དབུལ་ཐར་ཕྱུག་བསྒྱུར་ནི་རང་ཉིད་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས།
2019.01.17 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 36

ཉེ་ཆར། མདོ་ལ་རྫོང་རྫ་དམར་ཞང་ཆུ་དཀར་ཐང་སྡེ་བའི་ཁུང་ཅི་ཆིང་ལ་དགའ་འོས་པའི་དོན་དག་མང་པོ་ཞིག་བྱུང་། དེ་དག་ལས་ཁོ་རང་ཆེས་བློ་ཡིད་ཚིམ་པ་ནི་ཉེ་སྔོན་རྫོང་ཐོག་གི་བྱ་དགའ་སྟེར་བའི་ཚོགས་ཆེན་ལ་ཞུགས་པ་དེ་རེད། ཟླ་བཅུ་པའི་ཚེས་བཅུ་བདུན་ཉིན། མདོ་ལ་རྫོང་གིས་དབུལ་ཐར་ཕྱུག་བསྒྱུར་གྱི་སྔོན་ཐོན་མིག་དཔེ་ལ་གཟེངས་བསྟོད་བྱས་ཤིང་། ཁུང་ཅི་ཆིང་ཚང་དབུལ་ཐར་གཟི་བརྗིད་ཁྱིམ་ཚང་དུ་བདམས། ཁུང་ཅི་ཆིང་གི་ངོ་གདོང་ནག་ཅིང་ལུས་ལ་བབ་ཆགས་ཀྱི་ལུས་རྩལ་ལྭ་བ་སྔོ་དམར་ཞིག་གྱོན་ཡོད་ལ། གསར་འགོད་པའི་མདུན་ནས་ལངས་པ་ན་ཅུང་ཙམ་བག་འཁུམ་པར་སྣང་། “ངེད་ཚང་ལ་བཟའ་མི་བཞི་ཡོད་པ་དང་། ལོ་བཅུའི་སྔོན་དུ་ཆུང་མར་ནད་གཞི་བརྟག་དཔྱད་བྱས་ཏེ་ནུ་མའི་འབྲས་སྐྲན་གྱི་ནད་བྱུང་ཡོད་པ་ཤེས། དུས་ཡུན་རིང་པོར་སྨན་འཐུང་དགོས་ཤིང་ལས་ཀ་ལྗིད་མོ་གང་ཡང་ལས་མི་རུང་། བུ་མོ་གཉིས་ཀ་སློབ་ཆུང་འགྲིམ་བཞིན་ཡོད། ངས་ཆུང་མ་དང་བུ་མོ་གཉིས་ཀྱི་རྒྱུན་ལྡན་འཚོ་བར་བདག་སྐྱོང་བྱེད་དགོས་པས། ཁྱིམ་ནས་ཞིང་ལས་ཙག་ཙིག་འགའ་སྒྲུབ་པ་ལས་ཐབས་མེད་ལ། ཞིང་ས་མུའུ་འགའ་ཡོད་པ་བསྲུངས་ཏེ་ཐབས་ཆག་གི་འཚོ་བའི་རྒྱུན་སྐྱོང་དགོས། ”སྐད་ཆ་འདི་དག་བཤད་སྐབས། ཁུང་ཅི་ཆིང་གི་མགྲིན་པ་བརྣངས་ཏེ་སྐད་གདངས་ལ་ངུ་ངག་འདྲེས་འདུག ཉིས་སྟོང་བཅོ་ལྔ་ལོར། ཁུང་ཅི་ཆིང་ཚང་གི་འཚོ་བ་ཇེ་ལེགས་སུ་འགྲོ་བའི་གོ་སྐབས་ཤིག་བྱུང་སྟེ། ཁོ་ཚང་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དུ་བདམས། དེས་ཁོ་རང་ལ་རང་དམན་གྱི་འདུ་ཤེས་ཅུང་ཙམ་སྐྱེས་སུ་བཅུག དབུལ་སྐྱོར་བྱ་བའི་རུ་ཁག་གིས་ཁོའི་གནས་ཚུལ་གསལ་པོར་རྟོགས་རྗེས། ཁོར་རང་གི་ལས་རིགས་རྙིང་བ་སྟེ་ལུག་གསོ་སྤེལ་འཕེལ་རྒྱས་སུ་བཏང་སྟེ་ཆེས་ཆེར་སྒྲུབ་པའི་སྐུལ་སློང་བྱས། ཁྱིམ་མི་དང་གྲོས་བསྡུར་ཞིབ་ཚགས་བྱས་པ་བརྒྱུད། ཁུང་ཅི་ཆིང་གིས་གཞི་ནས་ལུག་གསོ་སྤེལ་འཕེལ་རྒྱས་སུ་གཏོང་རྒྱུའི་སེམས་ཐག་བཅད། དེའི་ཕྱིར། ཕྱོགས་གཅིག་ནས་ཧུར་ཐག་གིས་མ་དངུལ་གྲབས་གསོག་བྱས་ཤིང་། ཕྱོགས་གཞན་ཞིག་ནས་རང་འགུལ་གྱིས་གསོ་སྤེལ་ཕྱོགས་ཀྱི་སློབ་སྦྱོང་དང་གསོ་སྦྱོང་ལ་ཞུགས་ཏེ། ཉམས་མྱོང་ཡོད་པའི་གསོ་སྤེལ་ཁྱིམ་ཚང་ལས་ཉམས་མྱོང་བླངས་ཤིང་། གསོ་སྤེལ་གྱི་ཉམས་མྱོང་བསགས། ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་ཏུ། ཁུང་ཅི་ཆིང་གིས་ཁོ་ཚང་གི་སྤྱིལ་ཁང་ལ་བསྒྱུར་བཀོད་བྱས་པ་དང་མ་མོ་ཉི་ཤུ་ཉོས་ལ། སྐབས་དེ་ནས་བཟུང་། ཁོས་དུས་ཚོད་དང་སེམས་ཤུགས་ཡོད་ཚད་གསོ་སྤེལ་གྱི་ཕྱོགས་སུ་བཀོལ་ཞིང་། ནུས་ཤུགས་གང་ཡོད་ཀྱིས་སློབ་སྦྱོང་དང་གཟན་ཆས་ལེགས་སྒྲིག་བྱས་ཤིང་། ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་བློ་སེམས་ཞིབ་མོས་ལུག་གསོས་ལ། ཡར་རྒྱུག་མར་རྒྱུག་བྱས་ཏེ་ཚོང་ལམ་ལ་འབྲེལ་གཏུགས་བྱས། ཟླ་དུ་མའི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་མཐར། ཁོའི་མ་མོ་ཉི་ཤུ་རིན་གོང་མཐོན་པོས་བཙོང་ཐུབ་པ་དང་། དཀའ་སྤྱད་འབད་བརྩོན་རྗེས་ཀྱི་འབྲས་བཟང་ཚོར་ཐུབ་པ་བྱུང་། དེས་ཁོའི་ཕྱུག་འགྱུར་གྱི་འདུན་པ་ཇེ་ཆེ་ནས་ཇེ་ཆེར་གྱུར་ཅིང་། ལས་ཅི་ཙམ་བསྒྲུབས་ན་དེ་ཙམ་གྱིས་ངར་ཤུགས་ལྡན་དུ་བཅུག སྤྱིལ་ཁང་གི་རྒྱ་ཁྱོན་སྔོན་ཆད་ཀྱི་སྨི་གྲུ་བཞི་མ་ལྔ་ཅུ་ནས་སྨི་གྲུ་བཞི་མ་བརྒྱ་དང་ཉི་ཤུ་རུ་འཛུགས་སྐྲུན་རྒྱ་སྐྱེད་བྱས་ལ། ལོ་རེའི་ཡོང་སྒོ་རྐྱང་བ་སྒོར་ཁྲི་དྲུག་ལ་སླེབས། ཁུང་ཅི་ཆིང་ཚང་གི་གསོ་སྤེལ་གྱི་གཞི་ཁྱོན་ཇེ་ཆེ་ནས་ཇེ་ཆེར་གྱུར་ཅིང་། ཡོང་སྒོའང་སྔོན་ཆད་དང་བསྡུར་ན་ཇེ་མང་དུ་སོང་ལ། འཚོ་བའི་ཆ་རྐྱེན་ཡང་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན། དབུལ་ཐར་ཕྱུག་བསྒྱུར་བྱས་རྗེས་ཀྱི་ཁུང་ཅི་ཆིང་ནི་དགའ་མགུ་ཡིད་ཚིམ་ཙམ་གྱིས་བསྡད་མེད་ལ། ཁོས་བཀའ་དྲིན་རྟོགས་ཤིང་བཀའ་དྲིན་རྗེས་སུ་དྲན་བཞིན་ཡོད། ཁོས་ནམ་རྒྱུན་རང་གི་ཉེ་འགྲམ་གྱི་མི་ལ་བཤད་རྒྱུར། “ད་ལྟ་ཏང་གི་དབུལ་སྐྱོར་སྲིད་ཇུས་ཇེ་བཟང་ནས་ཇེ་བཟང་ཡིན་པས། ང་ཚོ་དབུལ་ཕོངས་ཁྱིམ་ཚང་རྣམས་ཀྱིས་ཐོག་མར་དབུལ་ཐར་ཕྱུག་བསྒྱུར་གྱི་ཡིད་ཆེས་བརྟན་པོར་འཛུགས་དགོས་ལ། གྱང་རྩ་ནས་ཉི་མར་ལྡེ་བཞིན་སྲིད་གཞུང་གིས་དངུལ་སྒོར་དང་དངོས་པོ་སོགས་སྟེར་བར་སྒུག་པ་དང་། སྲིད་གཞུང་གིས་ང་ཚོར་རོགས་རམ་བྱེད་པར་བསྒུགས་ཏེ་འདུག་མི་རུང་བར། ང་ཚོ་རང་ཉིད་ནས་ཀྱང་རྐང་བ་འགུལ་ཏེ་འགུལ་སྐྱོད་བྱེད་དགོས། གལ་ཏེ་ང་ཚོས་ལས་ཀ་འབད་བརྩོན་བྱས་ཏེ་བསྒྲུབས་ན། དབུལ་ཕངས་ལས་ཐར་མི་ཐུབ་པ་ཞིག་ནམ་ཡང་ཡོད་མི་སྲིད། ད་ལྟ་ང་རང་བདེ་བླག་ངང་དབུལ་ཐར་བྱས་པས། རྗེས་ཕྱོགས་ཀྱི་འཚོ་བའི་ཁྲོད་ངས་ནུས་ཤུགས་ཡོད་རྒུས་སྔར་ལས་མང་པོའི་དབུལ་ཕོངས་ཁྱིམ་ཚང་སྐུལ་ཁྲིད་བྱས་ཏེ་མཉམ་དུ་གསོ་སྤེལ་བྱེད་ངེས་ལ། ཚང་མ་དབུལ་ཕོངས་ལས་ཐར་དུ་བཅུག་སྟེ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་ཡིན།”   
                                                                                                                          རྩོམ་སྒྲིག་པ། སྐར་མ་མཚོ།