ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྙན་ཞུའི་ནང་བསྟན་དོན། སྔར་ལས་འབྱོར་ཕྱུག་ལྡན་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་སྔར་ལས་སྟོབས་ལྡན་དུ་བཏང་སྟེ། རིགས་སོ་སོའི་མི་དམངས་ལ་ཁག་ཐེག་ཡོད་པ་དང་སྤུས་ཚད་ཡོད་པ། རྩིས་ཐང་ཡོད་པ་བཅས་ཀྱི་འཚོ་བ་ཡག་པོ་ཞིག་རོལ་དུ་འཇུག་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་ནི་རྒྱལ་སྐྱོང་སྲིད་འཛིན་གྱི་གོ་གནས་འབུར་ཐོན་དུ་བཞག་ཅིང་། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ཐེངས་ཤིག་བརྒྱབ་པས། ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་དང་འཕོ་འགྱུར་ཆེན་པོ་བྱུང་། ལོ་ངོ་བཞི་ཙམ་གྱི་རིང་ལ། ཀྲུང་གོའི་མི་དམངས་བྱེ་བ་ལྔ་དང་ས་ཡ་ལྔ་འབུམ་དྲུག་ཁྲི་བཞི་དབུལ་ཐར་བྱས། མ་འོངས་པའི་ལོ་གསུམ་གྱི་ནང་། ད་དུང་མི་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་གསུམ་ཁྲི་ལྔ་དབུལ་ཐར་བྱ་རྒྱུ་རེད། འདི་ནི་ཀུན་གྱིས་དོ་སྣང་བྱེད་པའི་དབུལ་ཕོངས་ཇེ་ཉུང་དུ་གཏོང་བའི་ལག་ལེན་ཡིན་ལ། དཔའ་ཉམས་ལྡན་པའི་རྔམ་བརྗིད་ཀྱི་ཁས་ལེན་ཡང་ཡིན་པས། དབུལ་ཕོངས་མང་ཚོགས་གཅིག་ཀྱང་རྗེས་ལ་ལུས་སུ་འཇུག་མི་རུང་ལ། 2020ལོའི་བར་དུ་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཡོངས་རྫོགས་དབུལ་ཕོངས་ལས་ཐར་བ་ཁག་ཐེག་བྱས་ཏེ། ཀྲུང་གོའི་མི་དམངས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་དུ་འཇུག་དགོས།
ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་ངོ་མང་པོའི་རིང་དམངས་གཉེར་ཁེ་ལས་དབུལ་སྐྱོར་གསར་སྤེལ་བྱ་བར་ཞུགས་པར་ཁྲིད་སྟོན་བྱས་པའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། ཧུར་ཐག་གིས་གནད་འཁེལ་དབུལ་སྐྱོར་བྱ་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཤིང་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་དང་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་། ཞིང་ཆེན་གཟི་བརྗིད་བྱ་བའི་སྐུལ་འདེད་ཚོགས་པ་བཅས་རྩ་འཛུགས་བྱས་ཏེ། མཉམ་དུ“ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་ལ་རོགས་རམ་བྱེད་ཅིང་། ཁེ་ལས་བརྒྱ་ཁྱིམ་ཚང་བརྒྱ་དང་སྦྲེལ་བ”ཞེས་པའི་གནད་འཁེལ་དབུལ་སྐྱོར་གྱི་བྱ་འགུལ་སྤེལ། “གནད”དང“ཁེལ”ལ་ཤུགས་འདོན་པར། དམངས་གཉེར་ཁེ་ལས་ཀྱིས་རང་ཉིད་ཀྱི་ཁྱད་སྟོབས་ལ་བརྟེན་པ་དང་། རོགས་སྐྱོར་བྱ་ཡུལ་གྱི་སྡེ་བའི་དངོས་ཡོད་དང་ཟུང་འབྲེལ་བྱས་ཏེ། ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར། རྩལ་ནུས་གསོ་སྦྱོང་བཅས་ཀྱི་སྟེང་ཤུགས་འདོན་པ་གཙོ་གནད་དུ་བཟུང་ནས་རྩ་འཛུགས་དང་སྐུལ་སློང་བྱས་་པ་དང་། སྡེ་བ་དང་བསྟུན་ནས་ཐབས་ཇུས་ལག་བསྟར་བྱས་ཤིང་། ཁྱིམ་ཚང་དང་བསྟུན་ནས་བྱེད་ཐབས་སྤྱད་དེ། དབུལ་ཕོངས་སྡེ་བར་རོགས་སྐྱོར་བྱས་པ་མ་ཟད། དབུལ་ཕོངས་ཁྱིམ་ཚང་དབུལ་ཕོངས་ལས་ཐར་བའི་ཚད་ཇེ་མགྱོགས་སུ་བཏང་བས་གྲུབ་འབྲས་མངོན་གསལ་བླངས། གནད་འཁེལ་དབུལ་སྐྱོར་གྱི་བྱ་འགུལ་ལ་སྤྱི་ཚོགས་ལས་རིགས་སོ་སོས་དོ་སྣང་ཆེན་པོ་དང་ཏང་ཨུ་དང་སྲིད་གཞུང་གི་གདེང་འཇོག་གང་ལེགས་ཐོབ།
ལོ་ངོ་གཉིས་རིང་ལ་ལག་ལེན་དང་འཚོལ་ཞིབ་བྱས་པ་བརྒྱུད། གནད་འཁེལ་དབུལ་སྐྱོར་བྱ་འགུལ་ལ་དམངས་གཉེར་ཁེ་ལས་ཀྱིས་དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་ལ་ལག་རྡང་སྦྲེལ་ཞིང་། ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར། རྩལ་ནུས་གསོ་སྦྱོང་བཅས་གཙོ་བོ་ཡིན་པའི་དབུལ་སྐྱོར་མ་དཔེ་གྲུབ་ཅིང་། དེས་གནད་འཁེལ་དབུལ་སྐྱོར་ལ་རྨང་གཞི་བརྟན་པོ་བཏིངས། ཡིན་ཡང་ང་ཚོས་གནད་འཁེལ་དབུལ་སྐྱོར་གྱི་འགུལ་སྐྱོད་ནི་བྱེད་ཐེངས་གཅིག་གིས་འགྲུབ་འོང་བའི་དོན་དག་སླ་མོ་ཞིག་མིན་པ་ཤེས་དགོས་ཏེ། ངེས་པར་དུ་ཡུན་རིང་ལ་ཤུགས་འདོན་པ་དང་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་གཏན་འཁེལ་བྱས་པའི་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མིག་མདུན་དུ་སླེབས་ཡོད། རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་སྔར་ལས་ལྷག་པས་སྒོ་ནས་རང་ཉིད་ཀྱི་ཁྱད་སྟོབས་འདོན་སྤེལ་བྱེད་པར་མཐོང་ཆེན་བྱས་ཏེ། བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱེད་པ། དཀའ་སྤྱད་དངོས་སྒྲུབ་བྱེད་པ། མུ་མཐུད་དུ་ཤུགས་འདོན་པ་བཅས་བྱེད་དགོས། དམངས་གཉེར་ཁེ་ལས་པ་དག་གིས་སྔར་ལས་ཀྱང་ཕྱུག་བསྒྱུར་གྱི་འབྱུང་ཁུངས་ལ་བསམ་བློ་བཏང་སྟེ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་སྙིང་སྟོབས་བསྐྱེད་ཕོད་དགོས། འགན་ཁུར་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས། གཟི་བརྗིད་ཀྱི་འདུ་ཤེས་བཅས་ཤུགས་དྲག་པོས་དབུལ་སྐྱོར་འགག་སྒྲོལ་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། དབུལ་ཐར་འགག་སྒྲོལ་གྱི་ཐད་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས།
དབུལ་སྐྱོར་གྱིས་ཐོན་ལས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་དགོས།
ཐོན་ལས་དབུལ་སྐྱོར་ནི་དབུལ་ཐར་མཁྲེགས་གཏོར་ཁྲོད་ཀྱི་ཆེས་གཙོ་བོ་ཞིག་ཡིན་པ་དང་། དབུལ་ཕོངས་ས་ཁུལ་གྱི་མི་རྣམས་དབུལ་ཐར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་ལ། དབུལ་སྐྱོར་མཁྲེགས་གཏོར་གྱི་ཆེས་རྩ་བའི་ཐར་ལམ་ཡིན་པས། དེ་ནི་དབུལ་ཐར་གྱི་བརྟན་འཇགས་རང་བཞིན་དང་རྒྱུན་མཐུད་རང་བཞིན་ལ་འབྲེལ་བ་དམ་པོ་ཡོད།
2017ལོའི་རྒྱལ་ཡོངས་ཀྱི་རིམ་པ་གཉིས་པའི་དབུལ་ཕོངས་ལས་ཕྱིར་འབུད་པར་རེ་ཞུ་བྱས་པའི་དབུལ་ཕོངས་རྫོང་གྱ་ལྔ་ཡི་ཁྲོད། བསྡོམས་པས་རང་ཞིང་གི་དབུལ་ཕོངས་རྫོང་བདུན་གྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་མངོན་འགྱུར་བྱས།
དབུལ་ཐར་བྱས་ཟིན་པའི་རྫོང་སོ་སོར་བལྟས་ཏེ། དེ་དག་གི་དབུལ་ཐར་བརྒྱུད་རིམ་ལ་ཞིབ་ཕྲ་སྒོས་རྒྱུས་ལོན་བྱས་པ་ན། ཚང་མས་རང་ཉིད་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་རྗེས། སྙིང་སྟོབས་ཆེན་པོས་གསར་གཏོད་བྱས་ཤིང་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ལ། ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་རྒྱལ་ཁ་བླངས་པ་རེད།
དཔེ་ཞིག་དྲངས་ན། རྐང་ཚ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ཁྲོད། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ས་བབ་ཆ་རྐྱེན་ལ་གང་ལེགས་སྒོས་བརྟེན་ཞིང་། དུས་མཚུངས་སུ་ཡུལ་སྐོར་དང་དབུལ་སྐྱོར་མཉམ་འདྲེས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོར་བཙུགས་ནས། ཡུལ་སྐོར་ཐོན་ལས་ཆེས་ཆེར་སྒྲུབ་པའི་དུས་མཚུངས་སུ། རོང་འབྲོག་མང་ཚོགས་དབུལ་པོ་རྣམས་ལ་ཧུར་ཐག་གིས་ཡུལ་སྐོར་ལས་གཞི་གསར་འབྱེད་དང་ཞབས་འདེགས་སུ་ཞུགས་དགོས་པའི་སྐུལ་མ་བཏང་བར་བརྟེན། ཁོ་ཚོའི་དབུལ་ཐར་ཕྱུག་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་།
ད་དུང་དཔེ་གཞན་ཞིག་ཡོད་པ་ནི། རྒྱལ་ཡོངས་ཀྱི་ཟ་ལར་རིགས་རང་སྐྱོང་རྫོང་གཅིག་པུ་སྟེ་ཞུན་ཧྭ་རྫོང་གིས་ཟ་ལར་རིགས་ནི་ཐུག་པའི་རིགས་གཡོ་སྐོལ་བྱེད་པར་མཁས་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། “འཐེན་ཐུག་དཔལ་འབྱོར”གཙོ་བོར་བཟུང་སྟེ་དེ་ནི་མི་དམངས་ཕྱུག་པོར་བསྒྱུར་བའི་ཐོན་ལས་སུ་བཟུང་ཞིང་། སྲིད་གཞུང་གིས་མཛུབ་ཁྲིད་བྱེད་པ་དང་རྩལ་ནུས་གསོ་སྦྱོང་། དངུལ་རྩས་རྒྱབ་སྐྱོར། མང་ཚོགས་གཙོ་ཁྲིད་བྱེད་པ་བཅས་ཀྱི་ཐབས་ལ་བརྟེན་ནས། མི་སྔར་ལས་མང་པོ་ཞུན་ཧྭའི་ལས་གཉེར་བྱ་གཞག་གསར་སྐྲུན་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ། ཁོ་ཚོར་ཕྱུག་སྒྱུར་གྱི་ལམ་བུ་ཞིག་སྐྲུན།
རང་ཉིད་ཀྱི་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱེད་པར་མ་ཟད། ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་བརྟེན་ནས་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ན། ད་གཟོད་སྔར་ལས་ལྷག་པར་ལས་ཞུགས་ཀྱི་རྒྱ་སྐྱེད་ཐུབ་ལ། དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་སྒྱུར་བྱེད་པར་ཡང་སྐུལ་འདེད་བྱེད་ཐུབ།
ཐོན་ལས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་ལས་དབུལ་སྐྱོར་ལ་ཤུགས་སྣོན་པའི་བརྒྱུད་རིམ་ཁྲོད། སྲིད་གཞུང་སྡེ་ཁག་གིས་སྔར་ལས་ལྷག་པར་ཞབས་ཞུའི་བྱ་བ་ལེགས་པོར་སྒྲུབ་དགོས།
རོང་འབྲོག་མང་ཚོགས་ཀྱི་དེང་རབས་ཅན་གྱི་བདག་གཉེར་འདུ་ཤེས་གསོ་སྐྱོང་བྱས་ཏེ། ཁོ་ཚོའི་ཚོང་ར་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། རིགས་མི་འདྲ་བའི་གསོ་སྦྱོང་སྣ་ཚོགས་ལ་ཤུགས་བསྣན་ཏེ། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ལག་རྩལ་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པར་མ་ཟད། ཁོ་ཚོར་ཆ་འཕྲིན་གྱི་ཞབས་ཞུ་སྣ་ཚོགས་འདོན་སྤེལ་བྱེད་དགོས། ཆེད་ལས་མཁས་པ་གདན་འདྲེན་ཞུས་ཏེ་ཐོན་ལས་དབུལ་སྐྱོར་གྱི་མཛུབ་སྟོན་ཚན་ཆུང་བཙུགས་ནས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་རིགས་ལམ་གཏན་འབེབས་བྱེད་པ་དང་། དབུལ་ཕོངས་མང་ཚོགས་ལ་དཔྱད་གཞི་འདོན་སྤྲོད་བྱེད་དགོས།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།