སྡེ་སྡོད་ལས་བྱེད་པས་སྦྱིན་བདག་ལའོ་ཀྲིན་གྱིས་མི་རིགས་མཐུན་སྒྲིལ་བྱ་འགུལ་སྤེལ་བའི་གནས་ཚུལ་མཚམས་སྦྱོར་བྱེད་བཞིན་པ།
བསྟུད་མར་ཉིན་འགར་ཁ་བ་བབས་རྗེས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་མཐའ་དམར་གོང་མ་སྡེ་བའི་སྡེ་མི་རྣམས་མ་གྲོས་རང་མཐུན་གྱིས་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་གི་སྒོ་ཁར་འདུས་ནས་རྒྱ་ལམ་ཕྱགས་པ་དང་། ཕན་ཚུན་ལ་རོགས་རམ་བྱས་ཏེ་ཁྱིམ་མཚེས་ཀྱི་ཁང་སྟེང་གི་ཁ་བ་ཕྱགས་པའི་དགའ་སྤྲོའི་དགོད་སྒྲ་ལས་སྡེ་བ་རུ་འཆམ་མཐུན་གྱི་རྣམ་པས་ཡོངས་སུ་ཁེངས་ཡོད་པ་ཚོར་ཐུབ།
མཐའ་དམར་གོང་མ་སྡེ་བ་ནི་ཞིང་ལས་གཙོ་བྱས་པའི་བོད་རིགས་དང་རྒྱ་རིགས། ཧོས་རིགས། སོག་རིགས་བཅས་འདུས་སྡོད་བྱས་ཡོད་པའི་རོང་མ་འབྲོག་གི་ས་ཁུལ་ཞིག་ཡིན། ཚ་རྔ་འགག་ནས་ཆབ་ཆ་གྲོང་རྡལ་གྱི་གནས་སྐོར་ལམ་ཐིག་ཏེ་ཆབ་ཆ་གྲོང་རྡལ་ནས་སྤྱི་ལེ་གསུམ་གྱི་མཚམས་སུ་གནས་ཡོད། སྡེ་བ་ཡོངས་སུ་ཁྱིམ་ཚང་བཞི་བརྒྱ་དང་གཅིག་དང་མི་གྲངས་སྟོང་གཅིག་དང་ལྔ་བརྒྱ་རེ་བརྒྱད་ཡོད་པའི་ནང་དུ། བོད་རིགས་མང་ཚོགས་ཀྱིས་བརྒྱ་ཆའི་རེ་བརྒྱད་ལྷག་ཟིན་པ་དང་། སྡེ་བའི་མངའ་ཁོངས་སུ་ཐོན་སྐྱེད་མཉམ་ལས་ཁང་བཞི་ཡོད། མི་རིགས་མང་པོ་འདུས་སྡོད་བྱས་པའི་སྡེ་བ་རུ་ཁྱིམ་མཚེས་ཕན་ཚུན་ལ་རོགས་རམ་བྱེད་པ་དང་། ཆེ་བཀུར་ཆུང་བྱམས་སོགས་ནི་རྒྱུན་ལྡན་གྱི་རྣམ་པ་ཞིག་ཏུ་སྣང་མོད། སྡེ་མཐའ་རུ་གནས་པའི་ལའོ་ཚང་ཞིང་པའི་སྤྲོ་སྐྱིད་ཁང་དུ་ལོ་རེར་བསྡུ་བཞིན་པའི་རིག་རྩལ་སྤྲོ་ཚོགས་དང་། ལོ་ན་དྲུག་ཅུ་ཡན་གྱི་རྒན་པ་རྣམས་ལ་ཉིན་གཅིག་རིང་རིན་མེད་དུ་སྤྲོ་གསེང་གཏོང་དུ་འཇུག་པ་ནི་མཐའ་དམར་གོང་མ་སྡེ་བའི་མི་རིགས་མཐུན་སྒྲིལ་གྱི་དབྱངས་རྟ་གཙོ་ཤས་ཤིག་རེད།
བཞིན་ལ་དཀར་ཤ་དམར་མདངས་རྒྱས་པའི་བུ་མོ་སྒྲོལ་མ་ནི་ལོ་སྔོན་མར་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་ག་གེ་མོ་ནས་མཐར་ཕྱིན་པ་ཡིན་ལ། ལའོ་ཚང་ཞིང་པའི་སྤྲོ་ཁྱིམ་ཁང་དུ་ལས་ཀར་ཞུགས་ནས་ལོ་གཉིས་འགོར་ལ་ཉེ། ཞིང་པའི་སྤྲོ་སྐྱིད་ཁང་དུ་ཡོང་ནས་ཟ་མ་གཡོས་སྦྱོར་གྱི་ལག་རྩལ་སློབ་པ་དང་ཟླ་ཕོགས་སྒོར་མོ་སྟོང་གཉིས་དང་ལྔ་བརྒྱ་རེག་ཐུབ་པ་བྱུང་བ་ནི་དགའ་འོས་པའི་དོན་དག་ཅིག་ཡིན། གསར་འགོད་པར་དེ་ལས་ཉམས་དགའ་ཞིང་སེམས་འགུལ་ཐེབས་སུ་བཅུག་པ་ནི་ལའོ་ཚང་ཞིང་པའི་སྤྲོ་ཁྱིམ་ཁང་གིས་ལོ་རེའི་ཟླ་ལྔ་པའི་ནང་། སྡེ་བ་ཡོངས་ཀྱི་ལོ་ན་དྲུག་ཅུ་ཡན་གྱི་རྒན་པ་རྣམས་ཞིང་པའི་སྤྲོ་སྐྱིད་ཁང་དུ་བོས་ནས་ཉིན་གཅིག་རིང་ལ་རིན་མེད་སྤྲོ་གསེང་གཏོང་བའི་བྱ་འགུལ་དེ་ཡིན། ཚོང་ལས་ཀྱི་ལམ་ཁར་བསྙེགས་མ་ཐག་པའི་ལོ་གཞོན་རྒྱ་རིགས་ལའོ་ཀྲིན་ལ་མཚོན་ན། ལོ་ལོན་བརྒྱ་ཙམ་ཡར་སྐྱེལ་མར་ལེན་དང་ལོ་ལོན་ཚོས་ཟ་འདོད་ཆེ་བའི་ཟ་མའི་རིགས་གཡོ་སྦྱོར་བྱེད་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན།
དབྱར་ཟླ་ལྔ་བའི་ཉིན་མོ་དེར་སྡེ་བའི་ལོ་ལོན་རྣམས་ཕྱོགས་གཅིག་ཏུ་འདུས་ནས་མཉམ་དུ་ཟ་མ་ཟ་བ་དང་། ཐག་འཐེན། ཞབས་བྲོ་དང་གླུ་ལེན་གར་རྩེད་ལ་རོལ་ནས་ཕན་ཚུན་ལ་ཁམས་བདེའི་འཚམ་འདྲི་གནང་གི་ཡོད། “འདི་ནི་མཐུན་སྒྲིལ་གྱི་སྟོབས་ཤུགས་ཤིག་ཡིན་ལ། མི་རིགས་མང་པོ་མཉམ་གནས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཞིག་ཏུ་སེམས་བཞིན་ཡོད”ཅེས་མཐའ་དམར་གོང་མ་སྡེ་བའི་སྡེ་སྡོད་ལས་བྱེད་པ་ཕུར་བ་རྡོ་རྗེ་ཡིས་དེ་ལྟར་བྱ་བར་སྤྱི་སྡོམ་གྱི་ཚུལ་དུ་བཤད།
མི་རིགས་མཐུན་སྒྲིལ་གྱི་སྐོར་ནས་གླེང་མོལ་བྱེད་སྐབས། ལའོ་ཀྲིན་གྱིས་ཉིས་སྟོང་དགུ་ལོ་ནས་གླེང་མགོ་བརྩམས་སོང་། དེ་དུས་ཕལ་ཆེར་སྡེ་བའི་ཁྱིམ་ཚང་གི་ཆ་རྐྱེན་དེ་འདྲ་མི་ལེགས་པའམ་ཡང་ན་བསམ་བློ་རྗེས་ལུས་རེད་ཟེར་ན་དེ་འདྲའི་འོས་འཚམ་མིན་མོད། སྡེ་བའི་ནང་དུ་ཁྱིམ་མཚེས་བར་ཁ་འཛིང་དང་ཅ་ལག་བོར་བརླག་ཏུ་འགྲོ་བའི་སྣང་ཚུལ་མང་བ་དང་། མི་རིགས་མང་པོ་མཉམ་འདུས་བྱས་རུང་ཕན་ཚུན་འགྲོ་འོང་དང་སེམས་གཏམ་གློད་པའི་དུས་ཚོད་ནི་དཀོན་པའི་ཚུལ་དུ་སྣང་། དེ་ནས་ལོ་འགའ་འགོར་རྗེས། རྫོང་དང་གྲོང་རྡལ་རིམ་པའི་ལས་བྱེད་མི་སྣ་རྒྱུན་པར་གཞི་རིམ་དུ་ཡོང་ནས་འབྲེལ་ཡོད་སྲིད་ཇུས་དྲིལ་སྒྲོག་དང་དང་མི་རིགས་མཐུན་སྒྲིལ་སྐོར་ནས་སློབ་གསོ་གཏོང་བ། དེ་མིན་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དཔོན་གཙོ་བྱས་པའི་ཏང་ཡོན་རྣམས་ཀྱིས་རང་དཔེ་གཞན་སྟོན་གྱི་ཚུལ་དུ་བྱ་བར་ཆེ་ཆུང་མི་དགར་བར་གྲོས་བྱེད་པ་དང་རོགས་བྱས་པས་སྡེ་བ་ཡོངས་སྔོན་ལས་ལྡབ་འགྱུར་གྱི་འཕེལ་རྒྱས་སོང་ཡོད།“རང་ལས་ལོ་ན་ཆེ་བའི་རྒན་པ་དག་མཐོང་དུས། སེམས་སུ་ལོ་ན་ཆུང་དུས་སུ་ཁོ་ཚོར་རོགས་འདྲ་བྱེད་མ་ཐུབ་པར་ཕངས་སེམས་སྐྱེས་ཡོང་། མི་སེམས་སྒུལ་བའི་དོན་ཆེན་འདྲ་བསྒྲུབ་མི་ཐུབ་རུང་། ད་བར་ཞིང་པའི་སྤྲོ་སྐྱིད་ཁང་ནས་ཡོང་སྒོ་འཚོལ་ཐུབ་པ་འདི་ཡང་རང་སྡེ་བའི་མང་ཚོགས་ཀྱི་བཀའ་དྲིན་ཡིན་པར་བསམས་ན། ཁོ་ཚོར་དབྱར་དུས་ཟ་མ་རེ་འདྲེན་པ་ནི་འོས་འགན་ཞིག་རེད།”ཅེས་ད་ལོ་ལོ་སོ་བརྒྱད་ལ་ལོན་པའི་ལའོ་ཚང་ཞིང་པའི་སྤྲོ་སྐྱིད་ཁང་གི་སྦྱིན་བདག་ལའོ་ཀྲིན་གྱིས་དེ་ལྟར་བཤད་བྱུང་།
“མི་ཚེ་འདིར་རང་གི་ཁྱིམ་མི་ལས་གཞན་ང་ལ་ཆེས་ཤ་ཚ་མཁན་ནི་ཅུས་མའེ་དང་ལའོ་ཀྲིན་གཉིས་ཡིན།”ད་ལོ་དགུང་ལོ་དོན་གཅིག་ལ་བུད་པའི་ཨ་ནེ་རྒན་མོ་ཆོས་སྐྱིད་ལ་མཚོན་ན། དབྱར་དུས་རང་གི་བུ་དང་མནའ་མ་གཉིས་ས་གཞན་དུ་ཞོར་ལས་ལ་སོང་ཤུལ་དུ་ཧོས་རིགས་བུ་མོ་ཅུས་མའེ་དང་རྒྱ་རིགས་ཕོ་གསར་ལའོ་ཀྲིན་གཉིས་ཀྱིས་རོགས་རམ་གང་མང་གནང་གིན་ཡོད།
ཨ་མྱེས་བློ་བརྟན་ནི་ད་ལོ་དགུང་ལོ་གྱ་བརྒྱད་ལ་ཐོན་ལ་ཉེ་བའི་ཧོར་རིགས་རྒན་པོ་ཞིག་རེད། ཁོ་ཚང་ལ་བཞོན་མ་མེད་པས། ནམ་རྒྱུན་ཞོགས་པའི་དུས་ཚོད་བདུན་སྟེང་། ཨ་ནེ་ཆོས་སྐྱིད་ཀྱི་མནའ་མས་འོ་མ་དམ་བུ་གང་རེ་ཨ་མྱེས་བློ་བརྟན་ཡོད་སར་སྐྱེལ་གྱིན་ཡོད། ཉིན་དེར་ཨ་ནེ་ཆོས་སྐྱིད་ཀྱི་བུ་ཆེ་བ་དང་མནའ་མ། བུ་དང་བུ་མོ་བཅས་མི་བཞི་ཧོས་རིགས་བུ་མོ་ཅུས་མའེ་ཚང་གི་ཁང་སྟེང་གི་ཁ་བ་ཕྱགས་ཏུ་ཡོང་བ་དང་། ཁ་བ་ཕྱགས་ཚར་རྗེས་ཧོས་རིགས་བུ་མོ་ཅུས་མའེ་ཚང་ནས་ཕན་ཚུན་ལ་ཀུ་རེ་རྩེ་ཞོར་མཉམ་དུ་གུང་ཟས་ལ་རོལ།
ཨ་ནེ་ཆོས་སྐྱིད་དང་། ཨ་མྱེས་བློ་བརྟན། ཧོས་རིགས་ཅུས་མའེ། ཞིང་པའི་སྤྲོ་སྐྱིད་ཁང་གི་སྦྱིན་བདག་ལའོ་ཀྲིན་བཅས་ཀྱི་གཏམ་རྒྱུད་ནི་མི་རིགས་མཐུན་སྒྲིལ་དང་འབྲེལ་བའི་དོན་དག་ཆུང་ངུ་ཞིག་ཡིན་རུང་། མཐའ་དམར་གོང་མ་སྡེ་བའི་སྡེ་མི་རྣམས་མི་རིགས་འདྲ་མཉམ་དང་། ཆེ་བཀུར་ཆུང་བྱམས། ཕན་ཚུན་ལ་རོགས་རམ་བྱེད་རྒྱུར་དགའ་བོ་ཡོད་པ་ལས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་སྡེ་བར་འབད་པ་བྱེད་བཞིན་པ་ངང་གིས་རྟོགས་ཐུབ།
མཐའ་དམར་སྡེ་བ་ནི་ཉིས་སྟོང་བཅོ་ལྔ་ལོར་ཆབ་ཆ་གྲོང་རྡལ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་སྔོན་ཐོན་ཚོགས་པ་དང་། ཉིས་སྟོང་བཅུ་དྲུག་ལོར་ཆབ་ཆ་གྲོང་རྡལ་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་འཛུགས་སྐྲུན་བྱ་བའི་སྔོན་ཐོན་ཐུན་མོང་ལ་བདམས་པ་དང་། ཉིས་སྟོང་བཅུ་བདུན་ལོར་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་སྔོན་ཐོན་ཐུན་མོང་བཅས་སུ་བདམས།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།