མདོ་དབུས་མཐོ་སྒང་གི་ཤར་སྒོ་ལྟ་བུའི་མཚོ་ཤར།
2019.01.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 40

མཚོ་ཤར་གྲོང་ཁྱེར་གྱིས“མཛེས་སྡུག་གི་མཚོ་སྔོན། ཡུལ་སྲོལ་མཚོ་ཤར”གྱི་ཡུལ་སྐོར་ཚོང་རྟགས་ཤུགས་ཆེན་པོས་བསྐྲུན་པ་བརྒྱུད་ནས། “ཤར་ཕྱོགས་ཀྱི་སྒོ་ཆེན། མཚོ་བོད་ཀྱི་ས་ཚིགས་དང་པོ”ཞེས་པའི་ཡུལ་སྐོར་སྣང་བརྙན་ཇེ་མཐོར་བཏང་སྟེ། ཁྱད་ལྡན་ཡུལ་སྐོར་ལས་རིགས་ཀྱི་དོ་མཉམ་ལེགས་སྒྲིག་དང་མགྱོགས་མྱུར་འཕེལ་རྒྱས་མངོན་འགྱུར་བྱས། གྲོང་ཁྱེར་ཡོངས་སུAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་ཉེར་གཅིག་ཡོད་ལ། དེའི་ནང A5རིམ་པ་གཅིག་དང་། A4རིམ་པ་གཉིས། ཞིང་སྡེའི་ཡུལ་སྐོར་སྣ་ཚོགས་ཀྱི་སྣེ་ལེན་ས་ཚིགས་བརྒྱད་བརྒྱ་བཞི་བཅུ། ཡུལ་སྐོར་ལས་གཉེར་པ་ཁྲི་གཉིས་ལྷག་དང་། སྐར་རིམ་མགྲོན་ཁང་ཞེ་དགུ། ཡུལ་སྐོར་ཁང་བཅུ་དྲུག་བཅས་ཡོད། ཟླ་དང་པོ་ནས་ཟླ་བཅུ་པའི་བར་དུ། གྲོང་ཁྱེར་ཡོངས་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་བྱེ་བ་གཅིག་དང་ས་ཡ་གསུམ་སྟོང་དགུ་ལྷག་སྣེ་ལེན་བྱས་པ་དང་དེ་དུས་མཉམ་ལས་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་བརྒྱད་འཕར། ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར་ང་གཉིས་དང་བྱེ་བ་བདུན་ས་ཡ་གཅིག་བླངས་པ་དང་། དེ་དུས་མཉམ་ལས་བརྒྱ་ཆའི་ཉེར་བདུན་དང་གྲངས་ཆུང་བདུན་འཕར། ཡུལ་སྐོར་གྱི་དངུལ་གཏོང་སྒོར་དུང་ཕྱུར་ཞེ་བཞི་དང་བྱེ་བ་བདུན་ས་ཡ་གཅིག་ཡོངས་འགྲུབ་བྱས།

ད་ལོའི་ཚུན་དུ། མཚོ་ཤར་གྲོང་ཁྱེར་གྱིས《མཚོ་ཤར་གྲོང་ཁྱེར་གྱི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་འཆར་འགོད》དང《མཚོ་ཤར་གྲོང་ཁྱེར་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་དམིགས་འཆར་འགོད》《མཚོ་ཤར་གྲོང་ཁྱེར་གྱི་ཞིང་སྡེའི་ཡུལ་སྐོར་དབུལ་ཐར་མཁྲེགས་གཏོར་གྱི་ལོ་ངོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི》བཅས་བསྒྲིགས་ཡོད། ཞིང་སྡེའི་ཡུལ་སྐོར་གྱི་དབུལ་ཐར་ལས་གཞི་ཧུའུ་ཀྲུའུ་ཧོར་རིགས་ཡུལ་སྲོལ་ར་བའིA5རིམ་པའི་ལྗོངས་ཁུལ་དང་རྨ་ཆུ་དང་ཙོང་ཆུའི་ལེ་དབར་བརྒྱའི་རིག་གནས་ཡུལ་སྐོར་བཤམས་སྟོན་ཉམས་ལེན་ས་ཁུལ་དང་། ཞུན་ཧྭ་ཟ་ལར་རིགས་ལྗང་མདོག་གཞིས་ཁྱིམA4རིམ་པའི་ལྗོངས་ཁུལ་རིམ་སྤར། རྨ་ཆུའི་འགྲམ་རྒྱུད་ཀྱི་དཔལ་འབྱོར་རྒྱུད་བཅས་ལམ་ཐིག་གཙོ་བོ་བཞི་བཀོད་སྒྲིག་བྱས་པ་ལྟར། ཡུལ་ཁོངས་ཡོངས་སུ་ཁེབས་པར་ཁག་ཐེག་བྱས། ཞིང་སྡེའི་ཡུལ་སྐོར་གྱི་དབུལ་ཐར་མཁྲེགས་གཏོར་འདུ་ཤེས་ཐད་ནས“ཞིང་སྡེའི་སྐྱེ་ཁམས་ཡུལ་སྐོར”དང“དམངས་སྲོལ་རིག་གནས་ཡུལ་སྐོར”“ཆོས་ལུགས་རིག་གནས་ཡུལ་སྐོར”“རྨ་ཆུའི་ཡུལ་སྲོལ”བཅས་ཚོང་རྟགས་གྲགས་ཅན་ལྔ་འཛུགས་སྐྲུན་བྱེད་པ་འབུར་དུ་དོད། ཞིང་སྡེའི་ཡུལ་སྐོར་གྱི་དབུལ་ཐར་མཁྲེགས་གཏོར་ལག་བསྟར་བྱས་པ་བརྒྱུད་ནས། ལྗོངས་ཁུལ་གཙོ་བོ་དང་ཡུལ་སྐོར་གཙོ་གནད་སྡེ་བའི་རྨང་གཞིའི་སྒྲིག་བཀོད་ལྟོས་བཅས་ཀྱིས་འཐུས་ཚང་དུ་གྱུར་པ་དང་། བགྲོད་ལམ་དང་རྐང་ལམ། སྤྱོད་ཁང་། རླངས་འཁོར་འཇོག་ཡུལ། བྲེལ་བསྟུན་མྱུར་སྐྱོབ་སྒྲིག་བཀོད། ཆུ་འདོན་གློག་འདོན་སྒྲིག་བཀོད། ཡུལ་སྐོར་ལམ་སྟོན་རི་མོ་སོགས་ཕྱོགས་བསྡུས་ཞབས་ཞུ་མ་ལག་ཕལ་ཆེར་འགྲུབ་ཡོད།

ད་ལོར་མཚོ་ཤར་གྲོང་ཁྱེར་གྱིས་རིམ་བསགས་ཀྱིས་ཡུལ་སྐོར་ལས་གཞི་དོན་གཅིག་ལག་བསྟར་བྱས་ཏེ་ཡུལ་སྐོར་ལས་གཞི་སྤྱིའི་མ་དངུལ་སྒོར་དུང་ཕྱུར་ཞེ་བཞི་དང་བྱེ་བ་དུན་ས་ཡ་གཅིག་ཡོངས་འགྲུབ་བྱས། ལས་གཞིས་སྣེ་ཁྲིད་པ་འབུར་དུ་དོད་ནས་ལ་ཅ་རྒྱལ་ཁབ་གནའ་རྫས་དཔྱད་ཞིབ་རྗེས་ཤུལ་སྤྱི་གླིང་དང་གྲོ་ཚང་རྡོ་རྗེ་འཆང་། ལིའུ་ཝན་བཅས“ལོ་རྒྱུས་རིག་གནས་ཚོང་རྟགས་གྲགས་ཅན་གསུམ”གཙོ་བོར་བསྐྲུན། མ་དངུལ་སྒོར་དུང་ཕྱུར་བཅུ་གཉིས་དང་བྱེ་བ་གཅིག་བཏང་ནས་ལ་ཅ་གནའ་རྫས་དཔྱད་ཞིབ་རྗེས་ཤུལ་བཤམས་སྟོན་ཁང་དང་རིག་གནས་བཤམས་སྟོན་ཁང་། དམངས་སྲོལ་སྡེ་བ་ཡུལ་གཞན་དུ་གནས་སྤོར་བ། གྲོ་ཚང་རྡོ་རྗེ་འཆང་ལྗོངས་ཁུལ་གྱི་ཞིང་སྡེའི་ཡུལ་སྐོར་གསར་གཏོད་བྱེད་པ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་པས། ལ་ཅ་རྒྱལ་ཁབ་གནའ་རྫས་དཔྱད་ཞིབ་རྗེས་ཤུལ་སྤྱི་གླིང་གི་ཁག་ཅིག་འགྲུབ་ཡོད་པ་དང་། གྲོ་ཚང་རྡོ་རྗེ་འཆང་གི་སྣང་བརྙན་ཧྲིལ་པོ་མངོན་གསལ་གྱིས་ཇེ་མཐོར་སོང་།

ཡུལ་སྐོར་ཁྱད་ལྡན་གྱི་གྲོང་རྡལ་མིང་གྲགས་དང་སྡེ་བ་མིང་གྲགས་འབུར་དུ་དོད་ནས་འཛུགས་སྐྲུན་བྱས། མ་དངུལ་སྒོར་དུང་ཕྱུར་བཅུ་དགུ་དང་བྱེ་བ་ལྔ་བཏང་སྟེ་ཧུའུ་ཀྲུའུ་ཡི་ནན་མིན་འགག་སྐྱེ་ཁམས་ཡུལ་སྐོར་གྲོང་རྡལ་དང་ཞུན་ཧྭའི་ཁྲ་ཧན་ཏུའུ་སི་གསར་བརྗེའི་ཡུལ་སྐོར་གྲོང་རྡལ། ལའོ་ཏུའུ་ཡི་གྲོ་ཚང་རིག་གནས་ཡུལ་སྐོར་གྲོང་རྡལ། ཕེན་ཨན་ས་ཚིགས་ཀྱི“ཡོན་ཅ་སྡེ་བ། རྨ་ཙོང་བག་ཆགས།”མིན་ཧོ་ཡི་མན་ཕེན་དམངས་སྲོལ་རིག་གནས་གྲོང་རྡལ་ཆུང་བ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། ཧུའུ་ཀྲུའུ་ཡི་ཡིའུ་ཙེ་ཝན་དང་གྲོ་གྲ་ཐང་། མིན་ཧོ་ཡི་ཆི་ལི་སི། དཔའ་ལུང་གི་ཨ་འདར་ཆ་ག་དང་འབུམ་ཁང་ལུང་པ། ཞུན་ཧྭའི་སྟོང་རི་ལྷ་མཚོ་དང་དབྱི་རི་ཧའེ་མེ་ཏོག་ཐང་ཆེན་བཅས་ཀྱི་ལས་གཞི་བསྐྲུན། འཇོན་མིས་སྣེ་ཁྲིད་ནས་ཡུལ་སྐོར་ལས་རིགས་སྤེལ་བ་སྟེ་ཞིང་པའི་ས་ཞིང་གླས་ནས་ལེགས་བསྡུས་ཞིབ་གཉེར་བྱས་པ་དང་། མུའུ་སྟོང་གཅིག་དང་ཉིས་བརྒྱ་ལྷག་ལ་ལྟད་མོ་ལྟ་སའི་མེ་ཏོག་བཏབ་ནས་དབུལ་ཕོངས་ཁྱིམ་ཚང་བདུན་བརྒྱ་ཉི་ཤུ་ཡི་མི་གྲངས་སྟོང་གསུམ་དང་ལྔ་བརྒྱ་བཅུའི་སྣེ་ཁྲིད་ནས་ལས་ཀར་ཚུད་ཅིང་ཡུལ་སྐོར་དབུལ་ཐར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་། སྤྱི་ཚོགས་ཀྱི་མ་དངུལ་ཡུལ་སྐོར་འཕེལ་རྒྱས་ཐད་གཏོང་བར་སྣེ་ཁྲིད་གང་ལེགས་བྱས། མིག་སྔའི་བར་དུ། ཁེ་ལས་ཉེར་གཅིག་དང་མི་སྒེར་ནས་བཙུགས་པའི་ཡུལ་སྐོར་ལས་གཞི་ཉེར་གཅིག་ཡོད་པ་དེར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་རེ་བརྒྱ་དང་བྱེ་བ་བདུན་གཏོང་རྩིས་ཡོད་ལ། མ་དངུལ་སྒོར་དུང་ཕྱུར་ཡན་གཏོང་རྩིས་ཡོད་པའི་ལས་གཞི་བརྒྱད་ཡོད། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བཅུ་བཞི་དང་བྱེ་བ་དྲུག་བཏང་སྟེ་ཡུལ་སྐོར་དང་འབྲེལ་བའི་ཚོང་ར་ཆུང་ཆུང་ཡུལ་གང་དུའང་ཕྱེས་ཡོད།

རྗེས་ཕྱོགས་མཚོ་ཤར་གྲོང་ཁྱེར་གྱིས་རྨ་ཆུ་དང་ཙོང་ཆུའི་རིག་གནས་གཏིང་ཟབ་ཏུ་སྔོག་འདོན་བྱས་ཏེ། རྨ་ཆུ་དང་ཙོང་ཆུའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་རྒྱུད་ཀྱི་འཛུགས་སྐྲུན་ཐད་མགྱོགས་མྱུར་ངང་སྐུལ་འདེད་བྱས་ནས། ལེ་དབར་བརྒྱའི་རྨ་ཆུ་དང་ཙོང་ཆུའི་རིག་གནས་ཡུལ་སྐོར་ངོམ་པའི་ཉམས་ལེན་ཁུལ་འཛུགས་སྐྲུན་བྱེད་རྒྱུ་རེད། ལ་ཅ་རྒྱལ་ཁབ་གནའ་རྫས་དཔྱད་ཞིབ་རྗེས་ཤུལ་སྤྱི་གླིང་དང་ལིའུ་ཝན་རྫ་ཁྲ་རྗེས་ཤུལ་སྤྱི་གླིང་། གྲོ་ཚང་རྡོ་རྗེ་འཆང་ལོ་རྒྱུས་རིག་གནས་ཡུལ་ལྗོངས་ཁུལ་བཅས་རིག་གནས་ཡུལ་སྐོར་བཟོ་འགོད་ཆེན་པོ་གསུམ་གཙོ་བོར་འཛུགས་སྐྲུན་བྱེད་རྒྱུ་རེད། ཧུའུ་ཀྲུའུ་ཧོར་རིགས་ཡུལ་སྲོལ་ར་བའིA5རིམ་པའི་ལྗོངས་ཁུལ་གྱི་རིམ་སྤར་ལ་སྐུལ་འདེད་གཏོང་བ་དང་ཧུའུ་ཀྲུའུ་བྱང་རི། སྟོང་རི་ལྷ་མཚོ། ཡུང་ལུའུ་བཤམས་སྟོན་ཁང་སོགས་ཡུལ་སྐོར་ལྗོངས་ཁུལ་གྱི་རིམ་སྤར་ལ་སྐུལ་འདེད་གཏོང་རྒྱུ་དང་། སྐར་རིམ་ལྔ་ཅན་གྱི་གསོལ་ཁང་གསུམ་ནས་ལྔ་ནང་འདྲེན་བྱེད་རྒྱུ། ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་པ་དང“མཛེས་སྡུག་གི་མཚོ་སྔོན། ཡུལ་སྲོལ་མཚོ་ཤར”གྱི་སྙན་གྲགས་ཇེ་མཐོར་གཏོང་བ། ཁྱོན་ཡོངས་ནས“ཤར་ཕྱོགས་ཀྱི་སྒོ་ཆེན། མཚོ་བོད་ཀྱི་ས་ཚིགས་དང་པོ”ཡི་ཡུལ་སྐོར་སྣང་བརྙན་ཁྱོན་ཡོངས་ནས་བསྐྲུན་རྒྱུ་རེད། ཕེན་ཨན་ས་ཚིགས་ཀྱི་ཡོན་ཅ་སྡེ་བ་དང་ཆི་ལི་སི་སོགས་ཞིང་སྡེའི་ཡུལ་སྐོར་དཔེ་སྟོན་བྱེད་སའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། 2020ལོའི་བར། ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་གྲགས་ཅན་བཅུ་གསུམ་དང་ཡུལ་སྐོར་སྡེ་བ་གྲགས་ཅན་ང་གསུམ་བསྐྲུན་རྒྱུ་དང་། སྡེ་བ་ལྔ་བཅུ་རུ་ཡུལ་སྐོར་དབུལ་སྐྱོར་དམངས་ཕྱུག་གི་འཆར་གཞི་ལག་བསྟར་བྱས་ཏེ། ལོ་གཅིག་གི་ཚོང་གཉེར་ཡོང་སྒོ་སྒོར་བྱེ་བ་ཡན་ལ་བརྒལ་བའི་ཕྱོགས་བསྡུས་རང་བཞིན་གྱི་ཡུལ་སྐོར་རྐང་འཛིན་ཁེ་ལས་བཅུ་སྐྱེད་སྲིང་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།