་རྒྱུ་ཡོང་བ་དང་། ཁོ་ཚོ་སོས་དལ་བག་ཕེབས་ངང་རྩྭ་ཐང་དུ་རྒྱུ་བཞིན་ཡོད་ལ། དེ་ནི་མཛེས་སྡུག་ལྡན་པའི་རང་བྱུང་གི་རི་མོ་ཞིག་དང་མཚུངས།

རིན་ཆེན་རིག་འཛིན་གྱིས་དགའ་སྤྲོའི་ངང་ངས་རང་ཉིད་ཀྱི་བྱ་བ་འདི་རང་ཉིད་ཀྱི་གཟི་བརྗིད་ཅིག་ཏུ་བརྩིས་ཡོད་པས། དཀའ་ངལ་ཅིག་ཏུ་བསམ་མེད། ད་ལྟ་སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་བཟང་ནས་ཇེ་བཟང་ཡིན་པ་དང་། རི་དྭགས་རྐྱང་དང་རི་དྭགས་གཙོད་སོགས་ང་ཚོ་ཆུང་དུས་སུ་རྒྱུན་དུ་མཐོང་བའི་སྲོག་ཆགས་རྣམས་ཡང་བསྐྱར་རྩྭ་ཐང་དུ་ལོག་པ་དང་། ང་རང་དགའ་སྤྲོ་ཚད་མེད་སྐྱེས་བཞིན་ཡོད་ཟེར།

རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྔོན་འགྲོའི་ཐབས་ཇུས་ལ་རིམ་བཞིན་ཡར་སྐུལ་དང་། རིན་ཆེན་རིག་འཛིན་ལྟ་བུའི་འབྲོག་པ་དཀྱུས་མ་མང་པོ་ཞིག་གི་སྒེར་སེམས་མེད་པར་ཡོད་ཚད་ཕུལ་བ་ལས། ད་ལྟའི་རྨ་སྟོད་རྩྭ་ཐང་དུ་མཚེའུ་སྟོང་གི་རྫོང་ཞེས་པའི་ཉམས་སྣང་ཞིག་ཡང་བསྐྱར་ཤར་ནས། མཚེའུ་གྲངས་ཀ་ཇེ་མང་དུ་སོང་བ་དང་། སྤང་ཤུན་གྱི་ཆ་སྙོམས་ཁེབས་ཚད་རིམ་བཞིན་ཇེ་མཐོར་སོང་བས། རི་སྐྱེས་སྲོག་ཆགས་ཀྱི་རིགས་དང་ཚོགས་པའང་སྔར་ལས་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད།

ཨ་ཕས་ཉིན་འགའི་སྔོན་ལ་ངའི་ཁ་པར་ནང་གི་པར་ལ་བལྟས་རྗེས། དགའ་སྤྲོ་ཆེན་པོ་སྐྱེས་པ་དང་། ངས་ཀྱང་མུ་མཐུད་དུ་གནས་འདིར་སྲུང་སྐྱོབ་བྱས་ནས་ཕ་ཡུལ་གྱི་རྩྭ་ཐང་དང་མཚེའུ་ཡི་རྣམ་པ་སྔར་ལྟར་སླར་གསོ་བྱུང་དུ་འཇུག་རྒྱུ་ཞེས་རིན་ཆེན་རིག་འཛིན་གྱིས་བཤད་པའི་སྐད་ཆའི་ཁྲོད་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ཟབ་མོས་ཁེངས་འདུག་པ་ཚོར་ཐུབ།

                                                                                                                     ལོ་ཙཱ། ཚེ་རིང་སྒྲོལ་མ།